སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལ་གཞས་ཀྱི་སྒྱུ་རྩལ་ཁྱད་ཆོས་དང་ད་ལྟའི་གནས་བབ་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2017-11-13   ཡོང་ཁུངས། རྩེར་སྙེག   རྩོམ་པ་པོ།  ཡུལ་ལྷ་ཐར།
          ལ་གཞས་ཞེས་པ་ནི"སྡེ་བའམ་ཁྱིམ་ཚང་ལས་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་འཚོགས་སར་སྐད་ངག་འགྱུར་ཁུགས་ཀྱི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུང་བརྗོད་པའི་ཚིགས་བཅད་བརྩམས་ཆོས་ཤིག་ལ་བྱ"ཞེས་པ་ལྟར་གཞོན་ནུ་ཕོ་མོ་རྣམས་ཀྱི་མཛའ་བརྩེ་འོ་མའི་རང་མདངས་གསལ་རྗེན་དུ་མཚོན་བྱེད་ཀྱི་ངག་ཐོག་གི་སྙན་ངག་དེར་མདོ་སྨད་ཡུལ་དུ་ལ་གཞས་སམ་ལ་ཡེ་ཞེས་འབོད་པ་དང་། དབྱངས་དང་བཅས་ངག་ལ་འགུག་པའི་དམངས་ཁྲོད་ཀྱི་ངག་རྩོམ་འདི་གཙོ་བོ་མཚོ་སྔོན་པོའི་མཐའ་འཁོར་གཙོ་བྱས་པའི་ཀན་ལྷོ་དང་རྔ་བ་སོགས་ཀྱི་རོང་འབྲོག་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་། ས་གནས་དེ་གའི་བོད་པ་རྣམས་ལེན་པར་དགའ་ཞིང་ཉན་པར་སྤྲོ་བའི་དམངས་གཞས་ཀྱི་རིགས་ཤིག་ཡིན།དོན་ཚན་དང་པོ། ལ་གཞས་ཀྱི་སྒྱུ་རྩལ་ཁྱད་ཆོས།དེ་ཡང་དཔེ་དོན་གཉིས་ཀྱི་བདག་ཉིད་ཅན་གྱི་མདོ་སྨད་ཀྱི་ལ་གཞས་ལས་གཞོན་ནུ་ཕོ་མོ་རྣམས་ཀྱི་དུང་བ་སེམས་ཀྱི་གཟུགས་སུ་མི་སྣང་བའི་ནང་སེམས་ཀྱི་འགྱུར་བ་ཅི་རིགས་དེ་གསལ་པོར་མངོན་ཕྱིར། དམངས་ཁྲོད་ཀྱི་སྒྱུ་རྩལ་པའམ་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཁོ་རང་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་དང་ཡུལ་གོམས་གཤིས་ལུགས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་དུ་གནས་པའི་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་། རླུང་སྤྲིན་ཆར་གསུམ་གྱི་རྒྱུ་ཕྱོགས། རང་བྱུང་ཡུལ་ལྗོངས་ཀྱི་མཛེས་རིས། མདོར་ན་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་འབྲེལ་ཞིང་གོམས་འདྲིས་སུ་གྱུར་པའི་བྱ་དངོས་ཡོད་ཚད་ལ་དཔེ་ལེན་པའི་ཐབས་ལམ་ལ་བརྟེན་ནས། གཞོན་སྐྱེས་ཕོ་མོ་དག་གི་སེམས་ཀྱི་བརྩེ་དུང་གི་འགྱུར་བ་ཅི་རིགས་སྦ་གསང་མེད་པར་ཕྱིར་མངོན་པར་བྱེད་ཐུབ་པ་བྱུང་ཡོད། དེ་བས་མདོ་སྨད་ཀྱི་ལ་གཞས་ནི་མེས་པོ་གོང་མ་དག་གི་རིང་ནས་རིམ་བཞིན་བསྲེགས་བཅད་བརྡར་གསུམ་ལས་བྱུང་བའི་བློ་གྲོས་ཀྱི་ཉིང་ཁུ་དང་། བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པའི་སྐད་ཆའི་ཉིང་བཅུད་རྣམས་མ་ལུས་གཅིག་འདུས་ཀྱི་ཕུང་བོ་ལྟ་བུ་ཡིན་ལ། མི་དམངས་ཀྱི་བསམ་བློའི་འཁྱེར་སོ་དང་རེ་འདུན། དངོས་ཡོད་འཚོ་བའི་རྒྱུན་ཤེས་སོགས་ཐད་ཀར་མངོན་བྱེད་ཀྱི་མེ་ལོང་ལྟ་བུའང་ཡིན། མདོར་ན་ལ་གཞས་ནི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དུ་མས་ཕྱུག་པའི་བསམ་བློའི་མཛེས་རིས་ཀྱི་ཞིང་ཁམས་ལྟ་བུ་ཞིག་ཡིན་པ་སྟེ།དང་པོ། བརྗོད་དོན་གསལ་ཞིང་ཡུལ་སྲོལ་དུ་མས་བརྒྱན་པ། ཕོ་མོའི་བར་གྱི་བརྩེ་དུང་མཚོན་པར་བྱེད་པའི་ལ་གཞས་ཀྱི་བརྗོད་སྙིང་དེ་བོད་རང་གི་འཚོ་བ་དང་ཐག་ཉེ་བ་དང་། མང་ཚོགས་ཚོའི་མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་བྱ་བྱེད་སྣ་ཚོགས་ཀྱི་དཔེར་བཀོད་པ་ལས་ཉན་མཁན་དག་གི་སེམས་སུ་སྣང་བར་བྱས་ཡོད་ལ། མཚོན་བྱེད་ཀྱི་དཔེ་དག་ནི་བོད་རང་གི་འཚོ་བ་དངོས་དང་བོད་མིའི་དགའ་ཁ་འཁྱེར་ཕྱོགས་དང་མི་མཐུན་པའི་མེ་ལོང་མའི་གཞུང་དུ་བྱུང་བའི་གཞན་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་མཛེས་དཔྱོད་ཀྱི་ལྟ་བས་ཁྱབ་པའི་དཔེ་རིས་གང་ཡང་མ་ཡིན་པ་སྟེ། ལ་གཞས་ཀྱི་ཚིག་ཟུར་གང་རུང་ལས་མངོན་པའི་དཔེ་རིས་ནི་རང་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་དང་། མི་ཚེའི་རིན་ཐང་གི་ལྟ་བ་ལས་གཞན་ད་དུང་ཞིང་ཕྱུགས་ལས་སོགས་ཐོན་སྐྱེད་ངལ་རྩོལ་ཏེ་དངོས་ཡོད་འཚོ་བའི་ནང་གནས་པ་མཐའ་དག་མི་འབྱུང་བ་གཅིག་ཀྱང་མེད།དེ་བཞིན་དུ་ཡུལ་གྲུ་སོ་སོའི་བཀོད་པ་དང་གནམ་གཤིས་ཀྱི་འགྱུར་ལྡོག དེར་གནས་པའི་རི་དྭགས་དང་འདབ་ཆགས། སྒོ་ཕྱུགས་སོགས་སེམས་ཅན་གྱི་རིགས་དང་དབྱེ་བ། སྤྱོད་སྒོ་དང་དེའི་ཐད་ཀྱི་རྒྱུན་ཤེས་སྣ་ཚོགས་བཅས་ཀྱི་རང་བཞིན་དང་ངོ་བོ། ཁྱད་ཆོས་སོགས་གང་ལ་གང་འཚམ་གྱི་ཚུལ་དུ་དཔེར་མ་བྱུང་བ་མེད་ལ། དེ་བས་མི་རྣམས་ཀྱི་ཡིད་ལ་དོན་དངོས་ཀྱི་གནས་ཚུལ་དང་བསམ་ཚུལ་དངོས་ཀྱི་བདེན་སྣང་ཞིག་འཇོག་ཐུབ་པར་མ་ཟད། བབས་ཆགས་དང་དྭངས་གཙང་བཅོས་མིན་གྱི་འཚོ་བའི་བདེན་པ་ཞིག་རང་ཤུགས་སུ་མངོན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དུ་མས་ཕྱུག་པ་དེའང་རྟོགས་ཐུབ། ལྷག་དོན་བོད་མིའི་དངོས་ཡོད་འཚོ་བའི་ཁྲོད་བྱ་བྱེད་ཀྱི་ལས་རིགས་ཅི་དག་དེ་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བ་དམ་ཅིང་ཟབ་པར་འདུག་པས། སྤྱིར་དམངས་ཁྲོད་ངག་རྩོམ་མི་ཉུང་བ་ཞིག་ལས་མེས་པོ་གོང་མ་དག་གི་རིང་ནས་བརྒྱུད་པའི་ཡུལ་སྲོལ་གོམས་གཤིས་མི་ཉུང་བ་ཞིག་མཐོང་ཐུབ་ལ། སྒོས་སུ་ཕོ་མོའི་བར་གྱི་དུང་བ་སེམས་ཀྱི་རང་བཞིན་དེ་གསལ་ལེར་མཚོན་པར་བྱེད་པ་དེ་གཞས་ཚིག་རེ་རེའི་བརྗོད་དོན་དུ་གྱུར་པའི་མདོ་སྨད་ཀྱི་ལ་གཞས་ལས་དཔེ་འགོད་སོགས་སྒྱུ་རྩལ་གྱི་ཐབས་ཤེས་གང་རུང་ལ་བརྟེན་ནས་མངོན་པར་བྱས་ཡོད་པས། མདོ་སྨད་ཀྱི་ལ་གཞས་མི་ཉུང་བ་ཞིག་གི་ཚིག་ཟུར་ལས་གཞན་རིགས་ལ་ངོ་མཚར་གྱི་སྣང་བ་ཅིག་ཅར་ཏུ་སྟེར་ནུས་པའི་ཡུལ་གོམས་གཤིས་ལུགས་དུ་མས་ཕྱུག་པ་དེ་མངོན་པར་བྱས་ཡོད་དེ།དཔེར་ན། "སྟོད་རི་ཆེན་ལབ་ཙེ་བསྟོད་ལ་འགྲོ། ནང་སྲོག་ཤིང་བསྟོད་ཁོམ་མ་བྱུང་ན། ། ཕྱི་བལ་དཀར་རྨུ་ཐག་འཐེན་ན་འགྲོ།"①ཞེས་པའམ"རོགས་ཁྱོད་ཚོ་ཁའི་ཆེན་ལབ་རྩེ་བྱོས། ། ཕོ་ང་ཚོ་སྔུན་གི་བསང་ཁྲི་བྱ། ། སེམས་བསམ་པ་བསང་དུད་དཀར་པོ་རེད། །"②ཞེས་པ། "རྟ་འདོ་བ་སྙིང་ལ་རྗེ་བོ། ། ཁྱོའི་རྔོག་ཆུང་གཡས་པའི་ནང་ལ། ། སྲུང་དར་མཚོན་སྣ་ལྔ་བཏགས་ཡོད། །"③ཞེས་པ་སོགས་ལྟ་བུ་ལས་གཞོན་ནུ་ཕོ་མོའི་བར་གྱི་བརྩེ་དུང་དེ་བརྗོད་བྱའི་གཙོ་བོར་བཟུང་བའི་ཚིག་ཟུར་གང་རུང་ལས་རིའི་མགོར་ལབ་ཙེ་སྟོད་པ་དང་བསང་གཏོང་བ། རི་སྐེད་དང་སྒོ་འགྲམ་སོགས་སུ་དར་ལྕོག་འཛུགས་པ། ད་དུང་ནད་དང་བར་ཆད་ལས་གྲོལ་བའམ་མིའི་ཚེ་ཐག་རིང་བ་སོགས་དམངས་ཁྲོད་ཀྱི་ངོས་འཛིན་དང་ཆོས་ཀྱི་ངོས་འཛིན་གང་རུང་ལས་སེམས་ཅན་དང་ལྗོན་ཤིང་སོགས་ལ་སྲུང་རྟགས་སྣ་ཚོགས་བཏགས་ནས་ཚེ་ཐར་གཏོང་བ་སྟེ་བོད་མིའི་ཡུལ་ལྷ་གཞི་བདག་ལ་མཆོད་པ་འབུལ་ཚུལ་དང་ཆོས་ལ་དད་ཚུལ་སོགས་ཀྱི་ཡུལ་སྲོལ་གོམས་གཤིས་དུ་མ་ཞིག་མངོན་པར་འདུག་པ་ལྟ་བུ།དེ་བཞིན་དུ་དཔེར་ན། "དགོང་མུན་ནག་ས་རྩ་རུབ་དུས། ། མགོ་སྔས་ཐོག་གཅིག་ནས་གསོ་གི། ལུས་གདན་ཐོག་གཅིག་ནས་སྐྱིད་ཀི། སྐྱ་ས་ལེ་སྐྱ་མདའ་གཏོང་དུས། ། ཁ་བཀར་རེ་འགྲོ་དུས་སྡུག་གི།"④ཞེས་པའམ"རོགས་ཁ་མཐུན་བརྒྱ་ཡི་ནང་ནས། ། རོགས་ཞེ་མཐུན་ཆུང་ལོ་འཚམས་པོ། །"⑤ཞེས་པ། "ངའི་ལག་མགོའི་མཛུབ་དཀྲིས་ཕྲ་ལྡན། ། ངས་ཕུད་ལ་རོགས་ལོ་ཁྱོས་གོན། །"⑥ཞེས་པ། "མི་ཡར་འགྲོ་ཞིག་ལ་སྐད་བསྐུར། ། ཚིག་བསྐུར་འོང་ཐམས་ཅད་ང་མིན། ། ང་ཡིན་ན་ཚིག་མགོ་ཆོས་ཡིན། ། ཚིག་སྐེད་ཕ་མའི་གསུང་ཡིན། ། ཚིག་རྔ་རོགས་ཀི་མིང་ཡིན། ། "⑦ཞེས་པ་སོགས་ལྟ་བུ་ལས་ཀྱང་གཞོན་ནུ་ཕོ་མོའི་བར་གྱི་བརྩེ་དུང་མཚོན་པར་བྱེད་པ་དེ་གཞིར་བཞག་གི་སྟེང་དུ། མདོ་སྨད་ཀྱི་ས་ཆར་མཚོན་ན"ཁ་མཐུན་དང་ཞེ་མཐུན"ཞེས་དགའ་རོགས་ལའང་རིགས་མི་འདྲ་བ་ཡོད་ཚུལ་དང་། དེ་བཞིན་དུ་རོང་འབྲོག་ས་ཁུལ་དུ་གཞོན་ནུ་ཕོ་མོ་རྣམས་ཉིན་མོའི་དུས་སུ་རང་རང་གི་འོས་སུ་བབ་པའི་ལས་ལ་བརྩོན་པ་དང་། མཚན་མོའི་དུས་སུ་ད་གཟོད་གཞོན་སྐྱེས་ཀྱི་ཕོ་གསར་དག་རང་རང་གི་བརྩེ་དུང་གི་མདུན་མ་བཅོལ་སའི་བུ་མོ་དག་སྡོད་སའི་ཁྱིམ་དུ་ཕ་མ་སོགས་ལ་གསང་བའི་ཚུལ་གྱིས་བཅར་ནས་མཉམ་སྡོད་བྱེད་པ་དང་། ཡང་བརྩེ་དུང་ཤིན་ཏུ་ཟབ་པའི་དགའ་རོགས་ཟུང་གི་རྒྱུ་རྐྱེན་དུ་མའི་དབང་གིས་ཕན་ཚུན་ཁ་བྲལ་ནས་ཐག་རིང་གི་ཡུལ་དུ་འགྲོ་དུས། ཕན་ཚུན་ལ་བཅངས་པའི་བརྩེ་དུང་མཚོན་བྱེད་དུ་རྒྱུ་གང་རུང་ལས་གྲུབ་པའི་མཛུབ་དཀྲིས་སོགས་དྲན་པའི་རྟེན་དུ་འབུལ་བ་དང་། ཡང་ན་ཕན་ཚུན་ཕྲད་པའི་གོ་སྐབས་དབེན་དུས་རང་སེམས་ཀྱི་དྲན་གདུང་མཚོན་བྱེད་དུ་ལ་གཞས་སྐད་དུ་བསྐྲུར་བ་སྟེ།གཞོན་ནུ་ཕོ་མོ་དག་གི་དགའ་རོགས་འཚོལ་བའི་བརྒྱུད་རིམ་དང་གོམས་སྲོལ་སོགས་ལ་གཞས་ཀྱི་ཚིག་ཟུར་གང་རུང་ནས་མངོན་པར་འདུག་ལྟ་བུ།དེ་བས་མདོ་སྨད་ཀྱི་ལ་གཞས་ནི་མདོ་སྨད་ཡུལ་གྱི་བོད་པའི་གོམས་སྲོལ་གྱི་བང་མཛོད་ལྟ་བུ་སྟེ་ལ་གཞས་ཀྱི་ཚིག་ཟུར་གང་རུང་ལས་མངོན་པའི་ཡུལ་སྲོལ་གོམས་གཤིས་དེ་ལས་དུས་སྐབས་ཤིག་རིང་གི་མི་དམངས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་། བསམ་པའི་དྲན་ཕྱོགས། ཚེ་འདི་ཕྱིའི་བདེ་སྡུག་གི་ཆེད་དུ་དད་མོས་བྱེད་ཚུལ། ཕྱི་སྣོད་ཀྱི་ཁོར་ཡུག་དང་དེར་གནས་པའི་སེམས་ཅན་གྱི་གནས་ཚུལ་སོགས་དོན་དངོས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མཚོན་པར་བྱས་ཡོད་ལ། ལྷག་པར་དུ་འདས་དོན་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་པར་རིན་ཐང་ལྡན་པའི་རྒྱུ་ཆ་མི་ཉུང་བ་ཞིག་མཁོ་སྤྲོད་བྱས་ཡོད་པ་བཅས་ནི། དངོས་ནས་མདོ་སྨད་ཀྱི་ལ་གཞས་ལ་མངའ་བའི་ཐུན་མིན་རིན་བྲལ་གྱི་སྒྱུ་རྩལ་ཁྱད་ཆོས་ཤིག་རེད་ཅེས་བརྗོད་ཀྱང་འགལ་བའི་གནས་མེད་པར་སེམས།གཉིས་པ། དཔེ་བཀོད་པ་ཕུན་སུམ་ཚོགས་ཤིང་བརྗོད་དོན་སྣང་བརྙན་ལྡན་པ།མདོ་སྨད་ཀྱི་ལ་གཞས་ལས་བརྗོད་བྱའི་དོན་ཕོ་མོའི་བར་གྱི་བརྩེ་དུང་སྟེ་ནང་སེམས་ཀྱི་འགྱུར་བ་ཅི་རིགས་གསལ་བོར་སྟོན་ཕྱིར་བོད་རང་གི་ཁྱད་ཆོས་ལྡན་པའི་རི་ར་བ་ཁང་ཁྱིམ་དང་སྒོ་ཕྱུགས། རྒྱ་མཚོ་དང་གཙང་ཆབ། རི་སྐྱེས་ཀྱི་རི་དྭགས་དང་ཤིང་རིགས་སྣ་ཚོགས། དེ་བཞིན་དུ་མཐོ་ནམ་མཁར་འཕུར་བའི་བྱ་རིགས་དང་དམའ་ས་སྟེང་ན་རྒྱུ་བའི་འབུ་རིགས་སྟེ། མདོར་ན་བོད་པ་དག་གི་རྣམ་ཀུན་མིག་ལམ་དུ་མཐོང་བའི"ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཡོད་དོ་ཅོག་དང་། ནང་སེམས་ཅན་རིགས་དྲུག་ལ་སྣང་ངོ་ཅོག་དཔེ་མི་འཇོག་པ་དང་མ་ཁེབས་མ་འདུས་པ་གཅིག་ཀྱང་མེད་ལ། དཔེ་བཞག་པའང་གསོན་ཉམས་ལྡན་ཞིང་སྣང་བརྙན་ཆེས་གསལ་བ"⑧སྟེ། དཔེ་དོན་འབྲེལ་ཆགས་ལ་བརྗོད་དོན་གནད་དུ་ཁེལ་བ་དང་། དཔེ་དོན་སྦྱོར་ཚུལ་སྣ་མང་ཕུན་སུམ་ཚོགས་ལ་བོད་རང་གི་མིང་གི་སྦྱོར་ལུགས་དང་། ངག་གི་བརྗོད་སྟངས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱི་ཉམས་འགྱུར་ཐོན་པར་བྱས་ཡོད་པ། སྙན་ངག་མེ་ལོང་མའི་གཞུང་ལྟ་བུ་སོགས་ལ་སྦྱང་བརྩོན་མ་བྱས་ཀྱང་ཚིག་རྒྱན་གྱི་སྦྱོར་སྟངས་སྣ་མང་ཕུན་སུམ་ཚོགས་པར་མ་ཟད། "དཔེ་རྣམས་དོན་དང་མཐུན་ལ། དོན་རྣམས་དཔེ་ལས་གོ་བའི"⑨སྒྱུ་རྩལ་གྱི་ཉམས་དུ་མས་ཀུན་ནས་ཕྱུག་པ། མདོར་ན་གཞོན་ནུ་ཕོ་མོའི་བརྩེ་དུང་གི་དགའ་སྐྱོ་ཆགས་སྡང་སྟེ། ནང་སེམས་ཀྱི་འགྱུར་བ་ཅི་དག་ཕྱི་རོལ་གྱི་དངོས་པོ་གཟུགས་སྣང་ཅན་དག་གི་དཔེར་བཀོད་པའི་ཚིག་གི་ཕྲེང་བ་རེ་རེའི་ཁྲོད་དུ་མངོན་པར་བྱས་ཏེ། ཉན་མཁན་ཁྲི་སྟོང་མང་པོའི་བློ་ཡིད་ཀུན་ནས་འཕྲོག་ཐུབ་པའི་རྨད་དུ་བྱུང་བའི་སྒྱུ་རྩལ་གྱི་ཚེ་སྲོག་འཛོམས་པར་བྱས་ཡོད་པ་སྟེ།དཔེར་ན། "ས་མར་ལྟོས་སྡེ་ཆེན་དཀྱིལ་ན། ། ཡུལ་ཕ་མ་འདྲ་བའི་རོགས་ཡོད། ། ཁྱིམ་བུ་ཕྲུག་འདྲ་བའི་འདང་ཡོད། ། "10ཞེས་པའམ"བྱ་ཁུ་བྱུག་སྙིང་ལ་རྗེ་བོ། ། ཁྱོད་རི་གསུམ་རྩེ་ནས་གྲགས་ན། ། ངས་ལུང་གསུམ་མདོ་ནས་གོ་གི། གསུང་གོ་དུས་སྨྲེང་བ་སྐྱེ་གི། ངས་སྨྲེང་བ་ཤིང་ལ་བཀུག་ན། ། ཤིང་སྣེ་ལོ་མདུད་པ་རྒྱག་གི། རོགས་ཆུང་ལོ་སྙིང་ལ་རྗེ་བོ། ། ཁྱོས་ཕྱི་སྡེ་གྲོང་ནས་གླེང་ན། ། ངས་ཕ་མའི་རྩིབ་ནས་གོ་གི། ཚིག་གོ་དུས་སྨྲེང་བ་སྐྱེ་གི། ངས་སྨྲེང་བ་ཁོག་ལ་བཅུག་ན། ། ཤ་མཆིན་པའི་སྟེང་འོག་བརྗེ་གི། "11ཞེས་པ་སོགས་ལྟ་བུ་སྟེ། ཕན་ཚུན་འདྲིས་ཤིང་མཐུན་པར་གྱུར་པའི་གཞོན་ནུ་ཕོ་མོ་དག་གི་རི་རབ་ལས་དཔངས་མཐོ་བ་དང་། རྒྱ་མཚོ་ལས་གཏིང་ཟབ་པའི་རང་བཞིན་དྲང་བོའི་བརྩེ་དུང་དེ། རང་གཞན་ཀུན་གྱིས་ཕ་མ་དང་བུ་ཕྲུག་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་འདང་དེའི་དཔེར་བཀོད་པ་བརྒྱུད་ནས་མཚོན་པར་བྱས་ཡོད་པ་དང་། ཡང་དུང་སེམས་འོ་མའི་རང་མདངས་ལ་ནམ་ཡང་འགྱུར་བ་མེད་པའི་ཞེ་མཐུན་ཕོ་མོ་ཟུང་གིས་ཕན་ཚུན་དྲན་པའི་སེམས་ཀྱི་འགྱུར་བ་དེ། "ཤིང་སྣེ་ལོ་མདུད་པ་རྒྱག་པ"ཞེས་པའི་དཔེས་སྣང་བརྙན་འབུར་དུ་ཐོན་པའི་སྒོ་ནས་མཚོན་པར་བྱས་པ་འདི"སེམས་མེད་རབ་རྟོག་དང་འདྲ་ཡང་། སྙན་གཞུང་གི་སེམས་མེད་རབ་རྟོག་གི་རྒྱན་ལས་ཀྱང་བྲོ་བ་ཆེ་ཞིང་། སྐྱོ་ཉམས་ལྡན་པའི་བརྩེ་དུང་ངོ་མ་ཞིག་གི་སྣང་བརྙན་དེ་དཔེ་རིས་བཞིན་གསལ་བོར་མངོན་ཐུབ"12པར་བྱས་ཡོད་པ་སྟེ།ལ་གཞས་ཀྱི་དཔེ་འཇོག་གསལ་ཞིང་ངོ་མཚར་ཆེ་བ། དཔེ་དང་དཔེ་ཅན་རན་ཞིང་འཚམ་པ། མཚོན་བྱེད་དཔེའི་ཁྱད་ཆོས་ཇི་ལྟ་བ་བཞིན་མཚོན་བྱའི་དོན་གྱི་སྟེང་དུ་མཚུངས་པར་གནས་པ་བཅས་རབ་བཏགས་དང་འཕྲུལ་སྣང་སོགས་ཀྱིས་ཀུན་ནས་ཕྱུག་ཅིང་། དཔེ་བཀོད་པ་དོན་དང་མཐུན་ལ་བརྗོད་དོན་སྣང་བརྙན་ལྡན་པའི་སྒྱུ་རྩལ་གྱི་རོ་ཉམས་ཕུན་སུམ་ཚོགས་པའོ། །གསུམ་པ། རྗོད་བྱེད་ཀྱི་ཚིག་སྟབས་བདེ་ཞིང་གསོན་ཉམས་ལྡན་པ། སྤྱིར་དམངས་ཁྲོད་རྩོམ་རིག་ནི་ངག་ཐོག་ནས་གསར་རྩོམ་བྱས་པའི་སྒྱུ་རྩལ་རྩོམ་རིག་ཞིག་ཡིན་པས། ཚང་མར་ངག་ཐོག་རང་བཞིན་གྱི་ཁྱད་ཆོས་ལྡན་པ་དང་། མདོ་སྨད་ཀྱི་ལ་གཞས་འདིའང་མང་ཚོགས་ཀྱི་ངག་ནས་ཡང་ཡང་བཙོ་སྦྱངས་བྱས་པའི་སྐད་ཆའི་དྭངས་མ་ལྟ་བུ་ཡིན་པས། རྗོད་བྱེད་ཀྱི་ཚིག་རྣམས་སྙན་ཞིང་གོ་བདེ་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བློ་ཁ་དང་མཐུན་པའི་ཕལ་སྐད་ཀྱིས་ཀུན་ནས་ཕྱུག་པ། དོན་རྟོགས་དཀའ་བའི་མངོན་བརྗོད་དང་བརྡ་རྙིང་གང་གིས་ཀྱང་བཅིངས་མེད་པས། "སྐྱེས་ཕོ་མོ་ཁ་རྒན་གཞོན་སུ་ཡིན་ཡང་ངག་ཐོག་ནས་གསར་རྩོམ་དང་ཞུ་དག་བརྒྱུད་སྤེལ་བཅས་བདེ་ལེགས་ངང་བྱེད་པར་མ་ཟད། བླངས་མ་ཐག་ཏུ་བརྗོད་བྱའི་དོན་རྣམས་བློ་ལ་ངལ་བ་མེད་པར་ལྷང་ངེར་ངེས་ཐུབ་"13དཔེར་ན"དབྱར་ཟླ་གསུམ་ལ་དཀར་ནོ། ། དཀར་ཤ་ཁ་མས་འདུག་ནོ། ། རྫ་བྲག་དཀར་སྒང་གི་གངས་རེད། ། ང་སྐྱེ་བ་གཅིག་ལ་དུང་ནོ། ། ང་དུང་ཤ་ཁ་མས་འདུག་ནོ། ། ལོ་ཆུང་དུས་འགྲོགས་ཀི་རོགས་རེད། ། 14ཅེས་པ་ལྟ་བུ་སྟེ། བོད་རིགས་མང་ཚོགས་ལ་རྒྱུས་མངའ་བའི་དཔེ་དྲངས་པ་དོན་དང་མཐུན་པ། རྗོད་བྱེད་ཀྱི་ཚིག་གནད་དུ་འཁེལ་ཞིང་གསོན་ཉམས་ལྡན་ལ་བབ་ཆགས་པ། ཚིག་འབྲུ་ལེགས་ཤིང་རྗོད་པ་གཙང་བས། བརྗོད་བྱའི་དོན་ཡིད་ལ་ངེས་བདེ་བ་སོགས་ལ་གཞས་ལ་རོ་མྱོང་བྱེད་མཁན་དག་གི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འགུགས་པའི་སྒྱུ་རྩལ་གྱི་ནུས་པ་དང་ཁྱད་ཆོས་དུ་མས་ཕྱུག་པའི་སྡེབ་སྦྱོར་ཚིག་གི་རྒྱ་མཚོ་ལྟ་བུ་ཞིག་ཏུ་གྲུབ་པར་སྣང་།དེ་བཞིན་ལ་གཞས་ནི་ཚིག་སྦྱོར་ཉུང་ལ་དོན་ཟབ་པ་དང་། ཕན་ཚུན་ལ་བརྡ་སྤྲོད་སླ་བའི་རང་བཞིན་ཡང་ལྡན། ལ་གཞས་ཀྱི་ངག་ཐོག་གི་རྗོད་ཚིག་ནི་ཆེས་རྟོགས་སླ་བའི་སྒོ་ནས་འདུ་ཤེས་མངོན་པར་བྱེད་པའི་སྒྱུ་རྩལ་གྱི་ལག་ཆ་ཞིག་ཡིན་པས། དེ་ནི་དར་ཁྱབ་འགྲོ་བ་མགྱོགས་ལ་བློར་འཛིན་བདེ་བ། ལོ་ཚོད་དང་ལུས་རྟེན་གྱིས་ཚད་བཀག་མ་ཐེབས་པར་རྒན་སྐྲ་དཀར་ལོ་ལོན་མན་ཆད་དང་། གཞོན་སོ་དཀར་བྱིས་པ་ཡན་ཆད་ཉན་པར་དགའ་ཞིང་ལེན་པར་སྤྲོ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཅིག་ཏུ་ཆགས་ཡོད། ལ་གཞས་ཀྱི་རྗོད་བྱེད་ཚིག་གི་ཕྲེང་བ་རྒྱུ་བྱེད་ཀྱི་ཐ་སྙད་དེ་དག་ཀྱང་བོད་རང་གི་དངོས་ཡོད་ཀྱི་འཚོ་བ་དང་འབྲེལ་ཞིང་། མེས་པོ་གོང་མ་དག་གི་རིང་ནས་བརྒྱུད་པའི་ཆེས་མཐོ་བའི་སྒྱུ་རྩལ་གྱི་རང་བཞིན་དང་སྐད་ཆའི་དྭངས་མ་ལྟ་བུ་ཡིན།དེ་ཡང་དཔེར་ན། ལ་གཞས་ཀྱི་རྗོད་ཚིག་ལས་བྱུང་བའི"བྱ་ཁུ་བྱུག་དང་ནགས་རྒྱ་རྫོང་། འབྲོང་བྲེ་སར་དང་རྫ་ཁྲ་ཡག རྟ་འདོ་བ་དང་སྒ་ལྷུ་བཞི། བོའུ་ཁྲ་རིང་། རོགས་ཆུང་ལོ་དང་འདང་ཞེ་བརྩེ། ཤ་མཆིན་པ། མིག་ཁྲ་ཆུང་། ཆར་བསིལ་མ་དང་འབྲུག་ཕོ་ཆུང་ངམ་ཕོ་ཆུང་འབྲུག གནམ་ལྕགས་ཐོག ད་དུང་ཁ་དཀར་རྐྱང་། སྨུག་ཆུང་དྲེལ། ཁྱུང་དཀར་མཛོ"སོགས་ལྟ་བུའི་ཐུན་མིན་གྱི་ཐ་སྙད་རིགས་འདི་དག་གཞན་སྐད་ལ་རང་སྣང་གང་ཤར་དུ་སྒྱུར་མི་ཐུབ་ལ། གལ་ཏེ་བཙན་སྒྱུར་བྱས་ན་གཞས་ཚིག་རང་སྟེང་གི་ངོ་བོ་འགྱུར་བའམ་བྲོ་བ་ཉམས་འགྲོ་བས་སྒྱུ་རྩལ་དེའི་བདག་པོ་ཚོས་ཁས་ལེན་མི་སྲིད། དེ་བས་མདོ་སྨད་ཡུལ་དུ་དར་ཁྱབ་ཆེ་བའི་ལ་གཞས་འདི། བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་དོ་རའི་ནང་ན་སྒྱུ་རྩལ་གྱི་མེ་ཏོག་ལྷམ་མེར་བཞད་ཅིང་། ཕོ་མོའི་དུང་སེམས་ཀྱི་དྲི་བསུང་རིང་དུ་ཐུལ་བའི་སེམས་ཀྱི་སྨན་དང་། བསམ་པའི་ཟས་སུ་འགྱུར་ཐུབ་པའི་རྒྱུ་མཚན་ཡང་གཞས་ཚིག་རང་སྟེང་གི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་དེ་དངོས་ཤུགས་གང་རུང་ལས་མངོན་ཐུབ་པར་བྱས་ཡོད་པ་དེ་ཡིན་པ་ང་ཚོས་ལས་སླ་བའི་ངང་ནས་རྟོགས་ཐུབ།མདོར་ན་ལ་གཞས་ནི་འཆར་སྒོ་ཕུན་སུམ་ཚོགས་ལ་གཟུགས་སྣང་དོད་པ། བོད་མིའི་མཛེས་དཔྱོད་ཀྱི་ལྟ་བས་ཀུན་ནས་ཕྱུག་པ། རྗོད་ཚིག་སྟབས་བདེ་ཞིང་ཁ་སྐད་ཀྱི་རྣམ་པ་ཤུགས་ཆེ་བ། ལུས་ཀྱི་རྣམ་པ་སྟབས་བདེ་ཞིང་སྒྱུ་རྩལ་གྱི་མཚོན་ཐབས་སྣང་བརྙན་ལྡན་པ། བརྗོད་བྱ་འབུར་དུ་ཐོན་ཞིང་རྗོད་བྱེད་ཚིག་གསོན་ཉམས་ལྡན་པ། ཕུན་སུམ་ཚོགས་པའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ། རིག་པའི་གནས་ལ་སྦྱང་བ་བྱས་ཡོད་མེད་ཀུན་གྱིས་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་དམངས་ཁྲོད་ངག་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་རྣམས་མ་ལུས་གཅིག་འདུས་ཀྱི་བང་མཛོད་ལྟ་བུ་ཞིག་ཡིན་ནོ། །དོན་ཚན་གཉིས་པ། ལ་གཞས་ཀྱི་ད་ལྟའི་གནས་བབ།དང་པོ། ལ་གཞས་འཚོལ་སྡུད་ལེགས་སྒྲིག་ཐད་ཀྱི་གནས་ཚུལ་སྐོར།
          "དུས་སྐབས་གསར་བའི་ནང་དུ་བོད་སྐད་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན། གློག་བརྙན། སྒྲ་གཟུགས་པར་སྐྲུན་བཅས་ཀྱི་ལས་རིགས་འཕེལ་རྒྱས་སུ་སོང་བ་དང"15བསྟུན་ནས། རང་རེའི་ཤེས་ལྡན་པ་ཁག་ཅིག་གིས་རང་རིགས་ཀྱི་དམངས་ཁྲོད་ན་བག་ལ་ཉལ་བའི་ལ་གཞས་གཙོར་བཟུང་གིས་དམངས་ཁྲོད་ཀྱི་ངག་རྩོམ་མི་ཉུང་བ་ཞིག་སྔར་ཡོད་ཀྱི་རྣམ་པ་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་ནང་དོན་བསྐྱར་ཟློས་དང་གོང་འོག་འགལ་བ། ཚིག་སྐྱོན་ཆེ་བ་ལ་སོགས་པའི་སྐྱོན་ཆ་སྤངས་དོར་བྱས་ཏེ་ཡི་གེར་བཀོད་ནས་དག་སྒྲིག་དཔེ་སྐྲུན་བྱེད་པ་དང་སྒྲ་ཐག་ཏུ་ཕབ་པ། བརྙན་རིས་སུ་ཕབ་ནས་འོད་སྡེར་བསྐྲུན་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་ནས། དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་འདས་པའི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་གྲུབ་འབྲས་ཆེན་པོ་ཞིག་བླངས་ཡོད།༡ ལ་གཞས་པར་སྐྲུན་གྱི་སྐོར།དེ་ཡང་རོང་འབྲོག་ཕྱོགས་སུ་ཆར་ཆུ་མོད་པ་དང་སད་སེར་མི་འབྱུང་བ་སྟེ། རང་བྱུང་གི་གནོད་འཚེ་མཐའ་དག་ཟློག་པའི་ཕྱིར། ལྷ་ཀླུ་གཉན་བཙན་སོགས་གང་ལ་གང་མོས་ལྟར་མི་རྣམས་ལྷན་དུ་འདུས་ནས་མཆོད་སྟོན་རྒྱ་ཆེན་པོ་བྱེད་པའི་སྲོལ་ཡོད། དཔེར་ན་རེབ་གོང་གི་དྲུག་པའི་ཀླུ་རོལ་དང་། ཁྲི་ཀའི་དྲུག་པའི་ལྷ་རྩེ། གཅན་ཚའི་བཅུ་བའི་དགའ་སྟོན། ཆབ་ཆའི་ལབ་ཙེ་ཁྲ་རིས་སོགས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཡུལ་སྲོལ་དུ་མས་ཕྱུག་པའི་མཆོད་བསྟོད་ཀྱི་དུས་ཆེན་འདི་དག་རོལ་བའི་ཁྲོད་ལ་གཞས་ནི་མེད་དུ་མི་རུང་བའི་རིག་རྩལ་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དེ་བཞིན་དུ་ས་གནས་སོ་སོའི་དགའ་སྟོན་དུས་ཆེན་ནམ་ཚོང་རྫས་བརྗེ་རེས་ཀྱི་དུས་དང་། ལོ་གསར། གཉེན་སྟོན། སྨོན་ལམ་སོགས་འདུ་ཚོགས་ཆེ་གྲས་ཚང་མར་ལ་གཞས་ལེན་རེས་བྱེད་པའི་སྲོལ་དར་ཡོད་པས། ལ་གཞས་པར་སྐྲུན་གྱི་ཐད་དུ་སྤྱི་ཕྱོགས་ནས་གཞན་ལ་མེད་པའི་སྔོན་འགྲོའི་ཆ་རྐྱེན་མི་དམན་པ་ཞིག་བསྐྲུན་ཡོད།སྒོས་སུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་བཟུང་རང་རེའི་ཤེས་ལྡན་པ་སྐོར་ཞིག་གིས་དུས་ཡུན་རིང་བོར་བག་ལ་ཉལ་བའི་ཕོ་མོའི་བརྩེ་དུང་མཚོན་བྱེད་ཀྱི་དམངས་ཁྲོད་ཀྱི་ངག་རྩོམ་ལ་གཞས་འདིའི་རིན་ཐང་དང་དོན་སྙིང་རྟོགས་ཏེ། དེ་དག་འཚོལ་སྡུད་ལེགས་སྒྲིག་བྱེད་པའི་མགོ་བརྩམས་པ་སྟེ། དཔེར་ན་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གྱིས་སྤྱི་ལོ༡༩༨༡ལོར་《མང་ཚོགས་སྒྱུ་རྩལ》ཞེས་པའི་དམངས་ཁྲོད་རྩོམ་རིག་གི་དུས་དེབ་འདི་ཐོག་མར་སྤེལ་མགོ་ཚུགས་པ་དང་།  བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱིས་སྤྱི་ལོ༡༩༨༣ལོར《བོད་ལྗོངས་མང་ཚོགས་རིག་རྩལ》ལམ《སྤང་རྒྱན་མེ་ཏོག》ཅེས་པའི་དུས་དེབ་སྤེལ་ནས་དམངས་ཁྲོད་ཀྱི་ངག་ཐོག་ན་རྒྱུན་འཇགས་སུ་གནས་པའི་ལ་གཞས་གཙོ་བྱས་པའི་གླུ་དང་གླུ་ཤགས་སོགས་ཡིག་ཐོག་ཏུ་འགོད་པའི་ལོ་རྒྱུས་ཀྱི་ཤོག་ལེ་དང་པོ་བགྲང་བ་ལྟ་བུ་དང་། དེའི་རྗེས་སུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《ཟླ་ཟེར》《སྦྲང་ཆར》སོགས་སུའང་དམངས་ཁྲོད་རྩོམ་གི་ལེ་ཚན་རེ་བཏོད་ནས་ངག་རྩོམ་སྣ་ཚོགས་སྤེལ་བའི་མགོ་ཚུགས་པ་ཡིན།༡༩༨༡ལོར་མཚོ་སྔོན་ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང་གི་རོགས་རམ་ལ་བརྟེན་ནས་རང་རིགས་ལ་ཞེ་འདང་དཀར་བའི་ཤེས་ལྡན་པ་ནོར་བུ་དང་རྡོ་རྗེ་ཚེ་རིང་སོགས་ཀྱིས་མདོ་སྨད་ཀྱི་གླུ་བ་གླུ་མ་སྐོར་ཞིག་གི་བློ་ངོ་ན་ཉར་བའི་ལ་གཞས་དེ་དག་འཚོལ་སྡུད་བྱས་ཏེ། 《བོད་ཀྱི་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ》ཞེས་པའི་དེབ་ཆུང་འདི་ཐོག་དང་པོར་པར་སྐྲུན་བྱས་པ་དེ། ལ་གཞས་ལ་ཉན་པར་དགའ་ཞིང་ལེན་པར་སྤྲོ་བའི་རོལ་མྱོང་མཁན་ཁྲི་སྟོང་མང་པོའི་བསམ་པའི་ཟས་སུ་གྱུར་པར་མ་ཟད། མདོ་སྨད་ཀྱི་ལ་གཞས་ལ་ཞིབ་འཇུག་བྱེད་པའི་ཐད་དུ་སྔོན་ན་མེད་པའི་རྒྱུ་ཆ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། དེ་བཞིན་དུ"༡༩༨༩ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས《ཁུ་བྱུག་སྔོན་མོའི་མགྲིན་གླུ》ཞེས་པ་ཞིག་དང་། ༡༩༩༣ལོར《ལ་གཞས་ཁུ་བྱུག་གསུང་སྙན》ཟེར་བ་ཞིག་དཔེ་སྐྲུན་བྱས་ཡོད་པ་དང་།"16 ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས1994ལོར《ཨ་མདོའི་ཤགས་འགྱེད་ལ་གཞས》ཞེས་པ་དང་། "1997ལོར་བཀྲ་ཤིས་རྒྱལ་མཚན་དང་ར་རྫ་དཀོན་མཆོག་གིས་སྡུད་སྒྲིག་བྱས་པའི《ལ་གཞས་མཐུན་པ་དྲུག་སྐོར》དང《ལ་ཤགས་ཁྲོམ་ཆེན་དགུ་རྫོགས》"17ཞེས་པ། 2002ལོར་སྟག་འབུམ་ཐར་དང་སྐལ་བཟང་གཉིས་ཀྱིས་སྡུད་སྒྲིག་བྱས་པའི《ལ་གཞས་བུང་བ་གཞོན་ནུའི་མགྲིན་དབྱངས》ཞེས་པ། 2005ལོར་ཀུན་དགའ་རྒྱལ་མཚན་གྱིས་སྡུད་སྒྲིག་བྱས་པའི《བོད་ཀྱི་ལ་གཞས་གཞོན་ནུ་ཡིད་ཀྱི་མཛེས་རྒྱན》ཞེས་པ་དང《བོད་ཀྱི་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ》(ཀན་སུའུ་མི་རིགས་དཔེ་སྐྲུན་དུ2000ལོར་པར་དུ་བསྐྲུན)ཞེས་པ། གླུ་བ་ཚེ་དཔལ་སྐྱབས་ཀྱིས་བསྒྲིགས་པའི《བོད་ཀྱི་ལ་གཞས》ཞེས་པ། ཚེ་རིང་ལྷ་མོས་སྡུད་སྒྲིག་བྱས་པའི《ལ་གཞས》ཞེས་པ་སོགས་ལྟ་བུའི་དཔེ་དེབ་མི་ཉུང་བ་ཞིག་པར་དུ་བསྐྲུན་ཡོད། ཡང《ལ་གཞས་འཇོལ་མོའི་དབྱངས་སྙན》སོགས་ལྟ་བུའི་པར་སྐྲུན་གྱི་དུས་དང་ཡུལ་ལམ་སྡུད་སྒྲིག་མཁན་སོགས་གང་ཡང་བཀོད་མེད་པའི་ལ་གཞས་ཕྱོགས་བསྒྲིགས་ཀྱི་དེབ་མི་ཉུང་བ་ཞིག་པར་དུ་བསྐྲུན་འདུག་པ་དེ་དག་མདོ་སྨད་ཀྱི་ཚོང་ར་སོ་སོ་ནས་གང་སར་མཐོང་ཐུབ་པས་འདིར་རེ་རེ་བཞིན་མ་བཀོད་པའོ། །2ལ་གཞས་སྒྲ་ཕབ་ཀྱི་སྐོར།ལ་གཞས་སྒྲ་ཐག་གི་ཐད་དུ་ཐོག་དང་པོའི་སྒྲ་ཐག་དེ་གང་ཡིན་པའི་ཐད་དུ་གསལ་ཁ་མི་ལོན་རུང་། ལོ་རབས་དགུ་བཅུའི་སྔ་གཞུག་ནས་མགོ་བཟུང་སྟེ་ལ་གཞས་ཀྱི་སྒྲ་ཐག་དེའང་ཉན་མཁན་ཁྲི་སྟོང་མང་པོའི་འདོད་བློ་ལྟར་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་གྲངས་འབོར་མི་ཉུང་བ་ཞིག་བསྐྲུན་དང་སྐྲུན་བཞིན་འདུག་པ་སྟེ། དཔེར་ན། མཚོ་སྔོན་ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་བསྐྲུན་པའི་སྒྲ་ཐག་ལ། ཚེ་རིང་དང་ལྕགས་མོ་རྒྱལ་གཉིས་ཀྱིས་བླངས་པའི《འཇིག་རྟེན་སྣང་བ》ཞེས་པ་དང་། པ་ཁོ་དང་བྱང་མོ་སྐྱིད་གཉིས་ཀྱིས་བླངས་པའི《ཞེ་སྣང་བ་ཞིམ་མངར་འོ་མ་རེད》ཞེས་པ། དགེ་བོ་བཀྲ་ཁོ་དང་གཡང་མཚོ་སྐྱིད་གཉིས་ཀྱིས་བླངས་པའི《དེང་རབས་ལ་གཞས》ཞེས་པ། དཀོན་མ་དང་ཀླུ་མོ་འཚོ་སོགས་ཀྱིས་བླངས་པའི《རི་སིལ་དམར་པོ》ཞེས་པ། མེ་ཏོག་སྐྱིད་དང་གནམ་ལྷ་འབུམ་སོགས་ཀྱིས་བླངས་པའི《རོགས་ཆུང་ལོ་མཚོ་ཁའི་མེ་ཏོག་རེད》ཞེས་པ། དེ་བཞིན་དུ་༢༠༠༣ལོར་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་དང་མཚོ་ལྷོ་ཁུལ་མང་ཆོགས་སྒྱུ་རྩལ་ཁང་གཉིས་ཀྱིས་བསྐྲུན་པའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་ཚོགས་ཐེངས་དང་པོའི་རྒྱལ་ཕམ་འགྲན་རྩོད་ཆེད་བསྒྲིགས《དམ་ཚིག་མེ་ལྟར་འབར་བ》ཞེས་པ་དང་། ༢༠༠༤ལོའི་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་བོད་རིགས་དམངས་ཁྲོད་ཀྱི་ལ་གཞས་འགྲན་ཚོགས་《གསར་བཞད་མེ་ཏོག་ཆུན་པོ》ཞེས་པ། སྒྲོལ་མ་ཚེ་རིང་དང་ཚེ་དཔལ་སྐྱབས། ཆོས་ཕྲུག ལྕགས་མོ་རྒྱལ་སོགས་མདོ་སྨད་ཀྱི་མིང་དུ་གྲགས་པའི་གླུ་བ་གླུ་མ་སྐོར་ཞིག་གིས་ལོ་སྟུད་མར་བླངས་པའི་མུ་འབྲེལ་སྒྲ་ཐག《ལ་གཞས་མཛོད》ཞེས་པའི་འདོན་ཐེངས་དང་པོ་ནས་བརྒྱད་པ་སོགས་ལྟ་བུའི་ལ་གཞས་ཀྱི་སྒྲ་ཐག་བགྲང་གིས་མི་ལང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ལྟ་བུ། འདིར་བཀོད་པའི་སྒྲ་ཐག་ཀྱང་མདོ་སྨད་དུ་མང་ཚོགས་རྣམས་ཀྱིས་ཆེས་དགའ་བསུ་ཐོབ་པའི་གླུ་བ་གླུ་མ་ཚོས་བླངས་པའི་ཚབ་མཚོན་རང་བཞིན་ལྡན་པའི་སྒྲ་ཐག་འགའ་ཡིན་པ་ལས་གཞན་ཚོང་རའི་ཁྲོད་ན་ཡོད་པའི་སྒྲ་ཐག་རྣམས་རེ་རེ་བཞིན་མ་བཀོད་པ་ཡིན།༣ལ་གཞས་བརྙན་ཕབ་ཀྱི་སྐོར།ལོ་རབས་བརྒྱད་ཅུ་ནས་མགོ་བཟུང་སྟེ་མདོ་སྨད་ཀྱི་ལ་གཞས་འདི་པར་སྐྲུན་བྱེད་མགོ་བརྩམས་པ་ནས། རིམ་བཞིན་བོད་ཀྱི་ཤེས་ལྡན་པ་དག་གིས་སྒྲ་ལེན་འཕྲུལ་ཆས་སྤྱད་དེ། ས་གནས་སོ་སོའི་སྐད་གྲགས་ཅན་གྱི་གླུ་བ་གླུ་མའི་སྙན་པའི་གྲེ་འགྱུར་གྱི་གདངས་དབྱངས་སྙན་མོ་དེ་ཉན་མཁན་ཁྲི་མ་འབུམ་གྱི་རྣ་བའི་ཟས་སུ་ཕུལ་བ་དང་ཆབས་ཅིག དམངས་ཁྲོད་ནས་འཚར་ལོང་བྱུང་བའི་ལ་གཞས་ཀྱི་དབྱངས་རྟ་དག་དབྱངས་ཀྱི་ངེས་པ་བདུན་སོགས་ཀྱི་ལམ་ནས་ཡིག་ཐོག་ལ་བཀོད་མེད་པའི་སྟོང་ཆ་དེ་རང་ཤུགས་ནས་ཁ་སྐོང་བར་བྱས་ཡོད་ལ། སྒོས་སུ་ཉེ་བའི་ལོ་འགའི་རིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་དང་བསྟུན་ནས། ཞིང་ཆེན་དང་ཁུལ་སོགས་ས་གནས་སོ་སོའི་མང་ཚོགས་སྒྱུ་རྩལ་ཁང་དང་། དམངས་ཁྲོད་རྩོམ་རིག་ལ་དུང་ཞེན་ཆེ་བའི་ཤེས་ལྡན་པ་ཚོས་སྔར་ལས་ལྷག་པའི་སྒོ་ནས་བརྙན་ལེན་འཕྲུལ་ཆས་སོགས་བེད་སྤྱད་དེ། ས་ཆ་སོ་སོའི་དགའ་སྟོན་དུས་ཆེན་ཁྲོད་ཀྱི་ལ་གཞས་སྤྲོ་ཚོགས་ལ་དངོས་སུ་ཞུགས་ནས། ལ་གཞས་ལེན་མཁན་ཚོའི་ངག་གི་སྒྱུ་རྩལ་དང་ལུས་ཀྱི་ཉམས་འགྱུར་སོགས་མདོར་ན། ལ་གཞས་སྤྲོ་ཚོགས་ཀྱི་རྣམ་པ་དང་ལ་གཞས་ཀྱི་ལེན་སྟངས་སོགས་ཆ་ཚང་བའི་སྒོ་ནས་བརྙན་རིས་ལ་ཕབ་དང་ཕབ་བཞིན་འདུག་པ་སྟེ། དཔེར་ན། མདོ་སྨད་ཁྲི་ཀའི་ལྷ་རྩེད་ཁྲོད་དུ་ལ་གཞས་ལེན་པར་དགའ་ཞིང་ཉན་པར་སྤྲོ་བའི་རྒན་དར་གཞོན་གསུམ་རྣམས་རྨ་ཆུའི་འགྲམ་རྒྱུད་ཀྱི་ནགས་ཚལ་དུ་མ་གྲོས་རང་མཐུན་དུ་འཛོམས་ནས། ན་གཞོན་ཕོ་མོ་རྣམས་ཀྱིས་དུང་བ་སེམས་ནང་གི་རི་མོའི་གཟུགས་བརྙན་ཡོད་ཚད་སྙན་པའི་གྲེ་འགྱུར་གྱི་དབྱངས་རྟར་དྲངས་ཏེ། ཕན་ཚུན་ལ་བརྗོད་པའི་ཚུལ་དེ། མཚོ་སྔོན་ཁུ་ནུ་སྒྲ་བརྙན་པར་སྐྲུན་ཁང་གིས་༢༠༠༡ལོར་བསྐྲུན་ཅིང་སྐྱ་ལོ་དང་བྱམས་པ་འཚོ་སོགས་ས་གནས་དེ་གའི་གླུ་བ་གླུ་མ་སྐོར་ཞིག་གིས་བླངས་པའི《ཨ་མདོའི་ལ་གཞས་གཞོན་ནུའི་འགྱུར་ཁུགས》ཞེས་པ་དང་། ཀླུ་བྷ་ཚེ་རིང་དང་སྒྲོན་དཀར་འཚོ་གཉིས་ཀྱིས་བླངས་པའི《རེ་སྒུག་གི་ལོ་ཟླ་རིང་མོ》ཞེས་པ། དེ་བཞིན་དུ་༢༠༠༤ལོའི་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་དང་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་རིགས་དམངས་ཁྲོད་ཀྱི་ལ་གཞས་འགྲན་ཚོགས《གསར་བཞད་མེ་ཏོག་ཆུན་པོ》ཞེས་པ།(ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་བསྐྲུན) མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་རིགས་དམངས་ཁྲོད་ཀྱི་ལ་གཞས་འགྲན་ཚོགས《ཁ་ལ་གཞས་གསེར་དངུལ་ཐང་ནས་ལེན》(སྟོད་ཆ་དང་སྨད་ཆ)ཞེས་པ་སོགས་ལྟ་བུའི་བརྙན་ཕབ་ཀྱི་འོད་སྡེར་བགྲང་གིས་མི་ལང་བ་ཞིག་ལོ་རེར་བྱུང་དང་འབྱུང་བཞིན་འདུག དེའང་འདིར་བཀོད་པ་ནི་བརྙན་རིས་ཕབ་ལེན་གྱི་རྒྱུ་ཆ་བཟང་ཞིང་ལ་གཞས་ལེན་སྟངས་ཀྱི་མགོ་མཇུག་བར་གསུམ་ཆ་ཚང་བ་དང་། དམངས་ཁྲོད་ན་ཆེས་དགའ་བསུ་ཐོབ་པའི་གླུ་བ་གླུ་མ་དག་གིས་བླངས་པའི་ལ་གཞས་ཀྱི་འོད་སྡེར་དག་ཡིན་པ་ལས། ཚོང་རའི་ཁྲོད་ཀྱི་ལ་གཞས་འོད་སྡེར་དག་ཡིག་ཚོགས་སྐྱུང་ཕྱིར་འདིར་རེ་རེ་བཞིན་མ་བཀོད་པ་ཡིན།ལ་གཞས་སྤྲོ་ཚོགས་དང་ལ་གཞས་འགྲན་སྡུར་སོགས་མདོར་ན་ལ་གཞས་ཐད་ཀྱི་སྒྱུ་རྩལ་རྣམ་པ་དག་མ་ལུས་གཅིག་འདུས་ཀྱི་ཚུལ་དུ་བརྙན་རིས་ལས་མངོན་པར་བྱས་པ་འདིས། ཕ་མེས་ཡང་མེས་ནས་བརྒྱུད་པའི་ངག་རྩོམ་འདི་དར་སྤེལ་དང་རྒྱུན་འཛིན་བྱེད་པར་སྔོན་ན་མེད་པའི་གྲུབ་འབྲས་ཤིག་བླངས་ཡོད་པར་མ་ཟད། ལ་གཞས་སྤྲོ་ཚོགས་སོ་སོ་ནས་མངོན་པའི་ཡུལ་སྲོལ་གོམས་གཤིས་མི་ཉུང་བ་ཞིག་ཀྱང་བརྙན་ཕབ་འོད་སྡེར་ལས་བརྒྱུད་སྒྲོག་བྱས་ཡོད་ལ། ལྷག་དོན"མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་རེ་ཞུའི་ལྟར༢༠༠༦ལོའི་ཟླ༥པའི་ཚེས༢༠ཉིན་མདོ་སྨད་ཡུལ་གྱི་ལ་གཞས་འདི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་བཅད་ལྟར་རྒྱལ་ཁབ་རིམ་པའི་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་གྲས་སུ་ཚུད་པ"18ལ་སྔོན་འགྲོས་ཀྱི་ཆ་རྐྱེན་གཞན་གྱིས་སྒྲུན་དུ་མེད་པ་ཞིག་བསྐྲུན་ཡོད་དོ། །གཉིས་པ། ལོ་རབས་དགུ་བཅུའི་ནང་གསར་དུ་བྱུང་བའི་ལ་གཞས་དགུ་ཚིག་མའི་སྐོར།མདོ་སྨད་ཡུལ་དུ་ལ་གཞས་ཚེག་བར་བདུན་དང་བརྒྱད་ཅན་སོགས་ཡུན་རིང་དུ་དར་ཁྱབ་བྱུང་བའི་རྨང་གཞིའི་སྟེང་། སྐྱེས་སྟོབས་ཀྱི་དཔལ་འབར་བའི་གཞོན་སྐྱེས་ཀྱི་གླུ་བ་གླུ་མ་སྐོར་ཞིག་གིས་སྙན་འཇེབས་ལྡན་པའི་ལ་གཞས་ཀྱི་དབྱངས་རྟ་དུ་མའི་འགྱུར་ཁུག་ལ་བརྟེན་ནས། ཚེག་བར་དགུའི་བདག་ཉིད་ཅན་ཏེ། དུས་རབས་གསར་བའི་གཞོན་སྐྱེས་པ་ཚོས་ཆེས་དགའ་བསུ་ཐོབ་པའི"དེང་རབས་དགུ་ཚིག་མ"ཞེས་པའི་ལ་གཞས་དེ། ཁ་ཕྱོགས་གསར་བ་ཞིག་གི་ལམ་དུ་གོམ་པ་དང་པོ་སྤོ་བའི་འགོ་བཙུགས་པ་དཔེར་ན། ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་སྤྱི་ལོ༡༩༩༤ལོར་པར་སྐྲུན་བྱས་པའི་གླུ་བ་པ་ཁོ་དང་གླུ་མ་བྱང་མོ་འཚོ་གཉིས་ཀྱིས་བླངས་པའི་ཚེག་བར་དགུའི་བདག་ཉིད་ཅན་གྱི《ཞེ་སྣང་བ་ཞིམ་མངར་འོ་མ་རེད》ཞེས་པའི་ལ་གཞས་ཀྱི་སྒྲ་ཐག་ལྟ་བུ། དེ་ཡང《ཞེ་སྣང་བ་ཞིམ་མངར་འོ་མ་རེད》ཞེས་པའི་སྒྲ་ཐག་དེ་ལ་གཞས་དགུ་ཚིག་མའི་ཐོག་མ་དང"དེང་རབས་དགུ་ཚིག་མའི"ཚབ་མཚོན་གྱི་རང་བཞིན་ལྡན་པའི་ལ་གཞས་ཀྱི་སྒྲ་ཐག་ཀྱང་ཡིན།ལོ་རབས་དགུ་བཅུའི་ནང་གསར་དུ་བྱུང་བའི་ལ་གཞས་དགུ་ཚིག་མ་འདིའི་མཚོན་བྱའི་དོན་ནི་ཕོ་མོའི་བར་གྱི་བརྩེ་དུང་ཁོ་ན་མ་ཡིན་པར། ལ་གཞས་ལེན་རེས་བྱེད་མཁན་གྱི་གླུ་བ་གླུ་མ་སོ་སོ་ཁ་གཏད་དུ་ལངས་ནས། རང་ཉིད་ལ་ལ་གཞས་ཀྱི་གྲངས་མང་ཚུལ་སོགས་འུད་ཆེན་པོས་བརྗོད་པ་བརྒྱུད་ནས། ཉན་མཁན་དག་ལ་གད་མོ་སློང་བའི་རྩེད་མཚར་གྱི་རང་བཞིན་སྟེར་བ་ཤུགས་ཆེ་ལ། དེར་ཐུང་ཞིང་བདེ་བའི་གསར་བྱུང་གི་དབྱངས་རྟ་དུ་མ་ཞིག་ཡོད་ནའང་། སྲོལ་རྒྱུན་ལ་གཞས་གྱི་དབྱངས་རྟ་གང་རུང་ལ་དྲངས་ཀྱང་མི་འབྱོར་བ་མེད། དེ་བཞིན་དུ་དགུ་ཚིག་མའི་བསྟན་བྱའི་དོན་མཚོན་ཚུལ་གྱི་རྣམ་པ་དེའང་སྲོལ་རྒྱུན་གྱི་ལ་གཞས་ལྟར་དཔེ་དང་དཔེ་ཅན་གཉིས་ལས་གྲུབ་པར་མ་ཟད། མཚོན་བྱེད་ཀྱི་དཔེ་དེ་དག་ཀྱང་རང་རིགས་ལ་ཆ་རྒྱུས་ཡོད་པའི་ཕྱི་སྣོད་ཀྱི་འཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་ལས་མ་འདས་སོ། །གསར་དར་གྱི་ལ་གཞས་དགུ་ཚིག་ནི། 《ཞེ་སྣང་བ་ཞིམ་མངར་འོ་མ་རེད》ཅེས་པ་ལས"སྟོད་ལ་དབུས་གཙང་ཡུལ་གི་བླ་མ་ང་། ། ཆོས་ལ་ཡུམ་ཆེན་འདོན་གི་བྱང་མ་ཡིན། ། ས་ལ་མདོ་སྨད་ཨ་མདོའི་ཡུལ་ན་དགོ ། ང་ལ་དད་པ་མེད་ནོ་སུ་རེད་ཡ། ། ང་ལ་དད་ལོག་ཡིད་ནོ་ཁྱོད་རེད་ལ། ། ཁྱོས་དུ་བྱས་ར་དམ་མ་འདོག་ག་ངས། ། ས་ལ་སྨད་ཕྱོགས་སྨད་ཀི་ཁ་འཁྱམ་ང་། ། ཁ་བཟོ་ལ་ལ་ལེན་གི་བྱང་མ་ཡིན། ། ས་ལ་རང་ཕྱོགས་ཚོ་དྲུག་གྲོང་ན་ཡ། ། ང་ཁས་ལེན་གི་མེད་ནོ་སུ་རེད་ལ། ། ཡིད་ལ་ཆེས་ཀི་མེད་ནོ་ཁྱོད་རེད་མོ། ། ཁྱོས་དེ་བྱོས་ར་རྒྱང་ཕུད་རྒྱག་ག་དགོ"ཞེས་པ་ལྟར་ཕན་ཚུན་གྱིས་ངའོ་སྙམ་པའི་ཚུལ་དུ་རང་ཉིད་གཞས་ལེན་པར་ཤིན་ཏུ་མཁས་ཚུལ་ཤགས་འགྱེད་ཀྱི་ཚུལ་དུ་བརྗོད་ནས། ཁྲོམ་ཚོགས་ལ་བཞད་གད་སློང་ནུས་པའི་རྩེད་མཚར་གྱི་རང་བཞིན་དེ་ཤུགས་ཆེར་སྟོན་པར་བྱེད། དེ་བས་གསར་དར་གྱི་ལ་གཞས་དགུ་ཚིག་འདིས་མདོ་སྨད་ཀྱི་ལ་གཞས་འཕེལ་རྒྱས་ཀྱི་ཐད་དུ་སྔོན་མེད་ཀྱི་ཤོག་ལྷེ་གསར་བ་ཞིག་བསྣན་འདུག་ཞེས་བརྗོད་ཀྱང་མི་འོས་པ་མེད་པར་སྙམ།འོན་ཀྱང་ཉེ་བའི་ལོ་འགའི་སྔོན་དུ་དགེ་བོ་ཟླ་བྷེ་སོགས་ཀྱིས《ཞེ་སྣང་བ་ཞིམ་མངར་འོ་མ་རེད》ཞེས་པའི་དགུ་ཚིག་ལ་གཞས་ཀྱི་ཚེག་བར་གྱི་གྲུབ་སྟངས་ཙམ་ལ་དཔེ་བྱས་ཏེ། 《རོགས་མ་བཙལ་ཟེར་བ་གཤོབ་རེད》ཅེས་པའི་ཚེག་བར་དགུ་ལས་གྲུབ་པའི་ལ་གཞས་ཡིན་ཁུལ་གྱི་སྒྲ་ཐག་ཅིག་བཏོན་འདུག་པ་དེ་ལས། "ཁྱོད་ས་ཡར་ཕྱོགས་བླ་མ་རྫུན་མ་རེད། ། ཁྱོད་ཀྱི་གཟན་ར་ཤམ་ཐབས་གཡར་མ་རེད། ། ཨ་ལ་སེམས་མ་བཅང་རྒྱུ་རིག་མ་རེད། ། ཁྱོད་ད་ཕྱི་མ་སོང་དུས་གཤེད་མ་རེད། ། ངས་དེ་བསམ་ན་ཞེ་མཆིན་ལོག་བྱེད་རེད། ། ས་ད་མར་ཕྱོགས་སྡེ་ཆེན་བྱིས་མོ་ཁྱོད། ། མགོ་ད་ཅོ་ཏོ་བཅད་ལེ་རྩྭ་ཐོ་རེད། ། ཨ་ལ་ཐོད་པ་འབུར་རེ་ར་ཐོ་རེད། ། ཡང་ད་གདོང་ང་ཉག་གེ་ཧྭ་ཐོ་རེད། ། བྲང་གི་ནུ་མ་གཉི་ག་ཧེ་ཐོ་རེད། ། ཨོ་ད་གསར་བུ་མང་པོའི་ཆབ་ཐོ་རེད། ། ངས་དེ་བསམ་ན་ཞེ་མཆིན་ལོག་བྱེད་རེད། །"ཞེས་པ་དང་། "ལ་ཡེ་བླངས་ན་མགོ་ཡེ་བསྐོར་ནོ་དགོ། ཨ་ཡེ(བུ་མེད)ཆ་བོ་དགའ་ཡེ་བསོ་ནོ་དགོ། ཉལ་ཡེ་བསྡད་ལེ་ཞ་ཡེ་འཇོག་ནོ་འདི། ། མ་ཡེ་མ་རེད་ཟླ་བྷེ་ང་རེད་དགོ།……"ཞེས་པ། "ངའི་རོགས་བཙོག་ན་ཆེ་སྡུག་ཡག་ན་སྡུག ། རོགས་ད་ཡག་ན་གཞུག་ན་མྱི་མང་གི། དུས་ད་རྒྱུན་དུ་ཁོག་ན་བུ་མང་གི། "……ཞེས་པ་སོགས་ལྟ་བུའི་ཚིག་རྫོབ་དུ་མ་བཙན་གྱིས་བསྒྲིགས་པའི་གཞས་བཙོག་འདིས་བོད་མི་རིགས་ཀྱི་རྒན་གཞོན་བར་གྱི་ངོ་ཚ་སྲུང་བའི་ཡ་རབས་སྤྱོད་བཟང་ལ་བརྩི་འཇོག་བྱས་མེད་པ་དང་། རང་མི་རིགས་ཀྱི་རང་གཤིས་དྭངས་མ་རུ་གྲུབ་པའི་སྐྱེས་བུའི་ཚད་ཐིག་སྟེ་དཔའ་ཞིང་མཛངས་པ་དང་། བློ་ཁོག་ཡངས་པ། ཚིག་འཇམ་ཞིང་ངག་བདེ་བ་སོགས་དགེ་བོ་ཟླ་བྷེས་མི་གཙང་འདམ་མྱགས་སུ་འཕངས་ནས་འཆལ་གཏམ་སྣ་ཚོགས་སྤེལ་བ་ནི། དོན་དམ་དུ་མི་ཆོས་ཀུན་སྤྱོད་ཀྱི་ནོར་གྱིས་སྟོང་པའི་རང་མཚང་རྒྱ་སྒོར་མངོན་པའི་འཆལ་གཏམ་སྨྲ་བ་པོ་ཞིག་གི་སྨྱོ་བཤད་ལས་མ་འདས། ཁོས་གཞས་ཚིག་ནང་དུ་ཞི་འཇམ་གཞུང་དྲང་གི་བོད་རིགས་བུད་མེད་རྣམས་ལ་མཚང་འདོགས་དང་། མཐོང་ཆུང་། མ་ཉེས་ཁ་གཡོག་སོགས་གང་བསམ་ཅི་འདོད་དུ་སྨྲས་པ་དེས། ཁོའི་དྲིན་ཆེན་གྱི་སྐྱེད་མ་གཙོ་བྱས་བོད་རིགས་བུད་མེད་རྣམས་ཀྱི་མཛངས་མའི་གཤིས་སྤྱོད་དག་ལ་རྡོག་རྫིས་བཏང་བ་མ་ཡིན་ནམ། དེ་བས་གཞན་ལ་མཚང་འདོགས་སོགས་སྨྱོ་བཤད་དུ་མའི་གྲུབ་པའི་ཚིག་རྫོབ་འདི་ལྟ་བུར་ལ་གཞས་དགུ་ཚིག་མ་ཞེས་པའི་མིང་ཡང་འདོགས་མི་འོས་པར་གད་སྙིགས་དུ་འདོར་དགོས་པར་མ་ཟད། བོད་རང་གི་སྲོལ་རྒྱུན་བཟང་བོར་གཏོར་བརླག་བྱེད་མཁན་གྱི་དགེ་བོ་ཟླ་བྷེ་ལྟ་བུ་སུས་ཀྱང་གུ་ཡངས་སུ་མི་གཏོང་བར་རྒོལ་ལན་དྲག་པོ་བྱེད་དགོས་སོ། །གསུམ་པ། རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་ལ་གཞས་གསར་བསྒྲིགས་ཀྱི་སྐོར།ལོ་རབས་དགུ་བཅུའི་ནང་དུ་མདོ་སྨད་ཀྱི་ས་ཆ་ཁ་ཤས་ཤིག་དུ་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་ལ་གཞས་ཤིག་དར་བར་མ་ཟད། རེ་འགའ་དུས་དེབ་ཀྱི་སྟེང་དུའང་བཀོད་འདུག་པ་སྟེ། དཔེར་ན། "ང་ཅ་ལུན་མའོ་ཐོ་ཟེར་བ། ། དབྱར་གསུམ་ལ་རྩྭ་ཆུ་མི་དགོས། ། དགུན་གསུམ་ལ་རྟ་ཆས་མི་དགོས། ། ཁྱོད་ཆི་ཡུས(རླངས་སྣུམ)ཉོ་སྤྱད་ཡོད་ན། ཤུགས་བང་རྩལ་རྟ་ལས་ཡན་ཡིན། ། ང་བཅོ་ལྔའི་རོགས་ལོ་ཟེར་བ། ། སྡེ་ཆེན་པོའི་མི་ཁར་མི་སྐྲག། ཡུལ་ཕ་མའི་བཀག་རུང་མི་ཁོགས། ། རོགས་ཁྱོད་ཚོ་ཁྲེལ་ཡོད་ཡིན་ན། ། ཞེ་སྣང་བ་གཞན་ལས་མཐུན་ཡིན། ། ཞེས་པ་དང་། ཁྱོད་སུའུ་ལའོ(འགྱིག་ཤོག)པདྨ་ཟེར་བ། ། ཕྱི་བལྟས་ན་མིག་ལ་ཡག་གི། ནང་དྲི་བསུང་ཐུལ་རྒྱུ་ཨེ་ཡོད། ། ནང་དྲི་བསུང་ཐུལ་རྒྱུ་ཡོད་ན། ། ལྷ་བྱམས་པའི་མདུན་ལ་ངས་བཤམ། ། ཁྱོད་བཅོ་ལྔའི་རོགས་ལོ་ཟེར་བ། ། ཕྱི་བལྟས་ན་མིག་ལ་ཡག་གི། ནང་ཡིད་སེམས་དྲང་མོ་ཨེ་ཡིན། ། ནང་ཡིད་སེམས་དྲང་མོ་ཡིན་ན། ། རོགས་མི་འགལ་མནའ་ཞིག་ངས་འཇོག"ཞེས་པ་སོགས་ལྟ་བུའི་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་ལ་གཞས་ཚན་པ་བཅུ་ལྷག་ཙམ༡༩༩༦ལོར་《མང་ཚོགས་སྒྱུ་རྩལ》དེབ་གསུམ་པའི་སྟེང་བཀོད་འདུག འདི་ལྟ་བུའི་ལ་གཞས་འབྱུང་ས་གཙོ་བོ་ནི། མདོ་སྨད་ཀྱི་དཔའ་ལུང་དང་ཡ་རྫི། མཚོ་ཤར་སོགས་རྒྱ་དང་བོད། ཁ་ཆེ་སོགས་མི་རིགས་དུ་མ་མཉམ་སྡོད་ཀྱི་ས་ཆ་ཁ་ཤས་ཤིག་ཡིན་པ་ལས་ས་གནས་གཞན་དག་དུ་དེ་ལྟ་བུའི་ལ་གཞས་ལེན་པའི་སྲོལ་དར་མེད་པ་ཡིན། དེ་ཡང་མི་རིགས་དུ་མ་མཉམ་སྡོད་ཀྱི་ས་ཆ་ཁ་ཤས་ལས་འདི་ལྟ་བུའི་ལ་གཞས་ཤིག་བྱུང་བ་ལ་རྒྱུ་རྐྱེན་དུ་མ་ཡོད་དེ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཉི་མ་རེ་རེར་ཟས་རིགས་དང་ལག་ཆ། གྱོན་ཆས། འཕྲུལ་ཆས་སོགས་དངོས་པོ་གསར་བ་མི་ཉུང་བ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་འདུག་པས། གསར་བྱུང་གི་དངོས་པོ་དེ་དག་ལ་དོན་དང་མཐུན་ཚབ་ཆེ་ཞིང་། གཏན་ཆགས་ཀྱི་རང་བཞིན་ལྡན་པའི་བོད་སྐད་ཀྱི་མིང་ཞིག་མ་བཏགས་པའི་སྔོན་དུ། མང་ཚོགས་ཀྱིས་འཚོ་བའི་དགོས་མཁོར་གཞིགས་ནས་སྔོན་ཆད་ཀྱི་རྟ་དང་མཛོ་སོགས་ཀྱི་ཚབ་དུ་སྦག་སྦག་གམ་རླངས་འཁོར་སོགས་དེང་རབས་ཀྱི་འཕྲུལ་ཆས་སོགས་སྤྱོད་པ་དང་ལྷན་དུ། སྒྲ་དག་མིན་གང་རུང་གི་སྒོ་ནས་གཞན་སྐད་ཀྱིས་བཏགས་པའི་མིང་དེ་སྤྱོད་པ་ལས་ཐབས་གཞན་མེད་པ་དང་། ཡང་འབྲེལ་ཡོད་ལས་ཁུངས་དག་གིས་གསར་བྱུང་གི་དངོས་པོ་དག་ལ་བོད་སྐད་ཀྱི་མིང་བརྡ་གསར་བ་རེ་བཏགས་ཡོད་ནའང་མང་ཚོགས་ཀྱི་ཁྲོད་དུ་ཡིག་རྨོངས་བ་མང་དྲགས་པའམ་ཁྱབ་བརྡལ་དུ་གཏོང་དཀའ་བ་སོགས་གནས་ཚུལ་དུ་མའི་དབང་གིས་བོད་སྐད་ཀྱིས་གསར་དུ་བཏགས་པའི་མིང་བརྡ་དེ། བོད་བྱིངས་ལ་དར་ཁྱབ་བྱུང་མ་ཐུབ་པ་ལས་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་གཞས་ཚིག་འདི་ལྟ་བུ་འབྱུང་བར་སྔོན་འགྲོས་ཀྱི་ཆ་རྐྱེན་བསྐྲུན་ཡོད།ལྷག་དོན་ས་ཁུལ་དེ་དག་གི་མི་རིགས་རྣམས་ཡུན་རིང་གི་འབྲེལ་འདྲིས་ལས་རིག་གནས་དང་ཡུལ་སྲོལ་སོགས་ལས་ཕན་ཚུན་ལ་ཤན་ཤུགས་ངེས་ཅན་ཤིག་ཐེབས་པར་མ་ཟད། སྐད་རིགས་ཀྱི་ཐོག་ནས་ཀྱང་ཕན་ཚུན་ལ་ཤན་ཤུགས་ཐེབས་ཡོད་པ་སྟེ། ས་གནས་དེ་དག་གི་མི་རིགས་དེ་ཚོ་ལྷན་དུ་དུས་སྟོན་སོགས་ལ་རོལ་ཚེ། སྐད་རིགས་ཀྱི་བཀག་རྒྱ་མི་འབྱུང་བར་མི་ཀུན་གྱིས་གོ་བདེ་བའི་ཕྱིར། བོད་རིགས་གླུ་བ་གླུ་མ་ཁག་ཅིག་གིས་རང་གི་ཕ་སྐད་དུ་མ་ཅི་ཐུབ་གང་ཐུབ་ཀྱིས་ཕར་རྒྱ་སྐད་ལ་སྒྱུར་བའམ་ཡང་ན་རྒྱའི་སྐད་ཀྱི་མིང་ཚིག་དུ་མ་རང་སོར་བཞག་ནས། སྐད་གཉིས་མཉམ་བསྲེས་ཀྱི་ལ་གཞས་ལེན་པར་མ་ཟད། ཕན་ཚུན་ལ་ཁ་བརྡ་བྱེད་དུས་ཀྱང་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཀྱི་ཚུལ་དུ་སྤྱོད་བཞིན་ཡོད། དེ་བས་ས་གནས་དེ་དག་གི་ཁོར་ཡུག་གིས་སྐད་གཉིས་མཉམ་བསྲེས་ཅན་གྱི་གཞས་ཚིག་འདི་ལྟ་བུ་ཞིག་འབྱུང་བར་ཆ་རྐྱེན་དུ་མ་བསྐྲུན་ཡོད། དེ་ཡང་ལ་གཞས་འགྲན་བསྡུར་རམ་ལ་གཞས་སྤྲོ་ཚོགས་སོགས་སུ་གོང་བཀོད་ཀྱི་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་ལ་གཞས་བླངས་ཚེ། བཞད་གད་ཀྱི་གནས་སུ་འགྱུར་བ་ཙམ་ལས་མི་སུས་ཀྱང་ཁས་ལེན་དང་དགའ་བསུ་མི་བྱེད་པ་ཡིན་ལ། མི་རིགས་དུ་མ་འདུས་སྡོད་ཀྱི་ས་གནས་དེའི་བོད་པ་དག་གི་ངག་ལས་འདི་ལྟ་བུའི་གཞས་ཚིག་བྱུང་བ་ནི། མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་དྭངས་མ་དང་སྐད་ཆའི་ཉིང་བཅུད་ལས་གྲུབ་པའི་སྲོལ་རྒྱུན་གྱི་ལ་གཞས་དེ། ཉམས་ཞན་དུ་འགྲོ་བའི་རྟགས་མཚན་ཞིག་ཡིན་པར་མ་ཟད། མི་རིགས་རང་གི་སྐད་ཆ་དང་ཡུལ་སྲོལ་སོགས་ལ་གཞན་རིགས་ཀྱི་ཤན་ཤུགས་ཐེབས་ནས། ཉམ་ང་བའི་གནས་སུ་སོང་དང་འགྲོ་བཞིན་པའི་མཚོན་དཔེ་ལྟ་བུར་ཡང་གྱུར་ཡོད། དེ་བས་ང་ཚོ་རྗེས་རབས་པ་དག་གིས་རང་གི་ཕ་སྐད་གཙང་མ་དེ་འཕེལ་རྒྱས་དང་རྒྱུན་འཛིན་བྱས་ཏེ་གཅེས་སྤྲས་ལེགས་པོ་བྱས་ནས། རྒྱ་བོད་སྐད་གཉིས་མཉམ་བསྲེས་ཅན་གྱི་ར་མིན་ལུག་མིན་གྱི་སྐད་རིགས་འདི་ལྟ་བུ་མི་འབྱུང་བར་ནུས་ཤུགས་ཅི་ཡོད་འདོན་དགོས།བཞི་བ། ད་ལྟ་འབྱུང་བཞིན་པའི་ལ་གཞས་རྡུང་ལེན་གྱི་སྐོར།"སྒྲ་སྙན་འདི་བོད་ཀྱི་རོལ་ཆའི་ནང་ནས་སྒྲ་གཤིས་སྙན་ཆ་དོད་ཤོས་དང་མི་རིགས་ཀྱི་ཁྱད་ཆོས་ཉམས་འགྱུར་མཚོན་ཤོས་ཀྱི་རོལ་མོ་ཞིག་ཡིན་སྟབས། སྟོད་གཞས་ནང་མ་སོགས་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོར་སོན་པའི་བོད་མི་རིགས་ཀྱི་དམངས་ཁྲོད་གླུ་གར་ལ་རམ་བུ་འདེགས་བྱེད་ཀྱི་རོལ་མོའི་བྱེ་བྲག་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། བྱེ་བྲག་ཨ་མདོའི་སྒྲ་སྙན་རྡུང་ལེན་སོགས་གླུ་གར་རྣམ་གྲངས་འགའ་ཞིག་གི་བླ་སྲོག་ལྟ་བུར་གྱུར་ཡོད་གཤིས།"19 ཞེས་པ་ནང་བཞིན་དབུས་ཕྱོགས་སུ་སྒྲ་སྙན་དང་མདོ་སྨད་དུ་སྒྲ་སྙན་རྡུང་ལེན་དུ་འབོད་པའི་དཀྲོལ་བའི་རོལ་ཆས་འདི། མདོ་སྨད་ཀྱི་དམངས་ཁྲོད་དུ་གླུ་གཞས་སོགས་ལེན་པའི་སྐབས་དར་ཁྱབ་ཅུང་ཆེ་བའི་རམ་འདེགས་རོལ་ཆས་ཀྱི་རིགས་ཤིག་ཡིན་ལ། སྒོས་སུ་ཉེ་བའི་ལོ་འདི་དག་གི་རིང་ཕོ་མོའི་དུང་སེམས་མཚོན་པའི་ལ་གཞས་འདི། གཞོན་སྐྱེས་ཀྱི་གླུ་བ་གླུ་མ་མི་ཉུང་བ་ཞིག་གིས་ལྷན་སྐྱེས་ཀྱི་གྲེ་འགྱུར་སྙན་མོར་འགུགས་པའི་སྟེང་སྒྲ་སྙན་རྡུང་ལེན་གྱིས་རམ་འདེགས་བྱས་ཏེ། སྒྲ་ཐག་དང་འོད་སྡེར་དུ་ཕབ་ནས་ཉན་མཁན་ཁྲི་སྟོང་མང་པོའི་ལོངས་སྤྱོད་དུ་ཕུལ་དང་འབུལ་བཞིན་ཡོད། དཔེར་ན། སྤྱི་ལོ༡༩༩༤ལོར་ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་དུ་པར་སྐྲུན་བྱས་ཤིང་། གླུ་བ་རྡོ་རེ་དང་གླུ་མ་བྱང་མོ་འཚོ་གཉིས་ཀྱིས་བླངས་པའི《གཡུ་ཆུང་དྲུག་དཀར》ཞེས་པའི་ལ་གཞས་རྡུང་ལེན་གྱི་སྒྲ་ཐག་དང་པོ་དེ་བྱུང་བ་ནས་བཟུང་། རིམ་བཞིན་གླུ་བ་བདུད་བྷེ་དང་གླུ་མ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས《མཛའ་གཞས་རྡུང་ལེན》ཞེས་པ་སོགས་ལྟ་བུའི་ལ་གཞས་རྡུང་ལེན་གྱི་སྒྲ་ཐག་མི་ཉུང་བ་ཞིག་བྱུང་བར་མ་ཟད། ནམ་མཁའ་ཆུང་བ་དང་དབྱངས་ཅན་སྒྲོལ་མ་གཉིས་ཀྱིས་བླངས་པའི《ཁ་བའི་མེ་ཏོག་ཆ་འགྲིག》ཞེས་པ་དང་། ཚེ་སྙེ་དང་དབྱངས་ཅན་ལྷ་མོ་གཉིས་ཀྱིས་བླངས་པའི་《རང་དབང་མེད་པའི་བརྩེ་དུང》སོགས་ལྟ་བུའི་ལ་གཞས་རྡུང་ལེན་གྱི་འོད་སྡེར་དུ་མ་ཞིག་ཀྱང་བྱུང་དང་འབྱུང་བཞིན་འདུག་པ་ལྟ་བུ།དེ་ཡང་གསར་དུ་དར་བཞིན་པའི་ལ་གཞས་རྡུང་ལེན་ཞེས་པ་འདི་ལས། གཙོ་བོ་སྲོལ་རྒྱུན་གྱི་གཞས་ཚིག་དང་དབྱངས་རྟ། ལེན་སྟངས་སོགས་རྒྱུན་འཛིན་བྱས་པའི་སྟེང་སྒྲ་སྙན་རོལ་ཆས་ཀྱི་སྙན་པའི་དབྱངས་ཀྱིས་རམ་འདེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མདོ་སྨད་ཀྱི་ལ་གཞས་དེ་སྙན་ཆ་ལྡན་པའི་གནས་སུ་བསྐྱོད་པར་བྱས་ཡོད། དེ་བས་ད་ལྟ་འབྱུང་བཞིན་པའི་ལ་གཞས་རྡུང་ལེན་འདི་མདོ་སྨད་ཡུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་པར་མ་ཟད། ཐ་ན་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་གཙོ་བྱས་པའི་ལས་ཁུངས་དུ་མ་ཞིག་གིས་རང་རང་གི་དྲ་ཐོག་དུའང་བཞག་འདུག་པས། སྲོལ་རྒྱུན་གྱི་ལ་གཞས་ལ་སྒྲ་སྙན་རྡུང་ལེན་གྱིས་རམ་འདེགས་ཞུས་པའི་རྣམ་པ་གསར་བའི་ལ་གཞས་རྡུང་ལེན་ཞེས་པ་འདིར་མདོ་སྨད་ཀྱི་ཡུལ་དུ་རྒན་དར་གཞོན་གསུམ་ཀུན་གྱིས་ཆེས་དགའ་བསུ་ཐོབ་པའི་གསར་བྱུང་གི་རྣམ་པ་ཅན་གྱི་ལ་གཞས་ཤིག་ཡིན་པའང་ར་སྤྲོད་བྱེད་ཐུབ་ལ། ལ་གཞས་རྡུང་ལེན་ཞེས་པ་འདིས་ཕྱིས་སུ་བོད་པའི་ལ་གཞས་འདི་གོང་འཕེལ་དང་རྒྱུན་འཛིན་བྱེད་པར་ཡང་ཕན་ནུས་མི་དམན་པ་ཞིག་བསྐྲུན་འདུག དེ་བས་དང་ཐོག་དབུས་གཙང་གི་ཡུལ་ནས་ཐོན་པའི་མཛའ་གཞས་ཀྱི་ས་བོན་དེ་མདོ་སྨད་ཀྱི་ཞིང་ས་གཤིན་པོའི་སྟེང་དུ་ཁུར་གྱིས་དུད་པའི་འབྲས་བུ་སྨིན་དང་སྨིན་བཞིན་འདུག་པས་ན། མདོ་སྨད་ཀྱི་ཡུལ་འདི་བོད་པའི་ལ་གཞས་ཀྱི་ལང་ཚོའི་དར་ལག་རྒྱས་སའི་ཕ་ས་ལྟ་བུར་གྱུར་དང་འགྱུར་བཞིན་འདུག་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡང་འགལ་བའི་གནས་མེད་པར་སེམས་སོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716