སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༢༠༡༤ལོའི་ཉི་ཀྲུང་རིག་གནས་ཉིན་མོར་མཚོ་སྔོན་བོད་རིགས་སྒྱུ་རྩལ་ཚོགས་པ་ཐེངས་དང་པོར་ཉི་ཧོང་དུ་མངོན་པ།
སྤེལ་དུས། 2014-10-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྕགས་མོ་བྱམས།

      "ད་ལྟ་ཉི་ཧོང་གི་ཏུང་ཅིན་དུ་༢༠༡༤ལོའི་ཉི་ཀྲུང་རིག་གནས་ཉིན་མོ་"མཚོ་སྔོན་སྣང་བརྙན"ཞེས་པ་སྤེལ་བཞིན་ཡོད། དེ་ནི་མཚོ་སྔོན་མཐོ་སྒང་གི་མཚར་སྡུག་རྒྱུན་རིང་གི་ལོ་རྒྱུས་རིག་གནས་མཚམས་སྦྱོར་བརྒྱུད་བསྒྲགས་དང་། ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་སྤྱི་ཚོགས་དང་རིག་གནས་ཐད་ནས་འགྲོ་འོང་བྱེད་པར་ཤུགས་རྒྱག་པའི་གར་སྟེགས་ཤིག་རེད།"ཟླ༡༠པའི་ཚེས་༨ཉིན། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིང་གི་ཕྱི་འབྲེལ་ཁག་གི་འགོ་གཙོ་གཞོན་པ་ཝུའུ་ཀའོ་ལུང་གིས་གསར་འགོད་པ་ལ། འདི་ནི་མཚོ་སྔོན་གྱིས་ཐེངས་དང་པོར་བོད་རིགས་སྒྱུ་རྩལ་ཚོགས་པ་ཉི་ཧོང་དུ་རིག་གནས་བརྗེ་རེས་བྱེད་དུ་བཏང་བ་ཡིན་ཞེས་བཤད།

ཟླ་༩བའི་ཚེས་༢༦ཉིན་ནས་ཟླ༡༠བའི་ཚེས་༡༩ཉིན་བར། སྐབས་༢༤བའི་ཉི་ཀྲུང་རིག་གནས་ཉིན་མོ་མཚོ་སྔོན་སྣང་བརྙན་ཞེས་པ་ཉི་ཧོང་ཏུང་ཅིན་གྱི་ཉི་ཀྲུང་ཡུལ་གྲོགས་སྡོད་ཁང་གི་མཛེས་རྩལ་ཁང་དུ་སྤེལ་རྒྱུ་རེད། ཀྲུང་གོའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལས་ཚན་སྟེ། མཚོ་སྔོན་རེབ་གོང་གི་ཐང་ག་འདིར་ཆེད་དོན་འགྲེམས་སྟོན་མཛད། མཚོ་སྔོན་ཞིང་ཆེན་བོད་རིགས་ཟློས་གར་ཚོགས་པས་ཏུང་ཅིན་དང་ཐིན་ཙི་ས་གནས་གཉིས་ནས་བོད་ཀྱི་སྲོལ་རྒྱུན་གླུ་གར་དང་ཟློས་གར་འཁྲབ་སྟོན་བྱེད་རྒྱུ་རེད།

ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ཀྲུང་གོའི་མི་རིགས་རིག་གནས་གླིང་གའི་ཁྲོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་སྒྱུ་རྩལ་མཆོག་ཏུ་གྱུར་བ་ཞིག་ཡིན། "ད་ལྟ་ཀྲུང་གོའི་ཐང་ག་ལ་རྒྱུགས་ཆེ་བའི་འབྲི་ཕྱོགས་གསུམ་ཡོད། དེ་དག་ནི་མེན་ཐང་དང་བཀའ་ཁྲི། རེབ་གོང་གི་འབྲི་ལུགས་ཅེས་ཡིན་ཞིང་། དེའི་ཁྲོད་རེབ་གོང་གི་འབྲི་ཕྱོགས་ཀྱི་ཁ་དོག་རྣམ་པར་བཀྲ་བས། ས་ཁུལ་རང་བཞིན་གྱི་ཁྱད་ཆོས་ལྷག་ཏུ་ལྡན།"ཞེས་ཝུའུ་ཀའོ་ལུང་གིས་ངོ་སྤྲོད་བྱས།

ཝུའུ་ཀའོ་ལུང་གིས། ཐེངས་འདིར་ཆེད་དོན་འགྲེམས་སྟོན་མཛད་པའི་ཐང་ག་༣༥མཚོ་སྔོན་རེབ་གོང་གི་ཐང་གའི་ཁོངས་གཏོགས་ཡིན་ལ། ཚང་མ་མཚོ་སྔོན་གྱི་ཐང་གའི་སློབ་དཔོན་ཆེན་མོ་དང་དམངས་ཁྲོད་ཀྱི་མིང་གྲགས་ཆེ་བའི་སྒྱུ་རྩལ་པའི་ལག་ནས་བསྡུ་གསོག་བྱས་པ་ཡིན། "ཐང་ག་སྐོར་འདིའི་རིགས་ཕུན་སུམ་ཚོགས་ཞིང་ཁྱད་རྟགས་མངོན་གསལ་དོད། མཚོ་སྔོན་མི་རིགས་སོ་སོའི་ཡུན་རིང་གི་ལོ་རྒྱུས་དང་ཕུལ་བྱུང་གི་སྒྱུ་རྩལ་གྲུབ་འབྲས་ཡོངས་སུ་ཕྱིར་མངོན་ཐུབ་ཅིང་། ཉི་ཧོང་གི་དམངས་ཚོགས་མང་པོས་མཚོ་སྔོན་མཐོ་སྒང་གི་མཚར་སྡུག་རྒྱུན་རིང་གི་ལོ་རྒྱུས་དང་སྣ་མང་གི་རིག་གནས་ལ་རོལ་མྱོང་བྱེད་ཐུབ"ཅེས་བཤད།

"མཚོ་སྔོན་བོད་ཀྱི་ཟློས་གར་ཞེས་པ་གཙོ་བོ་རྨ་ལྷོའི་ཟློས་གར་ལ་གོ"ཞེས་ཝུའུ་ཀའོ་ལུང་གིས་ངོ་སྤྲོད་བྱས། མཚོ་སྔོན་གྱི་མིང་གྲགས་ཆེ་བའི་ཐང་གའི་སྒྱུ་རྩལ་ཆེད་དོན་འགྲེམས་སྟོན་མཛད་པ་ལས་གཞན། ཟླ་༡༠བའི་ཚེས་༡༥ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས(མཚོ་སྔོན་ཞིང་ཆེན་བོད་རིགས་ཟློས་གར་ཚོགས་པ)ཉི་ཧོང་གི་ཏུང་ཅིན་དང་ཐིན་ཙི་ས་གནས་གཉིས་ནས་བོད་ཀྱི་སྲོལ་རྒྱུན་གླུ་གར་དང་ཟློས་གར་ཚན་པ་དྲུག་འཁྲབ་སྟོན་བྱེད་རྒྱུ་རེད།

"ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་ཕུན་སུམ་ཚོགས་པའི་མངོན་མིན་ཤུལ་བཞག་རིག་གནས་ལས་ཚན་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ལས་ཕྱི་རུ་བསྐྱོད་དུ་བཅུག་སྟེ། ཉི་ཧོང་དང་འཛམ་གླིང་མི་དམངས་ལྷག་ཏུ་མང་པོར་མཚོ་སྔོན་ངོ་ཤེས་པ་དང་། མཚོ་སྔོན་ལ་རྒྱུས་ལོན་པ། མཚོ་སྔོན་དུ་ཡོང་བ་བཅས་བྱེད་དུ་འཇུག་རྒྱུ་ཡིན"ཞེས་ཝུའུ་ཀའོ་ལུང་གིས་བཤད།

"སྤྱིར་བཏང་གི་དམངས་ཚོགས་ཀྱིས་མཛེས་ཤིང་ལེགས་པར་འདོད་པའི་སྒྱུ་རྩལ་ལ་ཚང་མ་དགའ་སྲིད། ང་ཚོས་རིག་གནས་ཕན་ཚུན་བརྗེ་རེས་ཀྱི་སྨྱན་བྱེད་བྱས་པ་ཙམ་ཡིན"ཞེས་ཝུའུ་ཀའོ་ལུང་གིས་བཤད། བརྗེ་རེས་བྱེད་པའི་གོ་རིམ་ཁྲོད། སྒྱུ་རྩལ་གྱི་ཆུ་ཚད་དང་བདག་གཉེར་གྱི་རྣམ་པ་གང་ཡིན་རུང་། ཕྱོགས་གཉིས་ཀས་ཕ་རོལ་བའི་ལེགས་ཆ་མིག་དཔེར་བལྟ་སྲིད། ཝུའུ་ཀའོ་ལུང་གིས། རིག་གནས་སྒྱུ་རྩལ་ལ་རྒྱལ་མཚམས་མེད། དེ་བས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཆབ་སྲིད་འབྲེལ་བས་དམངས་ཁྲོད་རིག་གནས་ཀྱི་བརྗེ་རེས་ལ་ཤུགས་རྐྱེན་མི་ཐེབས། "ཐེངས་འདིའི་རིག་གནས་ཉིན་མོའི་བྱ་འགུལ་ཉི་ཧོང་གི་དམངས་ཚོགས་ལ་ཁ་གཏད་ཡོད་པར། ཚང་མ་དུས་ངེས་མེད་དུ་ཡོང་ནས་བལྟས་ཆོག  ངས་ཉི་ཧོང་དུ་ཐེངས་འདིའི་བྱ་འགུལ་ལ་འབྲེལ་སྦྱོར་བྱེད་སྐབས། ཉི་ཧོང་གི་དམངས་ཚོགས་མང་པོས་ཀྲུང་གོའི་རིག་གནས་ལ་སྤྲོ་སེམས་ཆེན་པོས་ཡིད་འཇོག་བྱེད་བཞིན་ཡོད་པ་ཤེས"ཞེས་བསྟན།

ཁ་བྱང་ཕྱི་མོ། ༢༠༡༤ལོའི་ཉི་ཀྲུང་རིག་གནས་ཉིན་མོར། མཚོ་སྔོན་བོད་རིགས་སྒྱུ་རྩལ་ཚོགས་པ་ཐེངས་དང་པོར་ཉི་ཧོང་དུ་མངོན་པ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060