སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དུས་སྟོན་ཆེན་མོར་ཕྱོགས་བཞིའི་མགྲོན་རྣམས་དགའ་བས་བསུ་སྟེ། 2017ལོའི་ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་ལེགས་འགྲུབ་བྱུང་བ།
སྤེལ་དུས། 2017-08-23   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  པད་མས་བསྒྱུར།
          ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན།  ལྷ་སར་ཞོ་འོ་མའི་རང་མདངས་ཀྱིས་རྒྱང་རིང་བོའི་སྐུ་མགྲོན་བསུ་ཞིང་ལྷ་མོའི་འགྱུར་ཁུག་གྲགས། ཟླ་8པའི་ཚེས21ཉིན་གྱི་དགོང་མོར། 2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དེ་ལྷ་ས་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་ཞིང་།  མཚན་མོའི་ལྷ་སའི་གློག་ཞུའི་འོད་སྟོང་རྣམ་པར་བཀྲ་བ་དང་། ལོ་ངོ་སྟོང་ཕྲག་གི་གནའ་མཁར་དུ་ཆེས་མཛེས་ཤིང་སྡུག་པའི་མཛེས་ལྗོངས་མངོན་ཏེ་དགའ་སྤྲོས་ཁེངས་པའི་ལྷ་སར་གླུ་ལེན་གར་རྩེད་ཀྱི་རྣམ་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམས་དང་མཉམ་དུ་དུས་ཆེན་གྱི་དགའ་སྤྲོ་ལོངས་སུ་སྤྱོད།         

ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
          ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། གྲོང་ཁྱེར་ཞོ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཅན་ཧུང་གིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་བ་དང་། ལྷ་ས་གྲོང་ཨུ་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། ཞོ་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མགོ་མགོ་ཡིས་གཏམ་བཤད་སྤེལ། དེ་རྗེས་བོད་ལྗོངས་ཏང་ཨུ་རྒྱུན་ལས་ཨུ་ཡོན་དང་། ལྷ་ས་གྲོང་ཨུ་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས“2017ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་གྱི་འགོ་ཚུགས་སོང”ཞེས་ཁྱབ་བསྒྲགས་བྱས།

《བཀྲ་ཤིས་པའི་རྔ་སྒྲ》

《 བོད་བྱང་ཐང་གི་བུ་མོ་》 
          དེའི་རྗེས་སུ། ཡུལ་དངོས་ཀྱི་འགོ་ཁྲིད་དང་ལྟད་མོ་བས་མཉམ་གཅིག་ཏུ་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་ལ་བལྟས་ཤིང་། དགོང་ཚོགས་ཀྱི་བཀོད་པ་རྒྱ་ཆེ་ཞིང་བརྗིད་ཉམས་ཆེ་བས་མི་རྣམས་ཀྱི་ཡིད་དབང་འགུགས་པ་དང་། དེར《 བཀྲ་ཤིས་པའི་རྔ་སྒྲ》 དང་། 《ཞོའི་དྲི་ཞིམ》《བདེ་སྐྱིད་ལྡན་པའི་ལྷ་ས》《ལོ་ངོ་སྟོང་གི་དུས་ཆད》《གླིང་གའི་བསྟོད་གླུ》སོགས་འཁྲབ་ཚན་བཅུ་གཉིས་ཡོད་ཅིང་། དགོང་ཚོགས་ཧྲིལ་བོ་གླུ་གར་གྱི་སྒྱུ་རྩལ་རྣམ་པས་ལྷ་སའི་ཉེ་བའི་ལོ་འགའི་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་དང་འགྱུར་ལྡོག་གསར་བ་བྱུང་བ་འབུར་དུ་མཚོན་པར་བྱས་ཡོད།

《བདེ་སྐྱིད་ལྡན་པའི་ལྷ་ས》
          ལྷ་ས་ཉིད་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཆེས་དྲགས་པའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས། གྲོགས་པོ་དེ་བས་མང་པོའི་ཡིད་སེམས་བཀུགས་ཏེ་ལོ་ངོ་སྟོང་ཕྲག་ལྷག་ལྡན་པའི་ཞོ་སྟོན་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་དུ་བཅུག་ཅིང་། དེང་གི་ཞོ་སྟོན་གྱིས་སྲོལ་རྒྱུན་རྒྱུད་འཛིན་བྱས་ཡོད་ལ་དུས་རབས་ཀྱི་འཕེལ་རྒྱས་ཀྱི་རྗེས་སུའང་འབྲངས་ཡོད་དེ། ཚེ་རིང་བསམ་གྲུབ་སོགས་ཀྱིས་གླུ་དབྱངས་བླངས་པ་དང་། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གླུ་གར《བདེ་སྐྱིད་ལྡན་པའི་ལྷ་ས》ཡིས་ལྷ་ས་དེ་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་བྱས་པའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་དང་རྣམ་པ་གསར་བ་ཞིག་ལེགས་པོར་འགྲེལ་བཤད་བྱས་ཡོད།

《ལོ་ངོ་སྟོང་ཕྲག་གི་དུས་ཆད》 ཝང་ཧྲུའུ་ཡིས་པར་བླངས།
          ལྷ་སའི་ཞོ་སྟོན་དེ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཤིག་ཡིན་པའི་ཆ་ནས་རྒྱུད་འཛིན་དང་འཕེལ་རྒྱས་ཧ་ཅང་བཟང་པོ་བྱུང་ཡོད་ཅིང་། དེའི་ཁྲོད་དུ་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཟློས་གར་ཡོད་པར་མ་ཟད། ད་ལྟའི་བར་དུ་སྐྱེས་སྟོབས་འབར་བའི་གསོན་ཤུགས་དང་མཚོན་ཤུགས་རྒྱུན་སྲིང་བྱས་ཡོད། དཔལ་ལྡན་དབང་ཕྱུག་དང་མེ་ཏོག་གཉིས་ཀྱིས་མཉམ་ལེན་བྱས་པ་དང་། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་དང་ཞོལ་པ་ལྷ་མོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་བོད་ཀྱི་ཟློས་གར《ལོ་ངོ་སྟོང་གི་དུས་ཆད》ཅེས་པས་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་འཚོ་བར་རྔ་བརྡུངས་པ་དང་། རྒྱལ་སྲིད་ཞི་བདེའི་དུས་སྐབས་ལ་དྲིན་ཚོར་གྱི་བཀྲ་ཤིས་སྨོན་འདུན་ཞུས་ཡོད།

《ཞོ་སྟོན་དང་ཁ་ཆད་བཞག་པ》
          ཚེ་རིང་དབྱངས་འཛོམས་དང་། ཀརྨ་མེ་ཏོག་སོགས་ཀྱིས་མཉམ་ལེན་བྱས་པ་དང་། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་སོགས་ཀྱིས་འཁྲབ་སྟོན་བྱས་པའི《ཞོ་སྟོན་དང་ཁ་ཆད་བཞག་པ》དེ་འགོ་ཚུགས་མཛད་སྒོ་ཡོངས་ཀྱི་མཇུག་གདངས་ཡིན་ཞིང་། ཞོ་སྟོན་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་མགྲོན་པོ་རྒྱ་ཆེན་པོས་བསུས་ཏེ། ནས་དྲི་ཕྱོགས་བཞིར་མཆེད་ཅིང་སྙེ་མ་རླབས་ཀྱིས་འཕྱུར་བའི་ཟླ་བརྒྱད་པར་མཉམ་གཅིག་ཏུ་བོད་ལྗོངས་འཕེལ་རྒྱས་བྱུང་བ་སྔར་ལས་འོད་སྟོང་འབར་བར་སྨོན་འདུན་ཞུས་པ་དང་། བློ་སེམས་གཅིག་གིས་མེས་རྒྱལ་གྱི་སང་ཉིན་དེ་བས་མཛེས་ཤིང་ལྟ་ན་སྡུག་པོའི་སྨོན་འདུན་ཞུས།

ཀྲུང་གོའི་ལྷ་ས་ཞོ་སྟོན་གྱི་མགོ་ཚུགས་མཛད་སྒོ་བདེ་ལེགས་ངང་མཇུག་སྒྲིལ་བ།
          ཞོ་སྟོན་ནི་ལྷ་ས་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་ཞིང་། ལོ་རེའི་བོད་ལུགས་ཀྱི་ཟླ་བདུན་པའི་ཚེས་གཅིག་ནས་ཚེས་བདུན་བར་དུ་སྤེལ་བ་ཡིན། དང་ཐོག་དེ་ནི་སྤྱི་ལོའི་དུས་རབས་11པའི་དུས་དཀྱིལ་ནས་དར་ཞིང་ལོ་ངོ་ཆིག་སྟོང་ལྷག་རིང་གི་ལོ་རྒྱུས་ཡོད་པ་རེད།  1994 ལོར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཞོ་སྟོན་གཙོ་སྒྲུབ་གནང་བ་ནས་བཟུང་ལོ་ངོ་སྟོང་གི་ཞོ་སྟོན་ལ་རྒྱུན་ཆད་མེད་པར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྦྱིན། དེང་སང་། ཀྲུང་གོའི་ལྷ་སའི་ཞོ་སྟོན་དེ་ལྷ་སའི་གཟུགས་བརྙན་ངོམས་པ་དང་། ས་མཐོའི་ཉམས་འགྱུར་མཚོན་པའི་མིང་བྱང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཟིན། 
          ད་ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་བརྗོད་གཞི་ནི“ མཐུན་སྒྲིལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དྲོན་མོ་དང་། བདེ་ཐང་བདེ་སྐྱིད་ལྡན་པའི་གནས་མཆོག་ལྷ་ས”ཞེས་པ་ཡིན་ཞིང་། ཟླ8པའི་ཚེས21ཉིན་ནས་ཚེས27ཉིན་བར་དུ།ལོ་ངོ་སྟོང་ཕྲག་ལྷག་རིང་རྒྱུན་འཛིན་བྱས་པའི་ཞོ་སྟོན་རིག་གནས་གཙོ་བོ་བྱས་ཏེ་གོས་སྐུ་བཤམས་པ་དང་།  ཕུལ་བྱུང་གི་ལྷ་མོའི་འཁྲབ་སྟོན། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ངོམས་པ་དང་གནམ་མཚོར་རྐང་ཐང་གིས་བསྐྱོད་པའི་ཚོགས་ཆེན་དང་། ལྷོ་ནུབ་ཞིང་ཆེན་དྲུག་གི་པར་ལེན་འགྲེམས་སྟོན། ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་མིང་རྟགས་འགོད་པའི་མཛད་སྒོ་སོགས་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་རབ་དང་རིམ་པ་བརྒྱུད་ནས་ལོ་རྒྱུས་དང་དངོས་ཡོད་བསྣོལ་འདྲེས་དང་།  རྒྱུན་འཛིན། གསར་གཏོད་མཉམ་འདྲེས་དང་། ཚན་རྩལ་དང་མི་ཆོས་དཔལ་གྱིས་ཕྱུག་པ་དེ་དག་གིས་ལྷ་སའི་ལས་རིགས་སོ་སོའི་གྲུབ་འབྲས་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་གང་ལེགས་སྒོས་མངོན་ཏེ་ལྷ་སའི་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་། མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716