སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།
སྤེལ་དུས། 2017-09-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མི་གསལ།
          དྲི་མེད་འཁོན་གྱི་རིགས་རྒྱུད་གྲགས་པ་རྒྱལ་མཚན་གྱི་གཅུང་དཔལ་ཆེན་འོད་པོ་མ་ལ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་ཁབ་ཏུ་བཞེས་པ་ལས་སྲས་གཉིས་འཁྲུངས་པའི་ཆེ་བ་ས་པཎ་ཀུན་དགའ་རྒྱལ་མཚན་ཡིན།  ཡབ་དགོང་ལོ་སོ་གསུམ་ཕེབས་པ་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་གི་ལོ་༡༡༨༣ཟླ་བ་གཉིས་པའི་ཚེས་ཉེར་དྲུག་ལ་སྐུ་བལྟམས།   མཚན་དཔལ་ལྡན་དོན་འགྲུབ་གསོལ།  སྐུ་ཤིན་ཏུ་གཞོན་པའི་དུས་ནས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་གསང་སྔགས་ཀྱི་དབང་ཁྲིད་མན་ངག་དུ་མ་ཞུས་ཤིང་གསོ་བྱེད་ཀྱི་གཞུང་མན་ངག་འགའ་ཞིག་ཀྱང་གསན།  ཤེས་བྱའི་གནས་ཀུན་ལ་ཐོགས་མེད་དུ་འཇུག་པའི་མཁྱེན་རབ་ཀྱི་གཏེར་བརྡོལ།  གཙོ་བོར་རྗེ་བཙུན་གྲགས་པ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་སྔགས་ཀྱི་ཟབ་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཅིང་གསོ་བྱེད་སྐོར་ལ་ཡང་ཡན་ལག་བརྒྱུད་པའི་རྩ་འགྲེལ་སོགས་གསན།  རྟེན་དགེ་བསྙེན་གྱི་སྡོམ་པ་མནོས།  མཚན་ཀུན་དགའ་རྒྱལ་མཚན་ཞེས་པ་གནང་།  དགུང་གྲངས་བཅོ་ལྔར་ཕེབས་པའི་དུས་སུ་ཡབ་མེས་ཀྱི་ཆོས་མ་ལུས་པ་ཐུགས་སུ་ཆུད་པར་མཛད།  དགུང་ལོ་བཅུ་དགུ་པར་དགེ་པའི་བཤེས་གཉེན་ཁུ་སྟོན་མདུན་བྱམས་ཆོས་སྡེ་ལྔ་དང་ཚད་མ་ཀུན་བཏུས་སོགས་གསན།  དགུང་ལོ་ཉི་ཤུ་པར་གཙང་ཉང་སྟོད་རྐྱང་ཐུར་དུ་ཕེབས་ནས་མཚུར་སྟོན་གཞོན་ནུ་སེང་གེ་ལ་ཚད་མ་རྣམ་ངེས་ཀྱི་བསྟན་བཅོས་ཆ་ཚང་གསན།  དགུང་ལོ་ཉེར་གཉིས་པར་གཙང་ཆུ་མིག་རིང་མོར་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་དང་མཇལ།  དགྱེས་གུས་ཆེན་པོས་ཚད་མ་ཆོས་མཆོག་གསན།  ཡབ་སྙུན་གྱིས་ཟིན་པར་བརྟེན་ཆུ་མིག་རིང་མོ་ནས་ཡར་ས་སྐྱར་བྱོན།  སྐབས་དེར་ཡབ་དཔལ་ཆེན་འོད་པོ་ཆེ་དགུང་ལོ་ང་བཞིར་ཕེབས་པ་ཆུ་ཕག་ལོ་༡༣༠༣ཟླ་བ་ལྔ་པའི་ཚེས་གཅིག་ཉིན་དུས་ཀྱི་ཆོས་ཉིད་དུ་གཤེབས།  ཡབ་དྲིན་ཅན་སྐུ་གཤེགས་པ་ལ་ཐུགས་སྐྱོ་བ་ཚད་མེད་མཛད།  ཡབ་ཀྱི་རྗེས་སུ་དགེ་རྫོགས་ཀྱི་བྱ་བ་རྒྱ་ཆེན་བསྒྲུབས།  ལོ་དེར་དབྱར་ཆོས་པ་མང་དུ་བྱུང་བ་རྣམས་ལ་རྣམ་ངེས་དབུ་ནས་ཆོས་མཐུན་གཅིག་དང་།  གཞན་དོན་ལེའུ་ནས་ཆོས་མཐུན་གཅིག་བཙུགས་ཏེ་ཉིན་རེ་ལ་ཐུན་གཉིས་རེ་བཤད་པས་ཟླ་བ་གཅིག་ལ་རྣམ་ངེས་ཚར་གཅིག་གསུངས།    དགུང་གྲངས་ཉེར་ལྔར་ཕེབས་པ་ན་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་པཎ་ཆེན་ཤཱཀྱ་ཤྲིས་མཁན་པོ་མཛད།  སྤྱི་བོ་ལྷས་པས་ལས་སློབ་དཔོན་མོ་རི་པས་གསང་སྟོན་མཛད་དེ་དགེ་འདུན་རྒྱ་མཚོ་ལྟ་བུས་དབུས་སུ་བསྙེན་པར་རྫོགས་པར་མཛད་དོ།  ལོ་དེར་སློབ་དཔོན་དེའི་མདུན་དུ་སྒྲའི་བསྟན་བཅོས་སྙིང་པོ་བསྡུས་པའི་སྟོད་དང་ཚད་མ་རྣམ་འགྲེལ་ཚད་མ་ཀུན་བཏུས་སོགས་ཚད་མའི་སྐོར་དང་འདུལ་བ་དང་ཕར་ཕྱིན་སོགས་མདོ་ཆོས་མང་པོ་གསན།  མདོར་ན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནི་ཁོང་གི་སློབ་དཔོན་གཙོ་བོ་ཡིན་པས་པཎྜི་ཏ་རབ་ཏུ་བྱུང་གསུམ་པའི་ཤིང་བྱི་ལོ་༡༣༠༤ལ་བོད་དུ་བྱོན་ནས་རབ་བྱུང་བཞི་པའི་ཤིང་ཁྱི་ལོ་༡༣༡༤བར་བོད་དུ་ལོག་བཅུ་གཅིག་བཞུགས་རིང་སྒྲ་དང་ཚད་མ་འདུལ་མངོན་མདོ་སྡེའི་སྐོར་གྱི་ཟབ་ཆོས་རྣམས་བུམ་གང་བྱོའི་ཚུལ་གྱིས་གསན་ཏེ་སྒྲ་ཚད་མདོ་ཆོས་ཀུན་ལ་མཁས་པའི་རྩེར་སོན།  བལ་པོའི་པཎྜི་ཏ་སམ་བྷ་ཤྲིའི་མདུན་དུ་སྒྲ་ཀཱ་ཙན་དབྱངས་སྙན་ངག་མེ་ལོང་མ་སྡེབ་སྦྱོར་དང་མངོན་བརྗོད་གཏན་ཚིགས་རིག་པ་སོགས་ཐུན་མོང་གི་རིག་གནས་མང་པོ་གསན་ཅིང་བོད་སྐད་དུའང་འགའ་ཞིག་བསྒྱུར།  རི་མོ་དང་ལྷ་སྐུའི་ཆག་ཚད་དང་།  ཡིག་གཟུགས་སྣ་ཚོགས།  ནོར་བུ་དང་ས་བརྟག་པ་སོགས་བརྟག་པ་སྣ་ཚོགས་བཅས་བཟོ་ཡི་ཀུན་ལ་མཁྱེན་པ་རབ་ཏུ་རྒྱས་ཤིང་ས་ཆེན་ཀུན་དགའ་སྙིང་པོའི་ནང་རྟེན་དུ་དབུ་རྩེ་རྙིང་མའི་ནང་བཞུགས་པའི་འཇམ་པའི་དབྱངས་ཀྱི་སྐུ་གཟུགས་ལ་རུ་ཤིང་དང་སྦྲ་བཟོ་སོགས་རང་ཉིད་སྐུ་ངོ་མས་མཛད་པར་མ་ཚད།  རྩ་རྒྱུད་ནས་བཤད་པའི་བྲིས་སྐུའི་བཀོད་པ་ཆ་ཚང་དར་དཀར་པོའི་ངོས་ལ་བྲིས་པ་དང་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་གི་བྱང་ངོས་སུ་འཇམ་དབྱངས་ཀྱི་སྐུ་བརྙན་ངོ་མཚར་ཅན་ཕྱག་བྲིས་མཛད་པ་སོགས་ཕྱག་རྗེས་མང་དུ་བཞག་ཅིང་ཆག་ཚད་ཀྱི་བསྟན་བཅོས་ཀྱང་བརྩམས།  ཚད་མའི་བསྟན་བཅོས་རྒྱ་གཞུང་ཡོད་ཚད་གཟིགས་ཏེ་ཞིབ་དཔྱད་མཐིལ་ཕྱིན་མཛད་ཅིང་།  དེ་དག་གི་སྙིང་པོ་མ་ལུས་གཅིག་ཏུ་བསྡུས་ཏེ་དོན་རྟོགས་སླ་ལ་ཚིག་སྡེབ་ལེགས་པ་བོད་རང་གི་ཁྱད་ཆོས་དང་ལྡན་པའི་ཚད་མའི་བསྟན་བཅོས《ཚད་མ་རིག་གཏེར》རང་འགྲེལ་དང་བཅས་པ་བརྩམས།  རྒྱ་གར་ནས་བོད་དུ་ཡོང་ནས་ནང་པའི་བསྟན་པ་ལ་རྒོལ་བར་བྱེད་པའི་མུ་སྟེགས་པའི་སྟོན་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པའི་སྒོ་ནས་སུན་ཕྱུང་སྟེ་ནང་པའི་བསྟན་པར་བཀོད།  རྒྱ་བོད་ཀུན་ཏུ་མ་ཧྭ་པཎྜི་ཏའི་མཚན་སྙན་ཐོབ།  དབུ་གདུགས་བཅུ་གསུམ་ཐོབ་པར་གྲགས།
          རིག་གནས་ཆུང་བར་གྲགས་པའི་སྐོར་ལ་སྙན་ངག《མཁས་པའི་གཙུག་རྒྱན》མངོན་བརྗོད《ཚིག་གི་གཏེར》སྡོར་སྦྱོར《མེ་ཏོག་ཆུན་པོ》ཟློས་གར《རབ་དགའི་འཇུག་པ》《རོལ་མོའི་བསྟན་བཅོས》སོགས་ཚིག་སྙན་འཇེབས་ལྡན་ལ་དོན་སྙིང་བཅུད་བསྡུས་པ་མང་པོ་བརྩམས་ཤིང་འཆད་སྤེལ་ཡང་མཛད་དེ་སྐབས་དེར་རིག་གནས་པ་ཤིན་ཏུ་དཀོན་པའི་དུས་སུ་བོད་ཀྱི་རིག་གནས་སྤྱིའི་རྨང་གཞི་གསར་ཏུ་བཏིང་།  ཁྱད་པར་ལུགས་གཉིས་ཀྱི་བླང་དོར་ཚུལ་བཞིན་འབྱེད་པའི་བསྟན་བཅོས《ལེགས་བཤད་རིན་པོ་ཆེའི་གཏེར》ཞེས་བྱ་བ་དེང་སང་འཛམ་གླིང་ཡོངས་སུ་སྙན་གྲགས་ཀྱིས་ཁྱབ་པ་དེ་བརྩམས་པས་བོད་ཀྱི་ཆོས་སྲིད་ཀྱི་བྱ་བར་ལེགས་ཉེས་འབྱེད་བའི་བློ་མིག་གསར་ཏུ་ཕྱེ་ཞིང་མི་རྣམས་ཇི་ལྟར་འཚོ་བའི་སྐོར་ལ་སློབ་སྟོན་བྱེད་པ་སློབ་དཔོན་དང་མེད་ཐབས་མེད་པའི་འཚོ་བའི་སློབ་དེབ་གཅིག་ཏུ་གྱུར།   དཔལ་བསམ་ཡས་ཀྱི་བཙན་པོ་ཤཱཀྱ་མགོན་གྱིས་ཁོང་གདན་དྲངས་ཏེ་བསམ་ཡས་ཀྱི་གདན་སར་བཞུགས་སུ་གསོལ།   ཀཱ་མ་ལ་ཤཱི་ལའི་གསེར་ཁྲིར་བཞུགས་ནས་འཆད་ཉན་རྒྱ་ཆེར་མཛད་ཅིང་བསྟན་པར་བྱི་དོར་དང་།  གྱང་ལྡེབས་ངོས་སུ་འཇམ་དབྱངས་ཀྱི་སྐུ་བརྙན་ཕྱག་བྲིས་མཛད།  སྔོན་གྱི་ཆོས་རྒྱལ་རྣམས་ལ་བསྔགས་པའི་ཚིགས་སུ་བཅད་པ་བརྩམས།   དེ་ནས་བཟུང་བསམ་ཡས་ཀྱི་གདན་ས་ས་སྐྱ་ནས་འཛིན་པ་ཞིག་བྱུང་བར་མངོན། དགུང་ལོ་རེ་གཅིག་པ་ཆུ་སྟག་ལོར་༡༣༤༣བླ་མའི་བཀའ་ལྟར་སྔོན་འགྲོའི་ཆོས་མཁོར་ཆེན་པོ་བསྐོར།  རེ་གཉིས་པ་ཆུ་ཡོས་ལོར་༡༣༤༣ཧོར་རྒྱལ་གོ་དན་ཧན་གྱིས་ཁོང་གདན་འདྲེན་གྱི་ཡི་གེ་དང་དངོས་སུ་སྦོམ་ཆེན་བཅས་ཁྱེར་བའི་ཕོ་ཉ་མངགས་པ་འབྱོར།  གདན་ཞུའི་ཡི་གེའི་ཚིག་འདི་ལྟར་“ངས་མཐའ་ཡི་ཁྲིམས་ར་བླངས།  དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན།   དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་ལ་སོམས་ལ་ཁྱོད་མགྱོགས་པར་ཤོག”ཅེས་འཁོད།   
          སྐབས་དེར་ས་པཎ་གྱིས་ཐུགས་དགོངས་འདི་ལྟར་བཞེས་ཏེ་རང་རེ་བོད་འདི་སིལ་བུར་ཐོར་ནས་བཟུང་ནང་འཁྲུག་ཁོ་ནས་དུས་འདའ་ཞིང་།  དེང་སང་ཡང་ཆོས་ལུགས་གྲུབ་མཐའ་སོ་སོའི་བླ་དཔོན་དང་ས་གནས་ཀྱི་འགོ་པ་ཁག་གིས་རང་རང་གི་ཆོས་གཞིས་མངའ་འབངས་རྩོད་རེས་དང་རང་རང་གི་གྲུབ་མཐའ་དང་མངའ་རིས་ལ་ཕན་པ་ཁོ་ན་དོན་དུ་གཉེར་ནས་བོད་སྤྱི་པའི་བསམ་པ་མེད་པར་བརྟེན།  དབུས་གཙང་ཁམས་གསུམ་དུ་ཧོར་དམག་འཛུལ་ནས་བསྲེགས་གསོད་འཕྲོག་གསུམ་གྱི་ཁྲག་གི་ཁ་ལོ་བསྒྱུར་བ་ལ་ཕར་རྒོལ་གྱི་ནུས་པ་མེད་པར་གཅིག་རྗེས་གཉིས་མཐུད་དུ་མགོ་བཏགས་ཞུས་པར་བལྟས་ན།   འགོག་རྒོལ་བྱེད་པ་ནི་གནས་སྐབས་ཀྱི་གནས་མ་ཡིན་པས་འཇམ་པོའི་ཐབས་ལ་བརྟེན་ནས་དམ་པའི་ཆོས་ཀྱིས་བོད་དང་སྐྱེ་འགྲོ་ཡོངས་ལ་ཕན་པ་བླ་ན་མེད་པ་ཞིག་འབྱུང་བར་ངེས་སོ་དགོངས་ནས་ན་ཚོད་ཤིན་ཏུ་སྨིན་ཡང་སྐུ་སྲོག་ལ་ཕངས་མེད་པར་ཧོར་ཡུལ་དུ་འབྱོན་རྒྱུར་ཐུགས་ཐག་བཅད།   དེ་ནས་རིམ་གྱིས་ས་སྐྱ་ནས་ཁྲོ་ཐུང་དང་སྣར་ཐང་བསམ་འགྲུབ་རྩེ་རིན་སྤུངས་སོགས་སུ་བྱོན་ནས་ཆོས་འཁོར་བསྐོར།  ཟུར་ཕུ་རུ་འགྲོ་འགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུར་ཕེབས་པ་དེའི་གཙུག་ཕུད་བཞེས་ནས་ཁོང་དང་མཉམ་དུ་ཁྲིད།  གསང་ཕུ་ནེའུ་ཐོག་དང་འབྲི་གུང་བཅས་སུ་བྱོན།    འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱིས་བསུ་བ་རྒྱ་ཆེར་བྱས།  དེ་ནས་རིམ་གྱིས་ཁམས་སུ་བྱོན།  ཀ་ཐོག་དབུ་འོད་ཡེ་ཤེས་འབུམ་གྱིས་རབ་གནས་ཀྱི་ཆོ་ག་མཛད་པར་གསོལ་བཏབ་པས་ཞལ་གྱིས་བཞེས་ཏེ་རབ་གནས་ཀྱི་བཀའ་དྲིན་བསྩལ།  འབའ་ཐང་བརྒྱུད་ལི་ཐང་ནས་ཉག་ཆུ་བསྒྲལ་ཏེ་རབ་སྒང་དུ་བྱོན།  ཞག་ར་ལྷ་རྩེར་བརྒྱུད་ནས་དར་རྩེ་མདོར་ཕེབས།  མགུ་ཐོམ་ཡུལ་གྱི་སྐད་རིགས་མི་མི་གཅིག་པའི་མི་མང་པོ་ཡང་སངས་རྒྱས་པ་ལ་བཙུད།  ཧ་ཀ་ལིང་རྩེར་བརྒྱུད་ཤིན་ཏུ་རུ་དང་གླང་ཆེན་འགྱིང་རི་དང་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་རྒྱལ་བའི་སྐུ་མཇལ་ནས་ཉིན་ཞག་བཅུ་འདས་པའི་མཚམས་བློན་པོ་མགར་བྱོན་མྱོང་བའི་རྐྱང་སི་ནས་འབབ་པའི་ཆུ་བོ་བརྒལ་ཏེ་རི་བོ་རྩེ་ལྔ་ནས་ཡུལ་བྱང་ངོས་ཀྱི་མི་ཉག་ཏུ་བྱོན།  དེ་ཚེ་མདོ་ཁམས་སྟོན་པ་བློ་གྲོས་རབ་གསལ་སོགས་ཀྱི་ཆོས་ཀྱི་དྲིས་ལན་བི་ཇི་རི་ཆེན་གྲགས་ཀྱི་གླིང་ཁར་བྲིས།  དེ་ནས་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་མེ་ཕོ་རྟའི་ལོ་༡༣༤༦ཟླ་བ་བརྒྱད་པ་ལ་ཧོར་རྒྱལ་པོའི་རྒྱལ་ས་ལ་ཡང་གྲུར་གདན་ཕེབས་ཏེ་རྒྱལ་པོ་གོ་དན་གོ་ཡུག་གན་རྒྱལ་སར་བཞུགས་པར་མེ་ལུག་ཟླ་བ་དང་པོར་མཇལ། 
          སྤྱི་ལོ་༡༣༤༧ལ་རྒྱལ་པོ་དང་ཆོས་དང་འཇིག་རྟེན་ལུགས་ཀྱི་གསུངས་གླེང་མང་དུ་མཛད་ནས་རྒྱལ་པོ་མཉེས་ཏེ་དེང་ཕན་ཆད་གྲལ་གྱི་མགོར་བླ་མ་ཆོས་རྗེ་བ་བཞུགས་ལ།  སྨོན་ལམ་ཐོབ་ཅིག་ཅེས་ལུང་ཕེབས།  དེ་ནས་ཧོར་གྱི་རྒྱལ་ཁམས་སུ་བར་ཏུ་བྱུང་བའི་དབུ་འཕངས་དགུང་དུ་བསྟོད།  སྐབས་ཤིག་ན་རྒྱལ་པོ་མ་མཛེ་ནད་བྱུང་བས་ཆབ་གཏོར་འཇམ་དཔལ་མ་དང་འཕགས་པ་སེདྒེ་སྒྲའི་ཆོ་ག་མཛད་པས་རྒྱལ་པོ་ནད་ལས་ཐར་བས་ཤིན་ཏུ་དད།  ཐེག་ཆེན་སེམས་བསྐྱེད་ལ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ཞུས་མཆོད་གནས་ཀྱི་ཕུད་དུ་བཀུར།  སྐད་རིགས་མི་གཅིག་པའི་འགྲོ་བ་ཆོས་ལ་མི་དད་པ་རྣམས་ཆོས་ལམ་དུ་ཚུད་པར་གནང་།    
          རྒྱལ་པོ་གོ་དན་དང་ཞལ་འཛོམས་མཛད་རིང་བོད་ས་གནས་གཅིག་གྱུར་ཡོང་བར་ཕན་པའི་སྐུར་ཡིག་སྔ་རྗེས་གཉིས་བོད་ལ་བཏང་།  ཁོང་མེས་རྒྱལ་གཅིག་གྱུར་ཡོང་པར་མཛད་རྗེས་རླབས་པོ་ཆེ་འཇོག་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན།   ས་སྐྱ་གོང་མ་རྣམ་ལྔའི་ནང་གི་བཞི་པ་ཡིན།  དེ་ནས་བོད་དུ་འབྱོན་པ་བས་བོད་ཀྱི་བསྟན་སྲིད་ལ་ཕན་ཆེ་བར་གཟིགས་ནས་བོད་ཀྱི་གྲྭ་སློབ་རྣམས་ལ་གནང་སྦྱིན་མང་པོ་དང་ཆོས་ཀྱི་སྐྱེས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་བསྐུར། 
          ཆོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་ངས་ཐམས་ཅད་ལ་བཤད་པ་ཡིན་པས་ཡི་གི་འདི་ལྟོས་ལ་ཤོད།  འདི་བཞིན་ཉམས་སུ་ལོངས་ཞེས་བཀའ་བསྩལ།  ཧོར་རྒྱལ་བོས་མུ་ཏིག་སོགས་རིན་པོ་ཆེ་དཔག་ཏུ་མེད་པ་ཞིག་རྗེ་འདིར་ཕུལ་བ་ཕེབས་ལམ་ནས་མདོ་སྨད་ཁྲི་ཀ་སོགས་སུ་བྱོན་ཏེ་མཆོད་རྟེན་དཀར་པོ་ལ་རབ་གནས་མཛད།  རྗེ་རང་ལ་སངས་རྒྱས་བྱངས་སེམས་ཀྱི་གཟིགས་སྣང་བྱུང་བར་བརྟེན།     མུ་ཏིག་སོགས་རིན་པོ་ཆེ་ཁོ་ནས་རྟེན་དེ་ལས་ཅུང་ཟད་ཅིག་ཡོད་པའི་སར་ཇོ་བོའི་སྐུ་བརྙན་བྱིན་ལྡན་ཞིག་བཞེངས་ཏེ་རྗེ་རང་གིས་རབ་རུ་གནས་པ་སོགས་བྱིན་རླབས་མི་ཟད་པའི་གཏེར་དུ་བསྒྲུབས།  དེ་ལྟར་ཆོས་རྗེ་འདིས་རྒྱ་བོད་ཧོར་གསུམ་ལ་ལུགས་གཉིས་ཀར་ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་སྣང་བ་དམ་པ་བསྩལ།  ཡུལ་དུས་ཀུན་ཏུ་དམ་པའི་བྱ་བ་ཁོ་ན་ལ་བརྩོན་པར་གནང་།  གཞན་ཡང་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་ལ་འཕགས་པ་དགུང་ལོ་བཅུ་བདུན་དུ་ཕེབས་པར་བསྟན་པའི་ཁུར་བཞེས་འཇུག་པར་དགོངས་ནས་ཆོས་དུང་དང་ལྷུང་གཟེད་ལ་སོགས་པ་གནང་ཞིང་སློབ་མའི་ཚོགས་རྣམས་གཏད་ནས་བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བཀའ་བསྒོས་ནས་བསྟན་པ་གཏད།  མཐར་ལང་གྲུའུ་སྤྲུལ་བའི་སྡེ་ཞེས་བྱ་བའི་དགོན་པ་པར་རབ་བྱུང་བཞི་པའི་ལྕགས་ཕག་ལོ་༡༣༥༡ཟླ་བ་བཅུ་པའི་ཚེས་བཅུ་བཞི་ཉིན་གྱི་སྐྱ་རེངས་ཤར་བའི་ཚེ་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་སུ་བཟུང་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དོ། 
          བདག་ཉིད་ཆེན་པོ་འདི་ཡི་གདན་ས་ཆེ་བ་དཔལ་ལྡན་ས་སྐྱ་བྱང་ཕྱོགས་ལིང་ཆུར་རྩེར་ཁབ་བར་བསམ་ཡས་ཉང་སྟོད་རྐྱང་ཐུར་ཤངས་སྲེགས་ཤིང་ཆུང་བ་སོགས་དབུས་ཁམས་གཙང་གསུམ་ན་ཤིན་ཏུ་མང་བར་བདག་གཉེར་མཛད་ནས་སྤྱིར་མདོ་སྔགས་ཁྱད་པར་རྣམ་འགྲེལ་སོགས་མཚན་ཉིད་ཀྱི་བཤད་སྲོལ་ཧ་ཅང་དར་རྒྱས་བྱུང་།  བསྟན་རྒྱུན་འཛིན་པའི་སློབ་བུ་ཡང་ཐུགས་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ།  མཚན་ཉིད་ཀྱི་ཚོགས་དཔོན་འུ་ཡུག་པ་རིག་པའི་སེང་གེ་སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ་སྤྱི་དཔོན་ཏེ་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་སོགས་རྒྱ་བོད་ཧོར་གསུམ་དུ་མཁས་དང་གྲུབ་པའི་སློབ་མ་མང་དུ་འཕེལ།   བཀའ་འབུ་མ་ད་ལྟ་ཁྱོན་ལྡེབ་རིང་པོད་གསུམ་སྣ་ཁ་བརྒྱ་དང་བདུན་ཤོག་གྲངས་དགུ་བརྒྱ་དང་དྲུག་ཡོད་པའི་སྡེ་དགེའི་པར་མ་ཆ་ཚང་རྣམ་བཞུགས་ཡོད།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716