སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་མགུར་གླུའི་བྱུང་འཕེལ་སྐོར་གླེང་བ།
སྤེལ་དུས། 2017-11-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཕུན་ཚོགས་ཡོན་ཏན།
           བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག
           སྔོན་གྱི་ལོ་རྒྱུས་ཡིག་ཚང་ཁག་དང་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ལས་ར་འཕྲོད་བྱུང་བ་ལྟར་ན།   ད་ནས་བརྩིས་པའི་ལོ་ངོ་ཁྲི་ཕྲག་མང་པོའི་གོང་ནས་འཛམ་གླིང་ཡང་རྩེའི་ཞིང་ཁམས་འདིར་འགྲོ་བ་མིའི་རིགས་བྱུང་ཡོད་པ་བདེན་དཔང་བྱས་ཤིང་།   བསྐལ་པ་ཡ་ཐོག་གི་དུས་ནས་བཟུང་སྟེ་རང་རེའི་ཕ་མེས་ཡང་མེས་རྣམས་ཀྱིས་ཡུལ་འདི་འདུལ་སྦྱོང་བྱས་ཏེ།   ཡུལ་འདིར་ཁྱིམ་གཞི་བཙུགས་ཤིང་ཡུལ་འདིའི་བདག་པོ་བྱས།   ཇི་སྐད་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་(1392-1481)གྱིས་“བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར།   ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་”①ཅེས་གསུངས་པ་ལྟར།   འཛམ་གླིང་ཡང་རྩེར་གྲགས་པའི་བོད་ཡུལ་འདི་ཡི་ཐུན་མོང་མ་ཡིན་པའི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་དང་བཅུད་ཀྱི་སེམས་ཅན་གྱི་གྲུབ་ཚུལ་སོགས་བོད་ཀྱི་ལོ་རྒྱུས་བསྟན་བཅོས་《དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་》ལས་“སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ།   །བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ།   །སྨད་ཀྱི་མདོ་ཁམས་སྒང་གསུམ་ཞིང་ལྟ་བུ།   །”②ཞེས་དང་།   “མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང་།   །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་།   །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་།   །”③ཞེས་གསལ་ཞིང་།   ཡང་དེ་ཉིད་དུ་“ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར།   །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།   །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡིན།   །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་།   །”④ཞེས་རང་རེའི་མེས་པོ་རྣམས་ཀྱིས་ཟས་སུ་ཤིང་འབྲས་དང་འབྲུ་རྒོད་ཟ་ལ།   གོས་སུ་རི་དྭགས་ཀྱི་པགས་པ་དང་ཤིང་ལོ།   འདུག་གནས་ནགས་ཁྲོད་དང་བྲག་ཕུག་ཏུ་བྱས་ནས་དུས་ཡུན་རིང་པོའི་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བར་རོལ་ཞིང་།   དེའི་རིང་རུས་རྒྱུད་ཚོ་པ་མང་དུ་འཕེལ་བ་ནས་ཕྱིས་རྒྱལ་ཕྲན་མང་དུ་འཕེལ་བ་ཡིན་ཏེ།   གནོད་སྦྱིན་དང་བདུད་སྲིན།   ཀླུ་བཙན་སོགས་གདོད་མའི་དུས་སུ་ཡུལ་གྲུ་འདིར་འཚོ་བར་རོལ་མྱོང་བའི་ཚོ་པའམ་རྒྱལ་ཕྲན་ཁྲོད་ཀྱི་མི་རྒན་ཉམས་མྱོང་ཅན་ནམ་དབང་ཐང་ཆེ་བ་འགའ་ཞིག་གིས་རིམ་བཞིན་དབང་བསྒྱུར་བྱས་པར་གསལ།
          སྒོས་སུ་《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་ཚོགས་ཀྱི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་》ཞེས་པར་“བོད་ཡུལ་མ་སང་སྤུན་དགུས་དབང་བྱས་ཏེ།   །ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས།   །སྔ་རྟགས་མདའ་གདུང་མཚོན་ཆ་བརྩེ་བ་དང་།   །བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང་།   །དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས།   །ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས།   །སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང་།   །གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང་།   །”⑤ཞེས་སོགས་བྱུང་ཞིང་།   ཟ་རམ་སྐྱེས་དྲུག་གིས་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ལ་དབང་སྒྱུར་བྱེད་སྐབས་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པ་མཚོན་བྱེད་གླུ་གར་རོལ་རྩེད་བྱེད་པའི་སྲོལ་ཐོག་མར་བྱུང་བར་གྲགས་ཤིང་།   དོན་དམ་སྨྲ་བའི་སེང་གེས་ཀྱང་“བརྒྱ་ནི་རྒྱ་གར་ཆོས་གླུ་བྱུང་།   བརྒྱ་ནི་རྒྱ་ནག་རྩིས་གླུ་བྱུང་།   བརྒྱ་ནི་ཞང་ཞུང་བོན་གླུ་བྱུང་”⑥ཞེས་རང་རེའི་མེས་པོ་ཚོས་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་ཕྱི་སྣོད་འཇིག་རྟེན་ཁམས་ཆེན་པོ་དང་འབྲེལ་གཏུགས་བྱུང་བ་ལས།   ནང་སེམས་སུ་དགའ་སྤྲོ་དང་སྐྱོ་སྡུག་སོགས་ཀྱི་ཚོར་སྣང་ཇི་སྙེད་སྐྱེས་པ་དང་བསྟུན་ནས་བྱུང་བའི་འཇིག་རྟེན་གྱི་ལྟ་བ་དང་།   མཛེས་སྤྱོད་ཀྱི་ལྟ་བ།   རིན་ཐང་གི་ལྟ་བ།   ཚེ་སྲོག་གི་ལྟ་བ་སོགས་ཚུད་པའི་བསམ་བློའི་མྱོང་ཚོར་རིམ་བཞིན་འཕེལ་རྒྱས་ཕྱིན་འབྲས་སུ་གདོད་མའི་རང་བྱུང་ཆོས་ལུགས་བོན་དང་འབྲེལ་བའི་བོན་གླུ་སོགས་བྱུང་བ་ལགས།
          དེ་བཞིན་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་དགུ་བརྒྱའི་ཡས་མས་སུ་སྟོན་པ་གཤེན་རབ་མི་བོ་ཆེས་གདོད་མའི་བོན་གྱི་བསམ་བློའི་རྨང་གཞིའི་ཐོག་སྔར་བས་མི་སྤྱོད་དང་འཚམས་པའི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་བཏོད་པས།   སྐབས་དེར་གླུ་གར་རོལ་དབྱངས་ཀྱང་ལུགས་དེའི་དགོས་མཁོ་བཞིན་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་སྟབས་དེའི་ཐད་འཕེལ་རྒྱས་སུ་ཕྱིན་ཡོད་པར།   བོན་གྱི་ལོ་རྒྱུས་གླེགས་བམ་《མི་ནུབ་མཚན་མདོ་》སོགས་ལས་“ལ་ལ་ཞིག་ནི་ཤོན་འཁྲབ་བོ།   ལ་ལ་ཞིག་ནི་བྲོ་བརྡུང་ངོ་།   ལ་ལ་ཞིག་ནི་གར་བྱེད་དོ།   ལ་ཞིག་ནི་གླུ་དབྱངས་ལེན་ནོ།   ”⑦ཞེས་གསལ་བ་མ་ཟད།   ཁྱད་པར་དུ་“གཤེན་རབ་བླ་མ་ཐུགས་བརྗེའི་མངའ་བདག་ནི།   མཐར་ལམ་བདེ་འབྱེད་སྟོང་གསུམ་ཡོངས་ཀྱི་དཔལ།   །ཐུགས་ཀྱི་འོད་ཟེར་མ་རིག་མུན་པ་སེལ།   མགུར་གྱི་དབྱངས་ཀྱིས་འཁོར་བའི་མྱ་ངན་སངས།   །”⑧ཞེས་སྐབས་དེ་ཤེད་ནས་ཡོངས་སུ་དར་བའི་མགུར་གྱི་བྱུང་འཕེལ་ལོ་རྒྱུས་སྐོར་བསྡུས་པ་འདི་ཙམ་ཞིག་སྤྲོས་པར་བྱེད་པའི་སྤོབས་པ་ཁོ་བོ་ལྟ་བུའི་བློ་བརྟུལ་བ་དག་གི་སྤྱོད་བྱའི་འོས་སུ་མི་ཆེ་མོད།   འོན་ཀྱང་འབྲེལ་ཡོད་ཚད་ལྡན་ཡིག་ཚང་ཁག་དང་སློབ་དཔོན་རིན་པོ་ཆེ་དག་གི་དྲི་མེད་གསུང་རྒྱུད་ལ་བརྟེན་ནས་གནད་འདིའི་ཐད་ཀྱི་ལོ་རྒྱུས་སྟོང་ཆ་་ཙམ་གསབ་ཅི་ཐུབ་བྱེད་པའི་འདུན་པ་དང་བཅས་བྲིས་པར་བྱས་པ་ལ།   ཁོ་བོ་རང་ཉིད་ཀྱི་རིག་གནས་ཆུ་ཚད་དམན་ཁར།   ལག་ལེན་གྱི་ཉམས་མྱོང་ཞན་པ་དང་ཐོས་བསམ་གྱི་འཇུག་པ་ལྷོད་པ་སོགས་ཀྱི་རྐྱེན་ལས་འགལ་འཁྲུལ་ཆད་གསུམ་ཅི་རིགས་ཡོང་ངེས་ཡིན་པ་ནི་གདོན་མི་ཟ་བས་གཟུ་བོར་གནས་པའི་དཔྱོད་ལྡན་དག་གི་རིན་བྲལ་དགོངས་འཆར་རྣ་བའི་དཔྱིད་དུ་འཇོ་བར་ཞུ།  
          དང་པོ།   གདོད་མའི་དུས་ཀྱི་མགུར་གླུའི་སྐོར།  
          དེ་ཡང་དུས་ཀྱི་ཆུ་རྒྱུན་ལྡོག་དུ་མེད་པར་རྒྱུགས་པའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་པོའི་ཁྲོད།   ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ།   སེམས་རྒྱུད་དྲང་ལ་བརྩེ་སེམས་ཀྱིས་ཕྱུག་པའི་བོད་རིགས་མི་དམངས་ཀྱིས་རང་ཉིད་འཚོ་སྡོད་བྱ་ཡུལ་གྱི་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ངོས་འཛིན་དང་འབྲེལ་འདྲིས་བྱས་པ་བརྒྱུད།   རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་རྩལ་ལ་བརྟེན་ནས་ཚར་དུ་དངར་བའི་ངག་ཐོག་གི་བརྩམས་ཆོས་རབ་དང་རིམ་པར་བརྩམས།   ཡང་སྒོས་བོད་ནི་གླུ་གར་རྒྱ་མཚོར་གྲགས་ཤིང་བོད་མི་རིགས་འདི་བཞིན་གླུ་གར་ལ་ཞེན་པའི་མི་རིགས་ཤིག་ཡིན་ཙ་ན།   གདོད་མའི་དུས་ནས་འཚོ་སྡོད་བྱེད་པའི་ཡུལ་ཁམས་སུ་གླུ་ལེན་གར་འཁྲབ་བྱེད་པའི་སྲོལ་ས་དར་རྡོ་དར་ཡིན་པའི་ཁ་ཚོན་བཅད་ཆོག་པ་ཞིག་ཡིན་ཏེ།   《སྲིད་པ་ཆགས་གླུ་》དང་།   《སྲིད་པས་བ་ཆུང་བཤས་པའི་གླུ》།   《ཨ་ཆགས་ཆགས་ལ་ཆགས་དགུ》།   《ཨ་མཚར་མཚར་ལ་མཚར་དགུ》ལ་སོགས་ཀྱི་གདོད་མའི་གླུ་ཚིག་དག་དུས་ད་ལྟའང་ང་ཚོའི་མིག་ལམ་དུ་མངོན་ཞིང་།   ད་དུང་དེ་དང་དེ་འདྲ་བའི་གདོད་མའི་གླུ་ཚིག་མི་ཉུང་བ་ཞིག་གནའ་བོའི་ངག་རྒྱུན་མ་ཆད་པར་རྒད་པོ་རྒད་མོ་ཚོའི་སྨྲ་སྒོར་གནས་ཡོད་པར་ངེས།   སྐབས་བསྟུན་གླེང་བའི་མགུར་དུ་གྲགས་པ་འདི་ཡང་སྔར་གྱི་ལོ་ཟླའི་འཁོར་འགྲོས་ནང་རང་རེའི་མེས་པོ་ཚོས་རང་གི་བསམ་པའི་འགྱུར་བ་ཅི་རིགས་པའམ་སྤྱི་ཚོགས་ཀྱི་སྣང་ཚུལ་ཅི་རིགས་པ་དག་བརྗོད་པར་འདོད་པའི་དོན་རྣམས་དབྱངས་ཀྱི་རྟ་ལ་བསྐྱོན་ནས་མཚོན་པར་བྱེད་པའི་ཐབས་ཁྱད་པར་ཅན་ནས་མཆེད་པའམ་ཡང་ན་དེའི་རྨང་གཞིའི་ཐོག་འཕེལ་རྒྱས་སུ་ཕྱིན་པ་ཞིག་དང་།   གཞན་ཡང་གདོད་མའི་རང་བྱུང་ཆོས་ལུགས་(བོན་ཆོས་)ནི་ས་མཐོའི་མེས་པོ་རྣམས་ཀྱིས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་ཕྱི་སྣོད་ཀྱི་རང་བྱུང་ཁམས་ཆེན་པོ་དང་འབྲེལ་གཏུགས་བྱུང་བ་ལས།   ནང་སེམས་སུ་དགའ་སྤྲོ་དང་སྐྱོ་སྡུག་སོགས་ཀྱི་ཚོར་སྣང་ཇི་སྙེད་སྐྱེས་པ་དང་བསྟུན་ནས་བྱུང་བའི་འཇིག་རྟེན་གྱི་ལྟ་བ་སོགས་ཚུད་པའི་བསམ་བློའི་མྱོང་རྟོགས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པའི་ཐོག་མའི་བློ་གྲོས་ཀྱི་འབྲས་བུ་ཞིག་ཡིན་ལ།   གདོད་མའི་བོན་རིགས་སུ་“ཡར་གཡེན་གཉན་པོ་བཅུ་གསུམ།   བར་གཡེན་གཏོད་པོ་དགུ།   ས་གཡེན་ཆེ་བ་བཅུ་གཅིག་”⑨སོགས་ལས་“གླུ་བོན་དབྱངས་སྙན་”དང་“ཟེར་བོན་གདངས་སྙན་”གཉིས་ནི་བོན་གཞན་དང་མི་འདྲ་བར་མཆོད་ཚིག་གམ་གཟུངས་སྔགས་སོགས་དབྱངས་རྟར་བསྐྱོན་ནས་གྱེར་བ་ཞིག་ཡིན་པས།   གདོད་མའི་བོན་རིགས་དེ་དག་གི་མཆོད་ཚིག་གམ་གཟུངས་སྔགས་སོགས་དབྱངས་རྟར་བསྐྱོན་ནས་གྱེར་བར་བྱེད་པའི་དབྱངས་རྟ་དེ་སྐབས་འདིར་གླེང་བའི་མགུར་གྱི་དབྱངས་རྟའི་ཆ་ཤས་ཤིག་ཏུའང་གྱུར་སྲིད་པ་ནི་སུས་ཀྱང་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་དངོས་བྱུང་གནས་ཚུལ་འབའ་ཞིག་གོ།
           དེ་བཞིན་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་དགུ་བརྒྱའི་ཡས་མས་སུ་སྟོན་པ་གཤེན་རབ་མི་བོ་ཆེས་གདོད་མའི་བོན་གྱི་བསམ་བློའི་རྨང་གཞིའི་ཐོག་སྔར་བས་མི་སྤྱོད་དང་འཚམ་པའི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་བཏོད་པས་སྐབས་དེར་མགུར་ཀྱང་ལུགས་དེའི་དགོས་མཁོ་བཞིན་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་སྟབས་དེའི་ཐད་འཕེལ་རྒྱས་ཕྱིན་ཡོད་པ་ནི་《ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བའི་དོན་རྣམ་པ་ངེས་པ་》ཞེས་བྱ་བར་“དེ་ནས་འཁོར་དུ་བཏགས་པའི་གཡུང་དྲུང་སེམས་པ་རྣམས་ཀྱིས་དགའ་བའི་གདངས་ཕྱུང་།   སྤྲོ་བའི་གླུ་བླངས་ནས་སྟོན་པ་ལ་འདི་སྐད་ཅེས་བཀའ་བསྩལ་ལོ།   །གཤེན་རབ་བླ་མ་ཐུགས་རྗེའི་མངའ་བདག་ནི།   །མཐར་ལམ་བདེ་འབྱེད་སྟོང་གསུམ་ཡོངས་ཀྱི་དཔལ།   །ཐུགས་ཀྱི་འོད་ཟེར་མ་རིག་མུན་པ་སེལ།   །མགུར་གྱི་དབྱངས་ཀྱིས་འཁོར་བའི་མྱ་ངན་སངས།   །གཤེན་འགྲོས་སྟབས་ཀྱིས་ས་བཅུ་ཟིལ་གྱིས་གནོན།   །”⑩ཞེས་འཁོད་པ་ལས།   བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐབས་མགུར་ལེན་པའི་སྲོལ་དར་ཡོད་པ་རྟོགས་ཐུབ།   འོན་ཀྱང་དུས་བསྐལ་དབང་གིས་གཤེན་རབ་མི་བོ་ཆེའི་གཤེན་འགྲོས་གོམ་གསུམ་དང་།   མགུར་གྱི་རྟ་དབྱངས་སོགས་མཐོང་ཐོས་སུ་མ་གྱུར་བ་ནི།   འཛམ་གླིང་ཁྱོན་གྱི་རིག་གནས་སྤྱི་དང་གཉིས་སུ་མ་མཆིས་སུ་རུང་།   སྐབས་དེར་མགུར་ལེན་པའི་སྲོལ་དར་ཡོད་པ་གང་ཞིག དེས་སྐབས་དེའི་རིག་གནས་སྟེགས་བུའི་ཐོག་གནས་བབས་ཀྱང་ངེས་ཅན་ཞིག་ཟིན་ཡོད་པར་ངེས།
          གཉིས་པ།   བཙན་པོའི་དུས་ཀྱི་མགུར་གླུའི་སྐོར།  
          བོད་ཀྱི་གདོད་མའི་སྤྱི་ཚོགས་དེ་དུས་ཡུན་རིང་བའི་འཕེལ་རིམ་བརྒྱུད་མུ་མཐུད་གོང་འཕེལ་འགྲོ་བ་དང་བསྟུན་ནས་རིམ་བཞིན་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བར་བརྒལ་བྱས་ཤིང་།  འབྲེལ་ཡོད་ཡིག་ཚང་ལྟར་ན་མ་མཐར་ཡང་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ཙམ་ལ་གཉའ་ཁྲི་བཙན་པོས་པུར་རྒྱལ་གྱི་ཆབ་སྲིད་བདག་གིར་བཞེས་ཅིང་།   ཡུལ་ཡར་ལུང་ལྟེ་བར་བྱས་པའི་ཡར་ལུང་གཙང་པོ་རྒྱུགས་ཁུལ་དུ་མཐའ་སྐོར་རྒྱལ་ཕྲན་གཞན་ལས་སྟོབས་ཆེ་བའི་སྲིད་དབང་ཐོག་མར་བཙུགས་པས་སྐབས་དེར་གླུ་གར་རོལ་དབྱངས་ཐད་སྔར་བས་དར་འཕེལ་བྱུང་ཡོད་པ་སྨོས་ཅི་དགོས།   དེ་ཡང་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ལས་ཅུང་སྔ་གྲས་ཡིན་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས།   “བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་ཏེ་དེའི་སྐུ་རིང་ལ་གཏམ་རྒྱུད་དང་།   སྒྲུང་རྒྱུད།   སྡེབ་སྦྱོར།   བཀའི་བཀུགས་དང་།   བྲོ་གར་དང་།   གླུ་གཞས་དང་།   ཤོན་རྩེད་དང་།   རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ་”⑾ཞེས་གསལ་བ་ནི་སྐབས་དེར་ཐོག་མར་བྱུང་བ་ཙམ་ལ་མི་གོ་བར་སྐབས་དེ་ཤེད་དུ་གླུ་གར་གྱི་རིགས་རྣམས་ཤིན་ཏུ་ནས་དར་འཕེལ་བྱུང་ཡོད་པ་མཚོན་ཐུབ་སྟེ་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས་ཀྱང་།   པུ་དེ་གུང་རྒྱལ་གྱི་དུས་ལ་“འ་བ་ཉི་ཉེ་པ་ཉིད།   བྱ་རོ་རོ་ན་གདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག བརླའ་བརྡུངས།   སྤུར་བཏབ།   འྭོ་དེ་མྱེད་སྤུ་དེ་མྱེད་”⑿ཞེས་ཕྱིས་ལྷད་མ་འདྲེས་པའི་གནའ་བོའི་བཅོས་མེད་ཀྱི་མགུར་ཞིག་བྱུང་བས་ན་བོད་ཀྱི་དམངས་གཞས་དར་རྒྱས་བྱུང་རིམ་ནང་མགུར་མ་ཞེས་པ་དེ་གནའ་བོའི་བོད་རིགས་ཀྱི་དམངས་གཞས་ཤིག་རང་ཡིན་པ་བདེན་པར་གྲུབ་ཅིང་།   དེ་ནི་རང་ཅག་གི་མཐོང་ཆོས་སུ་གྱུར་པའི་ཡིག་ཐོག་གི་མགུར་གྱི་རྣམ་པ་སྔ་ཤོས་ཤིག་ཏུ་འཁུམས་སོ།   །
          དེ་བཞིན་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ལ།   མྱང་ཙེང་སྐུ་དང་དབའས་དབྱི་ཚབ་གཉིས་ཟིང་པོ་རྗེ་ལ་གློ་བ་རིང་སྟེ།   མྱང་ཙེང་སྐུས་“ཆབ་ཆབ་ནི་ཕ་རོལ་ན་”⒀ཞེས་པའི་མགུར་བླངས་པ་དང་།   གནམ་རི་སྲོང་བཙན་གྱི་རིང་ལ།   ཁྱུང་པོ་སྤུང་ཟད་ཟུ་ཙེས་རྒྱལ་པོ་མར་མུན་བྱ་བའི་མགོ་བཅད་དེ།   བཙན་པོ་རྗེ་བློན་རྣམས་དགྱེས་སྐྱེམས་སྟོན་མགོ་གསོལ་བའི་ཚེ་“མོན་ཀའི་སྟག་ཆིག་པ་”⒁ཞེས་པའི་མགུར་བླངས་པ།   སྲོང་བཙན་སྒམ་པོའི་སྐུ་རིང་ལ།   བཙན་མོ་སད་མར་ཀར་གྱིས་“ཡུལ་གྱི་ནི་སྐལ་པོག་པ་”⒂ཞེས་སོགས་མགུར་དུ་བླངས་པ་ནི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་རྣམས་བརྗོད་བྱར་དྲངས་པ་ཞིག་དང་།   གཞན་ཡང་《བཀའ་ཐང་སྡེ་ལྔ་》རུ་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་པའི་དགའ་སྟོན་རྟེན་འབྲེལ་གྱི་སྐབས་སུ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་སོགས་རྗེ་བློན་རྣམས་དང་མཁན་སློབ་གཉིས་ཀྱིས་དབུས་པའི་བླ་མཆོད་སོགས་འཁོར་འབངས་རྣམས་ཀྱིས་“རྗེ་ཡི་དགའ་གླུ་བཅུ་གསུམ་”⒃དང་“སྔགས་པའི་སྔགས་གླུ་སྡེ་བཞི།   ”⒄མི་རེས་གླུ་རེ་བླངས་པའི་ཁོག་ཕུབ་ཞེས་བྱ་བར་“རྒྱལ་སྲས་མུ་ཏིག་བཙན་པོས་སྟོད་གླུ་བླངས་”⒅ཞེས་སོགས་མགུར་ཉི་ཤུ་ལྷག་གི་མིང་དང་།   རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ་ཞེས་བྱ་བར་“ལྷ་སྲས་མུ་ནི་བཙན་པོ་ཡིས།   །འཇིག་རྟེན་སྒྲོལ་མ་བྱ་བ་བླངས།   །”⒆ཞེས་སོགས་མགུར་ལྔ་བཅུ་ཙམ་ཡོད་པ་མ་ཟད།   “གཞན་ཡང་བརྗོད་ཀྱི་མི་ལང་སྟེ།   མི་ཚོ་རེ་ཡི་གླུ་རེ་བླངས།   །”⒇ཞེས་གསལ་བ་ལས།   སྐབས་དེར་མགུར་གླུ་ཕོན་ཆེན་ཞིག་དར་ཚུལ་མཚོན་ཐུབ་ལ།   དེང་འདིར་མཐོང་ཆོས་སུ་གྱུར་བའི་མགུར་རྣམས་ལ་བལྟས་ན།   སྐབས་དེ་ཤེད་ཀྱི་མགུར་གླུའི་དབྱངས་འགྲོས་ཐད་ཕུན་སུམ་ཚོགས་པ་ཞིག་དང་མགུར་རྟའི་རྣམ་གྲངས་བརྗོད་ཀྱི་མི་ལང་བ་ཞིག་མེད་དམ་སྙམ་པ་ལས།   མགུར་གྱི་དབྱངས་རྟ་གཟུགས་སུ་བཀོད་པ་མཐོང་རྒྱུ་མེད་སྟབས་མགུར་གླུའི་གདངས་ཇི་འདྲ་ཞིག ཡོད་མིན་ཐད་ཕྱིས་སུ་བྱུང་བའི་མགུར་གྱི་དབྱངས་རྟ་ལ་གཞིགས་ནས་ཚོད་དཔག་བྱ་རྒྱུ་དང་།   དེར་འདིར་མཐོང་ཆོས་སུ་གྱུར་བའི་མགུར་ཚིག་གི་ཁྱད་ཆོས་ལ་གཞིགས་ནས་ཅུང་ཟད་ངེས་ཤེས་ཐུབ་པ་ཙམ་ལས་གདོད་མའི་རང་བཞིན་དངོས་ཇི་ལྟ་བ་ཞིག་རྟོགས་པར་དཀའོ།   །
          གསུམ་པ།   སིལ་བུའི་དུས་ཀྱི་མགུར་གླུའི་སྐོར།
          ཀུན་གྱི་མཁྱེན་གསལ་ལྟར།   བཙན་པོ་གླང་དར་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་དང་དུས་མཚུངས་སྔར་ཡབ་མེས་རྣམས་ཀྱིས་སྲོལ་གཏོད་དར་སྤེལ་གནང་བའི་རིག་གནས་དང་ཁྲིམས་སྲོལ་རྣམས་ཀྱང་ཉམས་པར་བྱས་པས།   སྐབས་ཤིག་གི་རིང་རིག་གནས་ཀྱི་འཕེལ་ཁ་ཆག་ཅིང་། སྤྱི་ཚོགས་ཡོངས་ཟང་ཟིང་ཅན་དུ་གྱུར།   ལྷག་པར་དུ་དར་མའི་སྲས་འོད་སྲུངས་ཕྱོགས་ཁག་གིས་གཡོ་རུ་དང་།   ཡུམ་བརྟན་ཕྱོགས་ཁག་གིས་དབུ་རུ་བཟུང་ནས་དབུ་གཡོ་དམག་འཁྲུག་ལོ་མང་བྱས་ཤིང་ལུགས་མེད་ཀྱི་གཉའ་གནོན་བྱས་པའི་དབང་གིས་ཡུལ་གྲུ་སོ་སོ་ནས་འབངས་གྱེན་ལོག་བྱས་ཏེ།   རྗེ་ཚན་མང་པོར་གྱེས་ནས་བོད་ཁམས་སླར་ཡང་ས་བཅད་རང་བཟུང་གི་སིལ་བུར་གྱུར་བས་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མ་བྱུང་།   འོན་ཀྱང་རྗེ་ཚན་ཁྲོད་ན་བཙན་པོའི་གདུང་རྒྱུད་ཀྱི་རྗེ་དཔོན་མི་ཉུང་བ་ཞིག་ཡོད་པ་དེ་དག་གིས་སྔར་ཡབ་ང་མེས་ཚོས་ལེགས་པར་བཏོད་པའི་སྲོལ་བཟང་རྣམས་བསྐྱར་བཟོ་དང་།   ལྷག་པར་དུ་ཕྱིའི་མཁས་པ་ནང་འདྲེན་དང་ནང་ཕྲུག་ཕྱིར་གཏོང་གི་སྲོལ་བཟང་སླར་བཟོ་བྱས་པས་ཤི་གསོན་མཚམས་སུ་གནས་པའི་བོད་ཀྱི་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་ཏེ་ངོ་མཚར་བའི་འཕེལ་རྒྱས་ཆེན་པོ་བྱུང་བ་ཡིན།
          དེ་ཡང་བཙན་པོ་གླང་དར་གཤེགས་རྗེས།   མངའ་བདག་འོད་སྲུངས་དང་ཁྲི་ལྡེ་ཡུམ་བརྟན་གཉིས་ཕན་ཚུན་ལོ་མང་འཐབ་སྟེ་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་བཏང་བའི་དབང་གིས་ཡུལ་གྲུ་སོ་སོ་ནས་རྣམ་པ་མི་འདྲ་བའི་འབངས་གྱེན་ལོག་བྱས་པར།   ཐོག་མར་མདོ་ཁམས་ནས་དབའས་ཁོ་གཉེར་ལེགས་སྟེང་སོགས་ཀྱིས་གཙོ་བྱས་ཏེ་འབངས་གྱེན་ལོག་བྱས་པ་དང་།   དེ་རྗེས་བྱ་གཅིག་འཕུར་བས་བྱ་བརྒྱ་དཀྲོགས་པ་ལྟར་རིམ་བཞིན་དབུས་གཙང་གི་ཡུལ་གྲུ་དུ་མར་གཅིག་རྗེས་གཉིས་མཐུད་ཀྱི་འབངས་གྱེན་ལོག་མང་དུ་བྱུང་བ་ཡིན་ཏེ།   དབུ་རུར་འབྲོ་སྦས་འཁྲུགས་པ་ལ་བརྟེན་ནས་དབའས་ལོ་ཁོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་གྱེན་ལོག་བྱས་པ་དང་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དཔོན་གཡུ་སྣེ་བསད་རི་མགུལ་ལ་ཡུར་བ་བཟོ་རུ་བཅུག་པས་“རི་མགུལ་གཅོད་པ་ལས།   མི་མགུལ་གཅོད་པ་སླ་”ཞེས་སྨྲས་ནས་མཆིམས་ཀོང་མི་དྲུག་གི་མགོ་ཁྲིད་དེ་གྱེན་ལོག་བྱས་པ་སོགས་ཀྱིས་སྐབས་དེའི་བྲན་གཡོག་བདག་པོའི་གྲལ་རིམ་ལ་རྡུང་རྡེག་ཚ་དྲག་ཅིག་བཏང་བར་གསལ།
          དེ་རྗེས་ཤུད་པུ་སྟག་རྩེ་སོགས་མི་བཞིས་ལག་དཔོན་བྱས་པའི་གྱེན་ལོག་དམག་གིས་འཕྱོངས་ཡུལ་བཟུང་ཞིང་ཡུལ་དེར་གནས་པའི་བཙན་པོ་རིམ་བྱུང་གི་བང་སོ་མང་དུ་བསྔོགས། གཞན་ཡང་བྲན་གཡོག་བདག་པོ་རྣམས་ལ་ལ་བསད་ལ་ལ་ཡུལ་གཞན་ལ་གྱར་ཏེ་སྲིད་དབང་ཆེ་ཆུང་སྣ་ཚོགས་བཙུགས་པས་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་མང་དུ་བྱུང་བ་མ་ཟད།   སྡེ་རིས་མི་གཅིག་པའི་རྗེ་བོ་མང་དུ་བྱུང་ནས་བཀས་བཀོད་རྒྱུད་འཛིན་གྱི་ཡུལ་གྲུ་བཅད་བཟུང་གི་རྣམ་པ་རིམ་པར་ཆགས་ཏེ་ཁྲི་ལྡེ་ཡུམ་བརྟན་གྱིས་ལྷ་སའི་ཕྱོགས་བཟུང་ནས་ལྷ་སའི་རྒྱལ་རྒྱུད་བྱུང་ཞིང་མངའ་བདག་འོད་སྲུངས་ཀྱི་སྲས་གཉིས་ཀྱིས་མངའ་རིས་དང་གཙང་གི་ཕྱོགས་སོ་སོར་བཟུང་ནས་མངའ་རིས་རྒྱལ་རྒྱུད་དང་ཡར་ལུང་ཇོ་བོའི་རྒྱལ་རྒྱུད་བྱུང་བ་ཡིན།   དེ་ལྟར་དུས་སྐབས་དེའི་དུས་སྟོད་ཙམ་ནས་བྲན་གཡོག་ལམ་ལུགས་རྩ་འཐོར་དུ་གྱུར་ཅིང་འབངས་དཀྱུས་མ་དང་བྲན་གཡོག་ལས་བཅིངས་འགྲོལ་ཐོབ་པའི་ཞིང་པ་རྣམས་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་བྱེད་མཁན་གཙོ་བོར་གྱུར་བ་དང་།   འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དེ་དག་ལའང་གྱེས་འཐོར་དང་འདུ་ཚོགས་ཀྱི་གནས་ཚུལ་སྣ་ཚོགས་ཤིག་བྱུང་སྟེ།   མི་ཉུང་ཤས་ཤིག་ཞིང་བྲན་བདག་པོར་གྱུར་ཞིང་མང་ཤས་ཤིག་ནི་དེ་དག་གི་ཞིང་བྲན་དུ་གྱུར།   གཞན་ད་དུང་སྟབས་ལེགས་ཀྱི་ལྷག་ལུས་བྱུང་བའི་བྲན་གཡོག་བདག་པོ་སྐོར་ཞིག་གིས་དུས་ཀྱི་བབ་དང་བསྟུན་ནས་རང་ཉིད་ཀྱི་བདག་གཉེར་བྱེད་སྟངས་བསྒྱུར་ནས་ཞིང་བྲན་བདག་པོར་འཕོ་འགྱུར་བྱས་ཤིང་ཁོ་ཚོའི་བྲན་གཡོག་ཕལ་ཆེ་བའང་ཞིང་བྲན་དུ་བསྒྱུར།   དེ་ལྟར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་སྤྱི་ཚོགས་ཀྱི་འགལ་ཟླར་གྱུར་པའི་གྲལ་རིམ་ཆེན་པོ་གཉིས་རིམ་གྱིས་གྲུབ་ཅིང་།   ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་རྐང་ཚུགས་ཤིང་སྲ་བརྟན་དུ་གྱུར་པ་དེས་སྐབས་དེའི་དཔལ་འབྱོར་ལ་དེ་དང་ཆ་མཐུན་པའི་འཕེལ་རྒྱས་བྱུང་དུ་བཅུག་པ་ཞིག་ལགས།   དེས་ན་ངལ་རྩོལ་མི་དམངས་ཀྱི་འཐབ་རྩོད་ཀྱི་བསམ་བློ་ལྷོད་པར་བྱ་བ་དང་རང་ཉིད་ཀྱི་དབང་བསྒྱུར་གོ་གནས་སྲ་བརྟན་ཡོང་ཆེད།   ཡུལ་གྲུ་སོ་སོའི་དབང་བསྒྱུར་མཁན་རྣམས་ཀྱིས་སྟོབས་ཤུགས་ཆེན་པོ་སྤྱད་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་པའི་ཕྱོགས་ལ་འབད་པ་སྟེ།   ཁྲི་ལྡེ་ཡུམ་བརྟན་ནས་བརྩིས་པའི་མི་རབས་དྲུག་པ་ཡེ་ཤེས་རྒྱལ་མཚན་གྱིས་སྟོབས་ཤུགས་གང་ཡོད་ཀྱིས་ཆོས་ལ་བཀུར་བསྟི་ཆེན་པོ་བྱས་ཏེ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་ནས་མི་བཅུ་མདོ་ཁམས་སུ་བླ་ཆེན་དགོངས་པ་རབ་གསལ་སར་འདུལ་བའི་སྡོམ་པ་ལེན་དུ་བཏང་བ་དང་།   དེ་དག་ཕྱིར་དབུས་གཙང་དུ་སླེབས་དུས་ཡེ་ཤེས་རྒྱལ་མཚན་སྔར་ནས་དགོངས་པ་རྫོགས་ཟིན་ཀྱང་ཁོང་གིས་སྲས་མངའ་བདག་ཁྲི་པས་ཀླུ་མེས་སོགས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་དབུས་གཙང་དང་མདོ་ཁམས་སུ་དགོན་པ་གསར་བཞེངས་དང་འདུལ་བའི་སྡོམ་རྒྱུན་སྤེལ་ནས་བསྟན་པའི་མེ་རོ་གསོས།   དེ་དང་ཕྱོགས་མཚུངས་སུ་འོད་སྲུངས་ཀྱི་གདུང་རྒྱུད་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཁུ་དབོན་སོགས་ཀྱི་བདག་རྐྱེན་བླ་མེད་མཛད་པས་ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཨ་ཏི་ཤ་སོགས་ཆེད་དུ་གདན་འདྲེན་ཞུས་མིན་ལ་མ་ལྟོས་པར་བོད་དུ་པཎྜི་ཏ་བདུན་ཅུ་ལྷག་ཕེབས་པ་དང་།   བོད་ཕྲུག་མང་པོ་ཞིག་ཕྱི་རྒྱལ་དུ་སློབ་གཉེར་དུ་མངགས་པའི་ཁྲོད་ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་སོགས་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་འབར་བའི་ལོ་ཙཱ་བ་མི་ཉུང་བ་ཞིག་བྱོན་ཞིང་།   ལོ་པན་དེ་རྣམས་ཀྱིས་གཞན་གཞུང་བསྒྱུར་ཞིང་འཆད་རྩོད་རྩོམ་པའི་སྒོ་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་པར་མཛད།
          དེ་ལྟར་སྐབས་དེར་ལོ་པཎ་དང་མཁས་གྲུབ་རབ་དང་རིམ་པར་བྱོན་པ་རྣམས་ཀྱིས་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བས་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མང་དུ་ཐོན་ཏེ།   སྔར་གྱི་རང་སའི་གདོད་མའི་ཆོས་ལུགས་(བོན་ཆོས་)དང་བསྟན་པ་སྔ་དར་གྱི་སྐབས་མཁན་སློབ་ཆོས་གསུམ་ནས་བརྒྱུད་པའི་གསང་སྔགས་སྔ་འགྱུར་རྙིང་མ་བའི་སྟེང་།   ཇོ་བོ་རྗེ་དང་འབྲོམ་སྟོན་པ་ལས་བརྒྱུད་པའི་བཀའ་གདམས་དང་།   འབྲོག་མིའི་སློབ་མ་འཁོན་དཀོན་མཆོག་རྒྱལ་པོ་ལས་བརྒྱུད་པའི་ས་སྐྱ་པ།   མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པའི་ཤངས་པ་བཀའ་བརྒྱུད།   མར་མི་དྭགས་གསུམ་ལས་བརྒྱུད་པའི་དྭགས་པོ་བཀའ་བརྒྱུད་སོགས་གསར་ཐོན་གྱི་གྲུབ་མཐའ་ཁག་གིས་རང་རང་གི་ལྟ་བ་སྒྲོག་པ་དང་གཞུང་ལུགས་སྤེལ་ཆེད་བྱ་ཐབས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རང་གི་ལྟ་བ་དང་ཆོས་ལུགས་ཀྱི་རྣམ་གཞག་སྒྲོགས་སྤེལ་བྱས་པ་ལས།   རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པས་རང་གི་སྐད་ངག་བདེ་བའི་ཕན་ཡོན་ལ་བརྟེན་ནས་མགུར་གྱི་རྣམ་པ་བཀོལ་ཏེ་བཀའ་བརྒྱུད་བསྟན་པའི་ལྟ་བ་དྲིལ་བསྒྲགས་བྱས་པ་རྣམས་དུས་རབས་བཅོ་ལྔ་པའི་ནང་གཙང་སྨྱོན་གྱིས་ཕྱོགས་བསྒྲིགས་ཐོག་ཤིང་པར་དུ་བཏབ་རྗེས་བླ་ཆེན་དང་སྒོམ་ཆེན།   རྣལ་འབྱོར་པ་རྣམས་ཀྱིས་བཞེངས་པའི་མགུར་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་འདུག་ལ།   “སེམས་ཅན་ཁམས་རྣམས་སྨིན་ཅིང་གྲོལ་བའི་ཕྱིར།   བཅོས་མེད་ལྷུགས་པའི་ངང་ཚུལ་མ་འགགས་པས།   སྲིད་གཞིའི་སྣ་བའི་དཔྱིད་དུ་ཚངས་དབྱངས་ཀྱི།   མགུར་མར་གྲགས་པའི་དབངས་རྣམས་མི་ནུབ་སླད།   ཤོག་དཀར་ཡངས་པོའི་ངོགས་སུ་སྤེལ་བར་བྱ་”)(21)ཞེས་མགུར་གྱི་དབྱངས་རྣམས་མི་ནུབ་པའི་ཆེད་དུ་ཤོག་དཀར་ཡངས་པའི་ཐོག་དབྱངས་རིས་སུ་སྤེལ་བའང་མང་བར་སྣང་།
          བཞི་པ།  དགའ་ལྡན་ཕོ་བྲང་དུས་ཀྱི་མགུར་གླུའི་སྐོར།
བོད་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྟེ་(སྤྱི་ལོ་1642)ལོར་གོ་ཤི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་སྡེ་སྲིད་རྗེས་འབྲངས་དང་བཅས་ཆམ་ལ་ཕབ་ནས་བོད་ས་གནས་སྲིད་དབང་རྒྱལ་མཆོག་ལྔ་པ་ཆེན་པོར་ཕུལ་ཏེ་གནམ་བསྐོས་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ་དེས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་སྔར་བས་ཆ་ཚང་དུ་སོང་བ་དང་།   བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་དེ་སྔར་བས་འཐུས་སྒོ་ཚང་དུ་སོང་ཞིང་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་ཅིར་སྔར་བས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གི་ཐོག་སླེབས་པར་སྨོས་ཅི་དགོས།   འོན་ཀྱང་དེའི་རིང་ལོ་རྒྱུས་ཀྱི་དམིགས་བསལ་ཁྱད་ཆོས་སུ་བོད་ཀྱི་དབང་འཛིན་པ་དང་སོག་དམག་གི་མགོ་དཔོན་བར་གྱི་འགལ་བ་དང་བོད་ས་གནས་སྲིད་གཞུང་ནང་ཁུལ་གྱི་འགལ་བ་སོགས་ཕྱི་ནང་གི་དོན་རྐྱེན་སྣ་ཚོགས་བྱུང་བ་ལས་རྒྱ་ཆེའི་ངལ་རྩོལ་མི་དམངས་རྣམས་ཀྱི་བསམ་བློ་དང་དཔལ་འབྱོར་བཅས་ཚང་མའི་ཐད་བརྡབ་གསིག་ངེས་ཅན་ཞིག་ཐེབས་ཏེ་བོད་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་སྣ་ཚོགས་ཞིག་བཟོས་ཡོད་པར་གྲགས།
          དེ་ལྟའི་སྐབས་དེའི་ལོ་རྒྱུས་ཀྱི་གནས་ཚུལ་ལམ་སྤྱི་ཚོགས་ཀྱི་སྣང་ཚུལ་ཅི་རིགས་པ་རྣམས་བརྗོད་བྱར་མཛད་པའི་མགུར་གླུ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་ཡོད་པ་ལས།   འབྲུག་པ་པདྨ་དཀར་པོའི་རྗེ་བཙུན་བཞད་པ་རྡོ་རྗེའི་བསྟོད་པ་རྒྱང་འབོད་མར་“ཨོ་ཡིག་གླུར་ལེན་རིལ་བས་ལག་བྲེལ་བའི།   དཀའ་ཐུབ་ནོར་ཅན་ཚངས་པའི་དྲང་སྲོང་གི།   ཁེངས་པ་འཕྲོག་པ་ཁྱེད་ཀྱི་རྣམ་ཐར་ལ།   བགས་ཀྱིས་སློབ་པར་འདོད་དོ་མི་ལ་རྗེ་”(22)ཞེས་གསལ་བ་ལྟར།   ཕྱིས་ཀྱི་《ཕ་མའི་དྲིན་བཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་》དང་《རབ་འབམས་སྐྱབས་ཀུན་མ་སོགས་ཉམས་མགུར་བསླབ་བབྱའི་སྐོར》།   《བློ་སྦྱོང་དང་འབྲེལ་བའི་གདམས་པ་དང་སྙན་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས་》ཞེས་སོགས་ཀྱི་མགུར་རྣམས་རྗེ་བཙུན་མི་ལའི་མགུར་གླུ་དང་རྗེས་སུ་མཐུན་པ་ལས་སྒྱུ་རྩལ་གྱི་གསར་གཏོད་དམིགས་བསལ་ཅན་ཅང་མི་ལྡན་རུང་《བྱ་བཏང་ཚོགས་དྲུག་རང་གྲོལ་གྱི་གླུ་དབྱངས་》ལས་“ཤིང་ཙན་དན་སྡོང་པོའི་ལྡིང་ཁང་ན།   །བྱ་ལུས་མཛེས་རྨ་བྱ་ཞེ་རེ་སྙོམས།   །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་།   །དབར་འོངས་ནས་གཡུ་འབྲུག་གྲགས་རྒྱུ་རེད།   །ཤིང་སྣ་ཚོགས་རྒྱས་པའི་ནགས་ཁྲོད་ན།   །བྱ་ཁུ་བྱུག་སྔོན་མོ་ཞེ་རེ་སྙོམས།   །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་།   །འབྲུག་གྲགས་ན་སྦྲང་ཆར་འབབ་རྒྱུ་རེད།   །ཞིང་རི་ཕྱི་གྲུ་བཞིའི་ཆག་ཀ་ན།   །ཕོ་ཞིང་ལས་མཁན་རྣམས་ཞེ་རེ་སྙོམས།   །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་།   །ཆར་བབས་ན་ལོ་ལེགས་འོང་རྒྱུ་རེད།   །རི་ཡིད་འོང་ཉམས་གའི་བསིལ་གྲིབ་ན།   །ཚེ་བློས་བཏང་རྣལ་འབྱོར་ཞེ་རེ་སྙོམས།   །ཨེ་ཤི་རི་ཞེ་རེ་མ་སྙོམས་དང་།   །ལོ་ལེགས་ན་ཕྱེ་ཙམ་མདོ་རྒྱུ་རེད།   །”(23)ཅེས་སོགས་ལྟ་བུའི་མགུར་ནི་མདོ་ཁམས་ཁུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་ཁྱད་ཆོས་མངོན་པར་གསལ་ཞིང་།   ཕྱོགས་མཚུངས་རྒྱལ་བ་རིག་འཛིན་ཚངས་དབྱངས་རྒྱ་མཚོས་“ཤར་ཕྱོགས་རི་བོའིརྩེ་ནས།   །དཀར་གསལ་ཟླ་བ་ཤར་བྱུང་།   །མ་སྐྱེས་ཨ་མའི་ཞལ་རས།   །ཡིད་ལ་འཁོར་འཁོར་བྱས་བྱུང་།   །”(24)ཞེས་སོགས་ལྟ་བུའི་གསུང་མགུར་རྣམས་ནི་རྒྱལ་བ་ཉིད་ནས་བོད་ཀྱི་དབུས་གཙང་མང་ཚོགས་ཀྱི་ཁ་སྐད་སྙིང་བཅུད་ཞུན་བརྡར་ཐོག་ཁུལ་འདིར་ཤིན་ཏུ་ནས་དར་ཁྱབ་ཆེ་བའི་ཚེག་བར་དྲུག་ཅན་ལུས་ཀྱི་དམངས་གཞས་ལྟར་མཛད་པ་ཞིག་ཡིན་སྟབས།   ཚིག་སྦྱོར་གོ་བདེའི་ཁར་ངག་ནས་འདོན་སླ་ཞིང་ངེས་བདེ་བ་སོགས་རྣམ་པ་གཞན་ལྟར་གཏན་འཇགས་ཀྱི་དབྱངས་རྟར་བརྟེན་མི་དགོས་པར་དབྱངས་རྟ་སྣ་ཚོགས་དང་སྦྱར་ནས་ལེན་སྟབས་བདེ་བས་དུས་ཕྱིས་ནང་མ་དང་མཛའ་གཞས་སོགས་ལ་དབྱངས་སྦྱོར་བྱས་ནས་ལེན་པའང་མང་བར་སྣང་།
          མདོར་ན།   མགུར་གླུའི་ཚིག་གདངས་གང་ས་ཅི་ཐད་ནས་གླེང་རུང་།   ཐོག་མའི་མཆེད་ཁུངས་ནི་དམངས་ཁྲོད་ནས་ཡིན་ཞིང་།  ལོ་རྒྱུས་ཀྱི་དུས་རིམ་མམ་ལོ་ཟླའི་འཁོར་འགྲོས་ནང་མགུར་གྱི་གོ་དོན་དང་བྱེད་ནུས་སོགས་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་ནི།   བསྟན་པ་ཕྱི་དར་སྐབས་མགུར་ཞེས་སྐྱ་སེར་སུས་ཀྱང་རང་གི་བརྗོད་འདོད་མཚོན་བྱེད་དུ་བཀོལ་ཆོག་པའི་གླུའི་རྣམ་པ་ལས་གྱེས་ཏེ།   ཆེས་བབ་ཆགས་ཀྱི་ཚིག་སྦྱོར་བཀོལ་ནས་དངོས་ཤུགས་གང་རུང་གིས་ཆེས་ཟབ་མོའི་གནས་ལུགས་མཚོན་ཞིང་།   རྟོགས་པ་མཐོན་པོར་སླེབས་པའི་ནང་པའི་ཆོས་ལུགས་པ་ཁོ་ནས་བེད་སྤྱོད་བྱེད་པ་ཞིག་ཏུ་གྱུར་བ་མ་ཟད།   ད་དུང་མགུར་ལ་རྡོ་རྗེའི་གླུ་ཞེས་པའི་མིང་གི་རྣམ་གྲངས་ཀྱིས་འབོད་ཅིང་མགུར་བཞེངས་པ་ནི་ཚེ་དང་སྒྲུབ་པ་སྙོམ་པའི་རྣལ་འབྱོར་བ་ཚོར་ཉམས་རྟོགས་ཀྱི་ཡོན་ཏན་ཁོང་ནས་བརྡོལ་བའི་རྟགས་མཚན་ལྟ་བུར་བྱེད་པ་ཞིག་ལས།   མཐར་དམངས་ཁྲོད་དུ་རིམ་བཞིན་སིམ་འགྱུར་བྱུང་བ་བཅས་རེ་ཞིག་སྨྲོས་པ་དེ་ཙམ་གྱིས་འཐུས་པར་བྱས་སོ།   །།  
          མཆན་འགྲེལ།
①《དེབ་ཐེར་སྔོན་པོ》(སྟོད་ཆ་)།   འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས།   ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   1985ལོའི་ཟླ་།   པོའི་པར་ཐེངས་དང་པོ།   ཤ60
②③④《ཆོས་འབྱུང་མཁས་པའི་དགའ་སྟོན》(ལྷོ་བྲག་ཆོས་འབྱུང་)།   དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།   མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   2006ལོའི་ཟླ་དང་པོའི་པར་ཐེངས་དང་པོ།   ཤ81 ཤ84
⑤《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》།   དཔལ་ཚུལ་གྱིས་བརྩམས།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།   1998ལོའི་ཟླ་11པའི་པར་ཐེངས་དང་པོ།   ཤ25
⑥《བཤད་མཛོད་ཡིད་བཞིན་ནོར་བུ》(དཔར་མ་)།   
⑦《མི་ནུབ་མཚན་མདོ》(དཔར་མ་)། 
⑧⑩《ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བའི་དོན་རྣམ་པ་ངེས་པ》(དཔར་མ་)། 
⑨《མདོ་དྲི་མེད་གཟི་བརྗིད》(པོད་དང་པོ་)།   བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།   2000ལོའི་ཟླ་9པའི་པར་ཐེངས་དང་པོ།   ཤ249
⑾《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》།   ཉང་ཉི་མ་འོད་ཟེར་གྱིས་བརྩམས།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།   1988ལོའི་ཟླ་3པའི་པར་ཐེངས་དང་པོ།   ཤ160
⑿⒀⒁⒂《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ)།   དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་ཅིང་བཀྲལ།   མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   1992ལོའི་ཟླ2པའི་པར་ཐེངས་དང་པོ།   ཤ37 ཤ42 ཤ47 ཤ59
⒃⒄⒅⒆⒇《བཀའ་ཐང་སྡེ་ལྔ།》   གུ་རུ་ཨུ་རྒྱན་གླིང་པས་ཡར་ལུང་ཤེལ་གྱི་བྲག་ཕུབ་ནས་བཏོན།   མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   1986ལོའི་ཟླ་12པའི་པར་ཐེངས་དང་པོ།   ཤ235-236 ཤ234 ཤ236-237 ཤ140-141 ཤ141
(21)(22)《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ》།   དགེ་འདུན་འཕེལ་རྒྱས་ཀྱིས་བརྩམས།   བོད་ལྗོངས་སློབ་ཆེན་རོལ་དབྱངས་ཆེད་ལས་ནང་ཁུལ་དཔྱད་དེབ།   ཤ169 ཤ216
(23)《བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་དང་སྐལ་ལྡན་གདུལ་བྱ་ལ་མགྲིན་པ་གདམས་པའི་བང་མཛོད་ནས་གླུ་དབྱངས་དགའ་སྟོན་འགྱེད་པ་རྣམས་བཞུགས་སོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   1987ལོའི་ཟླ་8པའི་པར་ཐེངས་དང་པོ།   ཤ436-437
(24)《རྒྱལ་བ་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར》(ལྷ་སའི་དཔར་མ་)།  
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716