སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“དུས་རབས་ཉི་ཤུ་བའི་བོད་ཀྱི་ལུགས་སྒྱུར་མཁན་པོ་རྣམ་གཉིས”དང་ཁོང་རྣམ་གཉིས་ཀྱི་ལུགས་སྒྱུར་མཛད་རྣམ་ཐོག་མར་གླེང་བ།
སྤེལ་དུས། 2017-09-28   ཡོང་ཁུངས།    རྩོམ་པ་པོ།  བླ་ནག་པ་ཡེ་ཤེས་བཟང་བོ།
          【ནང་དོན་གནད་བསྡུས】  རྩོམ་འདིའི་ནང་“དུས་རབས་ཉི་ཤུ་བའི་བོད་ཀྱི་ལུགས་སྒྱུར་མཁན་པོ་རྣམ་གཉིས”ཏེ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་ལུགས་སྒྱུར་བསམ་བློའི་འབྱུང་རྐྱེན་དང་ཁོང་རྣམ་གཉིས་ཀྱིས་ལུགས་སྒྱུར་གྱི་མཛད་རྣམ་བསྐྱངས་ཚུལ།  མཇུག་མཐར་ལུགས་སྒྱུར་མཚམས་འཇོག་དགོས་པའི་རྒྱུ་རྐྱེན་སོགས་ལ་དབྱེ་ཞིབ་དང་དཔྱད་འཇོག་རོབ་ཙམ་བྱས་ཡོད།
          【བརྡ་ཆད་གཙོ་བོ】  ལུགས་སྒྱུར་མཁན་པོ།   མཛད་རྣམ།   ལུགས་སྒྱུར་མཚམས་འཇོག་དགོས་པའི་རྒྱུ་རྐྱེན།
གླེང་གཞི།
          མི་རིགས་ཤིག་ས་སྒང་འདིའི་སྟེང་ཡུན་རིང་དུ་གནས་དགོས་ན་ངེས་པར་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་འགྲོ་དགོས་ཤིང་། དེ་ལྟར་འགྲོ་བ་ལ་དུས་དང་མི་འཚམས་ཤིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གེགས་སུ་གྱུར་པའི་འདུ་ཤེས་འཛིན་སྟངས་དང་ཆབ་སྲིད་ལམ་ལུགས། ཁྲིམས་སྲོལ་སྒྲིག་གཞི། བདག་གཉེར་དོ་དམ་སོགས་ལ་ཕངས་སེམས་ཅི་ཡང་མེད་པའི་སྒོ་ནས་ལུགས་སྒྱུར་བྱ་དགོས་པ་ཡིན། རྒྱ་མི་རིགས་ལ་མཚོན་ན། ཧྲང་དབྱང་གི་ལུགས་སྒྱུར་དང་ཝང་མང་གི་ལུགས་སྒྱུར། ཝང་ཨན་ཧྲིའི་ལུགས་སྒྱུར། ས་ཁྱི་ལོའི་ལུགས་སྒྱུར་སོགས་ལ་བརྟེན་ནས་མི་མང་གི་བློ་སྒོ་ཕྱེས་ཤིང་འབངས་ཀྱི་འཚོ་བ་ཡར་རྒྱས་དང་། རྒྱལ་ཁབ་སྟོབས་འབྱོར་ཅན་དུ་སོང་མྱོང་བ་དང་།  ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་འཇར་པན་ལྟ་བུ་ལ་མཚོན་ན་ཡང་ལུགས་སྒྱུར་ལ་བརྟེན་ནས་རྒྱལ་ཁབ་སྔོན་ཐོན་དང་སྟོབས་འབྱོར་ཅན་དུ་སོང་བ་ཤ་སྟག་ཡིན།
          རང་རེ་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅུང་ཟད་བལྟས་ཚེ། རྣམ་དཔྱོད་ཡངས་ཤིང་དགོངས་གཞི་ཟབ་པ་དང་གཟིགས་རྒྱང་རིང་བའི་སྐྱེས་བུ་རླབས་པོ་ཆེ་གཉིས་མིག་ལ་ཐོགས་ཡོང་།  ཁོང་རྣམ་གཉིས་ནི་༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཡིན། ཕྱི་རབས་པ་རྣམས་ཀྱིས་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་མི་བརྗེད་པའི་ཆེད་དུ། བདག་གིས་ནི་ཁོང་རྣམ་པ་གཉིས་ལ་“དུས་རབས་ཉི་ཤུ་བའི་བོད་ཀྱི་ལུགས་སྒྱུར་མཁན་པོ་རྣམ་གཉིས་”ཞེས་ཆེད་དུ་ཐ་སྙད་གདགས་པར་འདོད་དོ། ། གཤམ་དུ་ཁོང་རྣམ་གཉིས་ཀྱིས་ལུགས་སྒྱུར་གྱི་མཛད་རྣམ་བསྐྱངས་ཚུལ་རིམ་པ་བཞིན་བརྗོད་པར་བྱ་སྟེ།
          ཀ   ལུགས་སྒྱུར་མཁན་པོ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
          དང་བོ།   རྒྱལ་དབང་ཁོང་གི་རྣམ་ཐར་མདོར་བསྡུས།
          རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། རབ་བྱུང་བཅོ་ལྔ་བའི་མེ་བྱི་ལོར་(༡༨༧༦)ལྷོ་ཁ་དྭཊ་སྨད་སྣང་རྫོང་འོག་གླང་མདུན་ཞེས་པར་ཡབ་ཀུན་དགའ་རིན་ཆེན་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། མཚན་བློ་བཟང་ཐབས་མཁས་རྒྱ་མཚོ་ཞེས་གསོལ། མེ་གླང་(༡༨༧༧)ལོར་ལྷ་སར་གདན་དྲངས། ས་སྟག་(༡༨༧༩)ལོར་པཎ་ཆེན་བསྟན་པའི་དབང་ཕྱུག་གིས་ཆུང་སྲིད་རིན་པོ་ཆེའི་གཙུག་ཕུད་བཞེས། ས་ཡོས་(༡༨༧༩)ལོའི་ཟླ་༦ཚེས་༡༤ཉིན་ཕོ་བྲང་པོ་ཏ་ལའི་གསེར་ཁྲི་མངའ་གསོལ། ཆུ་རྟ་(༡༨༨༢)ལོར་ཡོངས་འཛིན་སྐུ་བགྲེས་རྟ་ཚག་ངག་དབང་དཔལ་ལྡན་དང་སྐུ་གཞོན་ཕུར་ལྕོག་ཞབས་དྲུང་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་དུ་དགེ་ཚུལ་གྱི་བསླབ་པ་མནོས། ས་བྱི་(༡༨༨༨)ལོར་པཎ་ཆེན་སྐུ་ཕྲེང་བརྒྱད་པས་དགེ་ཚུལ་གྱི་སྡོམ་པ་ཕུལ་ཏེ་མཚན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་གསོལ། ཤིང་ལུག་(༡༨༩༥)ལོར་ཡོངས་འཛིན་ཕུར་ལྕོག་སྤྲུལ་སྐུའི་དྲུང་ནས་བསྙེན་རྫོགས་ཀྱི་བསླབ་པ་བཞེས་པ་དང་། ལོ་དེའི་ཟླ་༨ཚེས་༨་ཉིན་ལུགས་གཉིས་ཀྱི་ཐུགས་འགན་བཞེས། ས་ཁྱི་(༡༨༩༨)ལོར་གདན་ས་གསུམ་ལ་གཞུང་ཆེན་བཀའ་བོད་ལྔའི་གྲྭ་སྐོར་དམ་བཅའ་བཞག ལོ་དེར་མཚན་ཞབས་པ་སོག་པོ་རྡོ་རྗེ་ཡིབ་མངཊ་ནས་ཨུ་རུ་སུར་འབྲེལ་བ་གནང་། ཆུ་སྟག་(༡༩༠༢)ལོར་རྗེ་ཉིད་ནས་མཁན་སློབ་སྦྲགས་མ་མཛད་དེ་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ལ་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་འབུལ་གནང་མཛད། ཤིང་འབྲུག་(༡༩༠༤)ལོར་དབྱིན་ཇིའི་དམག་དཔུང་ལྷ་སར་འབྱོར་ཉེའི་སྐབས་བོད་ཀྱི་སྲིད་འཛིན་སྐུ་ཚབ་ཏུ་དགའ་ལྡན་ཁྲི་ཟུར་བློ་བཟང་རྒྱལ་མཚན་བསྐོ་བཞག་གནང་སྟེ་ཟླ་༦ཚེས་༡༥་ཉིན་སོག་ཡུལ་དུ་ཞབས་བཏེགས། ལོ་དེའི་ཟླ་༡༠ཚེས་༢༠ཉིན་སོག་ཡུལ་གྱི་གྲོང་ཁྱེར་ཨུ་ལན་བྷ་ཐོར་ཕེབས་འབྱོར་བྱུང་ཞིང་ཁལ་ཁ་དང་ཆ་ཧར། ཐོར་གོད་སོགས་སུ་དམ་པའི་ཆོས་ཀྱི་བགོ་སྐལ་རྒྱ་ཆེར་གནང་། མེ་ལུག་(༡༩༠༧)ལོར་སྐུ་འབུམ་དུ་ཕེབས་ནས་ལོ་གཉིས་ཙམ་ལ་བཞུཊ་ཏེ་ལམ་རིམ་ཆེན་མོའི་ཁྲིད་སོགས་རྒྱ་ཆེར་གནང་ཞིང་། སྒྲ་དང་སྙན་ངག་སོགས་ལ་གསན་བཞེས་གནང་། སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་ལྗཊ་རྩོམ་མཛད། ས་སྤྲེལ་(༡༩༠༨)ལོར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཏེ་འཇར་མན་དང་ཉི་ཧོང་། ཨ་རི་སོགས་ཀྱི་མི་སྣར་མཇལ་འཕྲད་གནང་། ལོ་དེའི་ཟླ་༨པར་པེ་ཅིན་དུ་ཕེབས་ནས་གོང་མ་ཀྭོང་ཞི་དང་རྒྱལ་ཡུམ་ཚི་ཞི་གཉིས་ལ་མཇལ་འཛོམས་གནང་། ལོ་དེའི་བོད་ཟླ་༡༠ཚེས་༢༨ཉིན་པེ་ཅིན་ནས་ལྷ་སར་ཚབས་སྒྱུར་བསྐྱངས་ཏེ་ས་བྱི་(༡༩༠༩)ལོར་ལྷ་སར་ཞབས་སོར་འཁོད། བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱི་རེ་བ་བཞིན་གསེར་ཐམ་ཆེན་མོ་བདག་གིར་བཞེས། ལྕགས་ཁྱི་(༡༩༡༠)ལོར་ལུའུ་ཅན་རྒྱ་དམག་ལྷ་སར་འབྱོར་རྐྱེན་ཡང་བསྐྱར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། ཆུ་བྱི་(༡༩༡༢)ལོར་སླར་ཡང་བོད་ལྗོངས་སུ་ཆིབས་སྒྱུར་བསྐྱངས། དེ་ནས་བོད་ཀྱི་ཤོག་དངུལ་དཔར་འདེབས་དང་ཟངས་ཊམ་དང་གསེར་ཊམ་དཔར་འདེབས། ཏར་ཁང་གསར་འཛུགས། གཏེར་ཁ་སྔོག་འདོན། བོད་ཕྲུག་ཕྱི་གླིང་སློབ་གྲྭར་མངཊ་རྫོངས། ས་རྒོད་གསར་སྦོལ་སོགས་ལུགས་སྒྱུར་གྱི་མཛད་རྣམ་རྒྱ་ཆེར་སྤེལ་གནང་མཛད། ཤིང་སྟག་(༡༩༡༤)ལོར་བོད་དམག་བཅོས་སྒྲིག་དང་རྒྱ་སྐྱེད་གནང་ཞིང་། ཉི་ཧོང་དང་དབྱིན་ཇི། ཨུ་རུ་སུ་སོགས་ནས་དམག་རྩལ་དགེ་རྒན་གདན་ཞུས་ཀྱིས་དམག་མིར་སྦྱོང་བརྡར་གང་ལེགས་གནང་། མེ་འབྲུག་(༡༩༡༦)ལོ་ནས་ས་ལུག་(༡༩༡༩)ལོ་བར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་གཏོང་གནང་མཛད། མེ་ཡོས་(༡༩༢༡)ལོར་ནན་ཅིན་དུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་གཙུགས། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ། རྩེ་ཕོ་བྲང་། ཁྲ་འབྲུག་ལྷ་ཁང་སོགས་ལ་ཞིག་གསོ་རྒྱ་ཆེར་གནང་། རྒྱལ་བའི་བཀའ་རིན་པོ་ཆེ་སོགས་དཔེ་རྒྱུན་དཀོན་རིགས་དང་གསུང་འབུམ་མང་བོའི་དཔར་གསར་བཞེངས་དང་། ལྷ་རམས་དགེ་བཤེས་རྣམས་ལ་རྩོད་རྒྱུགས་བླངས་པ་དང་རྒྱུད་པའི་བླ་མ་དབུ་མཛད་སོགས་བསྐོ་བཞག་གནང་། དགེ་ཚུལ་ཆིག་ཁྲི་དང་བསྙེན་རྫོགས་ཉིས་ཁྲི་བཅས་ལ་སོ་ཐར་གྱི་བསླབ་པ་བསྩལ། 《བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་དཀྱིལ་ཆ་ལག་ཀུན་ཚང་ལེགས་བཤད་རིན་ཆེན་གསལ་སྒྲོན》སོགས་གསུང་རྩོམ་པོད་བདུན་ཙམ་མཛད་ཡོད། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་(༡༩༣༣)ལོ་སྟེ་དགུང་ལོ་ང་བརྒྱད་བཞེས་པའི་སྟེང་བོད་ཟླ་༡༠ཚེས་༣༠ཉིན་ནོར་གླིང་འཆི་མེད་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ། །
          གཉིས་པ།   ལུགས་སྒྱུར་བསམ་བློའི་འབྱུང་རྐྱེན།
          དུས་རབས་བཅུ་བདུན་པ་ནས་བཟུང་དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་ཧུར་བརྩོན་གྱིས་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱས་ཤིང་། མེ་གླིང་དང་ཡ་གླིང་གི་ས་ཁུལ་རྒྱ་ཆེན་པོ་ཧམ་བཟུང་བྱས། དབྱིན་ཇིས་མེ་གླིང་བྱང་མར་མི་སེར་ཡུལ་གསར་འབྱེད་བྱེད་པ་དེ་༡༦༠༧ལོ་ནས་མགོ་བརྩམས་ཤིང་། དུས་རབས་བཅུ་བདུན་པའི་དུས་མགོར་ཧྥ་རན་སིའི་མི་སེར་སྤེལ་མཁན་ཡང་མེ་གླིང་བྱང་མའི་ས་ཆར་སླེབས་ཏེ་ཧྲིན་ལའོ་ལུན་སི་ཆུ་བོའི་འབབ་ཡུལ་དུ་མི་སེར་སྤེལ་བའི་རྟེན་གཞི་གཟུག་པའི་མགོ་བརྩམས། དབྱིན་ཇིས་ཧུར་བརྩོན་གྱིས་ཡ་གླིང་ཕྱོགས་སུ་མི་སེར་སྤེལ་ཡུལ་རྒྱ་བསྐྱེད་པ་དེ༡༦༠༠ལོར་རྒྱ་གར་དུ་ཧིན་རྡུ་ཤར་མ་ཀུང་ཟི་བཙུགས་པ་ནས་མགོ་བརྩམས་ཤིང་།༡༦༠༡ལོར་ཧིན་རྡུ་ཤར་མ་ཀུང་ཟིའི་གྲུ་གཟིངས་ཀྱིས་ནན་དབྱང་གླིང་ཚོམ་དུ་དྲི་ཞིམ་རྒྱུ་ཆ་འབོར་ཆེན་ཕྱིར་དྲངས་ཏེ་ཁེ་སྤོག་མང་པོ་ཐོབ། དབྱིན་ཇིས་ཡ་གླིང་དུ་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་རྒྱ་གར་ལ་བཙན་འཛུལ་རྒྱ་ཆེན་པོ་བྱས། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་ཧྥ་རན་སིས་རྒྱ་གར་ལྷོ་ཕྱོགས་ཚོད་འཛིན་བྱས། དུས་རབས་བཅུ་བདུན་པའི་དུས་མཇུག་ནས་བཟུང་དབྱིན་ཇི་དང་ཧྥ་རན་སིའི་བར་ཡོ་རོབ་གླིང་གི་བཙན་བདག་གི་ཐོབ་ཐང་རྩོད་པ་དང་། འཛམ་གླིང་དུ་མི་སེར་སྤེལ་ཡུལ་བཙན་དབང་འཕྲོག་ལེན་བྱ་ཆེད་དམག་འཁྲུག་དྲག་པོ་བྱུང་། དུས་རབས་བཅོ་བརྒྱད་པར་དབྱིན་ཧྥ་བར་གྱི་དམག་འཁྲུག་དེ་སྔར་བས་ཀྱང་ཛ་དྲག་ཏུ་གྱུར་ཅིང་། མཐར་ཧྥ་རན་སི་ཡོངས་སུ་ཕམ་པར་གྱུར་པ་དང་། དབྱིན་ཇིས་ཐོག་མར་བྷང་ག་ལ་བཟུང་། དབྱིན་ཇིའི་བཟོ་ལས་གསར་བརྗེ་མྱུར་དུ་གོང་འཕེལ་བྱུང་བའི་དབང་གིས་ཚོང་ཟོག་འབོར་ཆེན་རྒྱལ་ཁབ་གཞན་དང་ས་གནས་གཞན་ལ་འདྲེན་ཚོང་བྱེད་རྒྱུ་དང་བཟོ་ལས་ཐད་ཀྱི་མ་བཅོས་རྒྱུ་ཆ་ནང་འདྲེན་བྱ་རྒྱུ་དེ་ཧ་ཅང་ཁ་ཚ་དགོས་གཏུག་ཏུ་གྱུར།
          ཏག་ཏག་སྐབས་འདི་འདྲ་ཞིག་ཏུ། དབྱིན་ཇི་བཙན་རྒྱལ་ཆེན་མོ་དེ་ཚ་ལ་སོགས་བོད་ཀྱི་མ་བཅོས་རྒྱུ་ཆ་དང་ཐོན་ཁུངས། གསེར་སྒོར་སོགས་ལ་སྲེད་པའི་འགྲམ་ཆུ་ཀུན་ནས་ལྡང་བ་དང་། གཞན་ཆབ་སྲིད་དང་དམག་དོན་ཐད་ཀྱི་དགེ་མཚན་གང་རུང་སོགས་ལ་དམིགས་ནས་དགའ་ལྡན་ཕོ་བྲང་ལ་ཕྱོགས་གཉིས་བར་ཚོང་དོན་ཐད་ཀྱི་ཆིངས་ཡིག་བཞག་རྒྱུའི་རེ་བ་བཏོན་པ་དེ་དགའ་ལྡན་ཕོ་བྲང་གིས་ཁས་མ་བླངས་སྟབས་ཕྱོགས་གཉིས་བར་གྱི་འགལ་བ་དེ་རིམ་གྱིས་ཇེ་ཆེར་གྱུར་ཏེ་མཐར་མེ་ཆུ་འཕྲད་པ་ལྟར་གྱུར།
          སྤྱི་ལོ༡༧༧༤ལོར་དབྱིན་ཇིས་སྦོ་སྒེ་དང་ཧ་མིན་ཏུན་ཟེར་བ་གཉིས་བོད་དུ་བཏང་སྟེ། བོད་ཀྱི་ཐོན་ཁུངས་དང་བོད་དུ་ཕྱི་རྒྱལ་གྱི་དངོས་པོ་ག་འདྲ་ཡོད་མིན། བོད་ཀྱི་གསེར་དངུལ་དང་གླ་རྩི་སོགས་ཀྱི་གནས་ཚུལ། བྷང་ག་ལ་ནས་ལྷ་སའི་བར་གྱི་ལམ་གྱི་གནས་ཚུལ། ལྷ་ས་དང་ཉེ་འགྲམ་ཡུལ་གྲུ་ཁག་གི་གནས་ཚུལ། བོད་ནས་ཀ་ཤི་སྨྲི་དང་ཞི་པོ་ལི་ཡ། རྒྱ་ནག་བཅས་ལ་བསྐྱོད་རྒྱུའི་ལམ་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱ་རྩིས་བྱས། དེ་མོ་སྲིད་སྐྱོང་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་རྣམ་གཉིས་ཀྱིས་དང་ཐོག་ངོ་རྒོལ་བྱས་ཀྱང་སྦོ་སྒེ་ཡིས་ཐབས་ལམ་སྣ་ཚོགས་སྤྱད་མཐར་ལོ་དེའི་དགུན་ཁར་ད་གཟོད་གཞིས་ཀ་རྩེར་པཎ་ཆེན་རིན་པོ་ཆེར་དངོས་སུ་མཇལ་ཐུབ་པ་བྱུང་སྟེ་ལྷ་སར་བསྐྱོད་རྒྱུའི་གྲ་སྒྲིག་བྱས། ཡིན་ན་ཡང་སྐབས་དེའི་བོད་སྡེ་བ་གཞུང་གིས་རྩ་བ་ནས་མོས་མཐུན་མ་བྱས་པས། ཁོས་བོད་དང་ཤར་རྒྱ་གར་ཀུང་ཟིའི་བར་ཚོང་དོན་གྱི་ཆིངས་ཡིག་ཅིག་འཇོག་རྒྱུའི་རེ་བ་བཏོན་པར། བོད་གཞུང་གིས་དེ་ལྟར་ཆོག་ཀྱང་ས་གནས་ཕག་རིར་གཏན་འཁེལ་བྱ་རྒྱུར་ཐག་གཅོད་བྱས་པས་མཐའ་མཇུག་ཁོའི་རེ་བ་དེ་ཇི་བཞིན་འགྲུབ་མ་ཐུབ་པ་རེད། ཡིན་ན་ཡང་ཁོས་བོད་ཀྱི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས། ཚོང་དོན་བཅས་ལ་རྒྱུས་ལོན་དང་རྟོག་ཞིབ་བྱས་པ་དེས་རྗེས་སུ་དབྱིན་ཇིས་བོད་ལ་དཔུང་འཇུག་རྒྱ་ཆེན་བྱས་པ་དེར་ནུས་པ་ཆེན་པོ་ཐོན་ཡོད་པར་བཤད།
          སྤྱི་ལོ༡༧༨༣ལོར། སླར་ཡང་དབྱིན་ཇིའི་སྐུ་ཚབ་སའེ་མའེར་ཐན་ཉེར་དང་སང་ཏའེ་སི་གཉིས་བཀྲ་ཤིས་ལྷུན་པོར་འབྱོར་ཞིང་། བོད་སྡེ་བ་གཞུང་དང་དབྱིན་ཇིའི་ཤར་རྒྱ་གར་ཀུང་ཟི་གཉིས་ཀྱི་བར་ལ་ཆིངས་ཡིག་འཇོག་རྒྱུ་དང་ཁོ་གཉིས་ལྷ་སར་རྟོག་ཞིབ་ཏུ་འགྲོ་རྒྱུའི་རེ་བ་བཏོན། ཡིན་ན་ཡང་སྡེ་བ་གཞུང་གིས་སྒོ་སྡོམ་རང་སྲུང་གི་ལྟ་ཚུལ་མཁྲེགས་འཛིན་གྱིས་ཁོ་གཉིས་ཀྱི་རེ་བ་དང་ལེན་མ་བྱས་སྟབས་ཡང་བསྐྱར་དབྱིན་ཇིའི་རེ་བ་སྟོང་ཟད་དུ་གྱུར་པ་རེད། སྲིད་སྐྱོང་རྟ་ཚག་གི་སྐབས་སུ་དབྱིན་ཇིའི་གཞུང་ཕྱོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐབས་དང་། ལྷག་པར་བོད་དུ་ཨུ་རུ་སུའི་དབང་ཤུགས་རྒྱ་སྐྱེད་མི་འབྱུང་བའི་ཆེད་དུ། དབྱིན་ཇིའི་མི་རིགས་བོད་སྐྱོད་བྱ་རྒྱའི་ཐབས་ལམ་སྔ་རྗེས་བཙལ་བར་བོད་ཕྱོགས་ནས་བཀག་འགོག་གི་དཀའ་ངལ་ཕྲད། དེར་བརྟེན་ས་བྱི་(སྤྱི་ལོ༡༨༨༨)ལོར་བོད་ས་ཕག་རིར་དྲག་པོའི་བཙན་འཛུལ་བྱས་པ་ས་སྲུང་བོད་དམག་གིས་ཕྱིར་རྒོལ་མཐར་སྐྲོད་བཏང་།
དེ་རྗེས་ལྕགས་སྟག་(༡༨༩༠)དང་ཆུ་སྦྲུལ་(༡༨༩༣)ལོ་སོ་སོར་དབྱིན་གཞུང་དང་མན་ཇུ་གོང་མའི་གཞུང་གི་སྐུ་ཚབ་དཔོན་རིགས་གྲོས་མོལ་ཐོག་ནས་བོད་དང་རྒྱ་གར་གྱི་ས་མཚམས་དང་། གྲོ་མོའི་ཚོང་རའི་སྐོར་སོགས་བོད་གཞུང་གི་སྐུ་ཚབ་མེད་པའི་ཆིངས་ཡིག་སྔ་རྗེས་བཞག་ཐོག་རྒྱ་གར་དབྱིན་གཞུང་ནས་ཆིངས་ཡིག་དེ་དག་རྩ་བཟུང་གིས་བོད་གཞུང་ལ་འབྲེལ་བ་ཞུས་པར་ཡང་བོད་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་གནང་། དབྱིན་ཇིས་ལོ་འདི་དག་ལ་བོད་ཡུལ་དུ་འཛུལ་ཞུགས་བྱ་རྒྱུའི་བསམ་སྦྱོར་བསྟུད་མར་བརྩམས་ཤིང་། བཀའ་ཤག་སྲིད་གཞུང་གིས་འགོག་རྒོལ་མཐའ་གཅིག་ཏུ་བྱས་ན་ཡང་བོད་སྡོད་ཨམ་བན་ཡུག་ཐེ་ཡིས་མན་ཇུ་སྲིད་གཞུང་གི་བཀའ་ལྟར་བོད་དམག་གིས་དབྱིན་དམག་ལ་རྒོལ་བ་ནི་སྒོ་ང་རྡོ་ལ་རྡེབ་པ་དང་མཚུངས་པར་སྙམ་ནས་སྔ་ཕྱིར་བཀག་འགོག་ཤུགས་ཆེན་བྱས་པས། གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་མན་ཇུ་གཞུང་གི་བྱེད་སྟངས་དེར་ཐུགས་ཤིན་ཏུ་མ་དགྱེས་པར་ཐབས་ལམ་གཞན་ཞིག་འཚོལ་ཞིབ་གནང་བ་སྟེ། ས་ཁྱི་(སྤྱི་ལོ༡༨༩༨)ལོར་མཚན་ཞབས་མཁན་ཆེན་སྒོ་མང་བློ་བཟང་ངག་དབང་བརྒྱུད་ནས་ཨུ་རུ་སུའི་ཧྲ་ཧོང་གོང་མར་འབྲེལ་བ་གནང་བར་དེ་དོན་ཧྲ་ཧོང་གོང་མས་ཀྱང་དང་ལེན་བྱས་པའི་གནས་ཚུལ་ཕྱི་རྒྱལ་གྱི་གསར་འགྱུར་ཁག་ནང་གྲགས་སྦིར་ཆེ་བ་བྱུང་།
དེ་བས་སྤྱི་ལོ་༡༨༩༩ལོར་དབྱིན་གཞུང་ནས་རྡོ་རྗེ་གླིང་དུ་ཡོད་པའི་འབྲུག་ཡུལ་སྐུ་ཚབ་ཀ་ཅི་ཨོ་རྒྱན་རྡོ་རྗེ་དང་ཀ་ཤི་སྨིར་དུ་སྡོད་པའི་དབྱིན་གཞུང་སྐུ་ཚབ་ཀྱིས་རྒྱལ་བ་རིན་པོ་ཆེ་སྐུ་ངོ་མ་དང་འཇལ་འཕྲད་ཀྱིས་བོད་ཀྱི་ས་མཚམས་དང་དབྱིན་བོད་ཚོང་འབྲེལ་སྐོར་ལ་གྲོས་མོལ་བྱ་འདོད་ཡོད་པའི་འཕྲིན་ཡིག་སྔ་རྗེས་ཐེངས་གཉིས་ཕུལ་ཀྱང་བོད་གཞུང་གིས་སྣང་མེད་ངང་ཕྱིར་བསློགས་བྱས་པས་དབྱིན་གཞུང་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་ཆབས་ཅིག་ཁོང་ཁྲོ་ཆེན་པོ་ལངས། སྤྱི་ལོ་༡༩༠༠ལོར་མཚན་ཞབས་བློ་བཟང་ངག་དབང་(རྡོ་རྗེ་ཡིབ)ཨུ་རུ་སུར་དངོས་སུ་མངགས་ཏེ་བོད་ལ་ཕྱི་རྒྱལ་གྱི་བཙན་འཛུལ་མི་འབྱུང་བའི་རོགས་རམ་འབོད་སྐུལ་ཞུས་པར་ཧྲ་ཧོང་གོང་མས་དངོས་སུ་འཇལ་འཕྲད་ཀྱིས་བོད་ལ་རོགས་རམ་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན།
          དེ་ལྟར་བོད་དང་ཨུ་རུ་སུའི་འབྲེལ་ལམ་ཇེ་ལེགས་སུ་གྱུར་ཅིང་། སྤྱི་ལོ་༡༩༠༡ལོར་མཚན་ཞབས་བློ་བཟང་ངག་དབང་ལྷ་སར་འབྱོར་ཏེ་བོད་ལ་ཨུ་རུ་སུས་རོགས་རམ་བྱ་རྒྱུའི་ཆིངས་ཡིག་གི་ཟིན་ཐོ་བཀོད་པ་རེད། ཨུ་རུ་སུའི་གོང་མས་བོད་ལ་རོགས་ཕན་བྱ་རྒྱུ་ཁས་བླངས་པས་སྐབས་དེར་དབྱིན་ཇི་དང་ཨུ་རུ་སུ་གཉིས་ཁ་གཏད་དུ་ལངས་ཡོད་སྟབས་དབྱིན་ཇི་སྲིད་གཞུང་བྲེལ་ཤ་ཆེན་པོ་ལངས་ཏེ་རྒྱ་གར་དབྱིན་གཞུང་གི་དཔོན་རིགས་ཅལ་སེ་འབེལ་ཞེས་པ་དེས་༡༩༠༢གོའི་ཟླ་༥བའི་ཚེས་༢༦ཉིན་ལྷ་སར་ཨན་བན་ཡུག་ཐེ་ལ་ཡི་གེ་ཞིག་སྤྲད་པའི་ནང་། "དང་བོ། རྒྱ་གར་སྲིད་གཞུང་གིས་ཀྲུང་གོའི་དཔོན་རིགས་ལ་དབང་ཆ་མེད་པས་བོད་གཅུན་མི་ཐུབ་པ་མཐོང་རྗེས་དབང་ཆ་ཡོད་པའི་བོད་དཔོན་དང་ཆིངས་ཡིག་བསྐྱར་དུ་འཇོག་རྒྱུ་ལས། ད་ཕྱིན་ཀྲུང་གོའི་དཔོན་རིགས་ལ་བོད་བདག་སྐྱོང་བྱེད་པའི་དབང་ཆ་མེད་པ་བཟོ་རྩིས་འདུག གཉིས་པ། བོད་སྲིད་གཞུང་གིས་གལ་ཏེ་མི་སྣ་བཏང་ནས་ཁོ་ཚོ་དང་གྲོས་མོལ་མ་བྱས་ན་ཁོ་ཚོས་གོ་སྐབས་དང་བསྟུན་ཏེ་བོད་དུ་ཡོང་ནས་བོད་ཀྱི་སྲིད་དབང་གི་ཚབ་བྱས་ཏེ་བདག་སྐྱོང་བྱེད་རྒྱུ་རེད། གསུམ་པ། ཨུ་རུ་སུས་ཀྱང་བྱང་ཕྱོགས་ནས་དཔུང་འཇུག་བྱེད་སྲིད་ཅིང་། དེ་ལྟར་བྱུང་ན་ལྷོ་ཕྱོགས་ནས་རྒྱ་གར་དང་བྱང་ཕྱོགས་ནས་ཨུ་རུ་སུས་བཙིར་རྒོལ་གྱིས་བོད་ལ་བཙན་ཤེད་ཀྱིས་ཀའོ་ལི་ལྟར་རང་དབང་རང་བདག་བྱེད་དུ་འཇུག་རྒྱུ་རེད། བཞི་བ། བློན་ཆེན་གང་ཉིད་ཀྱིས་ངེས་པར་འཕྲལ་དུ་ཏཱ་ལའི་བླ་མ་དང་གྲོས་མོལ་གནང་ནས་མི་སྣ་འཇོན་ཐང་ཆེ་བ་ཞིག་བདམས་ཐོག་དབང་ཆ་ཚང་མ་གནང་སྟེ་ཀྲུང་གོའི་དཔོན་རིགས་དང་མཉམ་དུ་ལས་དོན་བསྒྲུབ་ཏུ་འཇུག་དགོས་པ་ལས་བོད་དཔོན་གྱིས་ཕྱི་གླིང་བ་དང་འབྲེལ་གཏུག་བྱས་ནས་རང་འཚམས་ཀྱིས་ཆིངས་ཡིག་འཇོག་མི་རུང་"1ཞེས་འཁོད་ཡོད། ཡིན་ན་ཡང་སྐབས་དེར་བོད་ཕྱོགས་ནས་ཨམ་བན་ལ་བརྩི་འཇོག་ཅི་ཡང་མེད་པས་འབེལ་གྱི་ཡི་གེ་དེ་ཡང་ངལ་བ་འབྲས་མེད་དུ་གྱུར།
          སྤྱི་ལོ་༡༩༠༣ལོའི་ཟླ་༣ཚེས་༡༧ཉིན་མཁན་དྲུང་བློ་བཟང་འཕྲིན་ལས་དང་ཚ་རོང་དབང་ཕྱུག་རྒྱལ་བོ་གཉིས་གྲོ་མོའི་ས་མཚམས་དོན་གཅོད་དུ་བསྐོས་ཤིང་། ཁོང་གཉིས་པོས་དབྱིན་བོད་བར་ཚོང་དོན་གྲོས་མོལ་བྱ་བ་དེ་འགོར་འགྱངས་ཅི་ཐུབ་བྱས་པས། དབྱིན་གཞུང་ལ་བོད་ཀྱི་ཕྱོགས་ལ་ཨུ་རུ་སུའི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་པའི་དོགས་འདྲོགས་སྔར་ལས་ཆེ་བར་བྱུང་སྟེ་བོད་ལ་དྲག་ཤུགས་ཀྱི་སྒོ་ནས་གྲོས་མོལ་བྱ་རྒྱུ་ཐག་གཅོད་བྱས་པ་རེད།
          སྤྱི་ལོ་༡༩༠༣ལོའི་ཟླ་༦པའི་ནང་དབྱིན་ཇིའི་དོན་གཅོད་དཔོན་རིགས་ཀྱིས་དམག་དཔུང་ཁྲིད་ནས་འབྲས་ལྗོངས་སྒང་ཏོག་ནས་ལ་ཆེན་བརྒྱུད་དེ་གམ་པའི་ཕྱོགས་སུ་དཔུང་སྐྱོད་བྱས་པས། བོད་ཀྱི་ས་མཚམས་དོན་གཅོད་གཉིས་གོང་གི་བཀའ་ལྟར་ལ་ཆེན་ཕྱོགས་སུ་ཤར་སྐྱོད་ཀྱིས་ས་གནས་དེ་གར་དབྱིན་བོད་བར་གྱི་ཚོང་དོན་སྐོར་ལ་གྲོས་མོལ་བྱ་རྒྱུའི་རེ་འདུན་བཏོན་པར། དབྱིན་ཇིའི་ཕྱོགས་ནས་ང་ཚོས་གྲོས་མོལ་བྱེད་ས་གམ་པ་རྫོང་དུ་གཏན་འཁེལ་བྱས་ཟིན་ཟེར་ནས་མུ་མཐུད་དུ་དམག་དཔུང་མདུན་སྐྱོད་བྱས། ལམ་བར་དུ་བཀྲ་ཤིས་ལྷུན་པོའི་ཕྱོགས་ཀྱི་མི་སྣས་འཇམ་མཁས་ཀྱིས་བཀག་འགོག་བྱས་ཀྱང་མ་ཉན་པར་གམ་པ་རྫོང་གི་རི་གཤམ་དུ་དམག་སྒར་བརྒྱབ་ཅིང་། དམག་མི་བཞི་བརྒྱ་དང་བཅས་པ་གམ་པ་རྫོང་དུ་འབྱོར། སྐབས་དེར་བོད་ལྗོངས་ཚོགས་འདུའི་འཐུས་མི་སོགས་དེར་སླེབས་ཏེ་དབྱིན་ཇིའི་དཔོན་དམག་རྣམས་ས་མཚམས་སུ་ཕྱིར་ལོག་བྱས་ན་བོད་ཕྱོགས་ནས་ཀྱང་གྲོས་མོལ་བྱ་འདོད་ཡོད་ལུགས་བརྗོད་ཀྱང་། མདའ་དཔོན་ཡཱང་ཧ་སེ་བན་ཊ་ཡིས་པེ་ཅིན་མན་ཇུའི་གཞུང་ལ་ལྷ་སར་ཡོད་པའི་ཨམ་བན་དང་བོད་ཀྱི་སྐུ་ཚབ་བཀའ་བློན་མངགས་ཏེ་གྲོས་མོལ་བྱ་དགོས་ཞེས་ནན་གྱིས་བརྗོད་པས། ཨམ་བན་གྲོས་མོལ་དུ་འགྲོ་རྩིས་བྱས་པར་བོད་གཞུང་དང་བོད་ལྗོངས་ཚོགས་འདུས་བཀག་འགོག་བྱས་པ་དང་། དབྱིན་བོད་བར་འགལ་རྐྱེན་ཅི་རིགས་བྱུང་བས། བོད་གཞུང་ནས་ཀྱང་དམག་སྐུལ་རྩ་ཚིག་བཀྲམས་པ་དང་། དབྱིན་གཞུང་ནས་ཀྱང་སྔར་གྱི་རེ་འདུན་བརྗོད་དེ་འགོར་འགྱངས་ཟླ་བ་བཞི་ཙམ་བྱས་རྗེས་གློ་བུར་དུ་དམག་དཔུང་ཕྱིར་འཐེན་བྱས། སྐབས་དེར་བཀའ་བློན་བཤད་སྒྲ་གཙོས་བོད་གཞུང་གིས་དབྱིན་ཇི་དང་ཞི་གྲོས་བྱ་རྒྱུ་དང་། གདན་སའི་མཁན་པོ་སོགས་བོད་ལྗོངས་ཚོགས་འདུའི་འཐུས་མི་གཙོ་བོ་དག་གིས་འགོག་རྒོལ་དམག་འཐབ་བྱ་རྒྱུའི་འདོད་ཚུལ་བཟུང་བས་བཀའ་ཤག་དང་བོད་ལྗོངས་ཚོགས་འདུའི་བར་ཐབས་ཇུས་མི་མཐུན་པའི་འགལ་བ་ཆེན་པོ་བྱུང་བ་རེད།
          སྐབས་དེར་༧གོང་ས་མཆོག་གཅིག་ནས་དགུང་ན་ཆུང་བ་དང་། གཉིས་ནས་ཆབ་སྲིད་དང་དམག་དོན་ཕྱོགས་ཀྱི་ཉམས་མྱོང་ཕྲ་བ་བཅས་ལ་བརྟེན་ནས་མཐའ་གཅིག་ཏུ་འགོག་རྒོལ་དམག་འཁྲུག་རྒྱག་རྒྱུའི་དགོངས་བཞེད་བསྐྱངས་ཤིང་། དེ་ལ་མོས་མཐུན་མེད་པའི་བཀའ་བློན་བཤད་སྒྲ་སོགས་གནས་དབྱུང་དང་དོ་དམ་བྱས་པས། དེ་དག་ཁྲོད་ཀྱི་མི་ལ་ལར་མི་འོས་པའི་ཉེས་འགེལ་དང་མཇུག་འབྲས་ཅི་རིགས་བྱུང་། དེ་ནས་ཅུང་མ་འགོར་བར་འཕྲུལ་མདའ་དང་མེ་སྒྱོགས་སོགས་སྔོན་ཐོན་གྱི་དྲག་ཆས་ཆ་ཚང་སྤྲས་པའི་དབྱིན་དམག་ཁྲི་ལྷག་ལམ་ལ་ཆས་ཏེ། ས་མཚམས་སུ་ཡོད་པའི་རྫ་ལེབ་ལ་བརྒལ་ཏེ་གྲོ་མོ་དང་ཕག་རིར་དཔུང་འཇུག་བྱས། སྐབས་དེར་དབྱིན་ཇིས་སོ་མྱུལ་བཏང་ནས་ཀ་ལ་དང་རྡོ་ཆེན་སོགས་སུ་བོད་དམག་མང་པོ་ཡོད་པ་ཤེས་པས་གཡོ་ཅན་དྲང་བརྫུས་ཀྱིས་བོད་ཕྱོགས་ལ་ཞི་གྲོས་བྱ་རྒྱའི་ཡི་གེ་བཏང་བས། བོད་ཕྱོགས་ནས་དེ་དོན་བདེན་པར་བཟུང་སྟེ་མདའ་དཔོན་ལྷ་སྡིངས་སྲས་སོགས་མངགས་ཏེ་གྲོས་མོལ་མགོ་འཛུགས་སྐབས་དབྱིན་ཇིས་གློ་བུར་དུ་མེ་མདའ་བརྒྱབ་ནས་བོད་དམག་བདུན་བརྒྱ་ཙམ་ཤི་རྨས་སུ་བཏང་ཞིང་། བོད་དམག་འཕྲོས་ལུས་ཚོས་རལ་གྲི་ཕྱར་ནས་ཤི་འཛིང་བྱས་ཀྱང་མཐར་གོ་མཚོན་བཟང་ངན་གྱི་ཁྱད་པར་ལས་བོད་དམག་ལ་ཕམ་ཉེས་ཆེན་པོ་བྱུང་། དེ་རྗེས་གནས་རྙིང་དགོན་དང་ལྕང་ལོ་གླིང་ག་སོགས་སུ་དབྱིན་དམག་དང་བོད་དམག་བར་རེས་ཕམ་རེས་རྒྱལ་གྱི་དམར་འཛིང་བྱས་ཤིང་། མཐའ་མཇུག་མཚོན་ཆའི་བཟང་ངན་གྱིས་བོད་དམག་ཕམ་སྟེ་རྒྱལ་རྩེ་ཡང་ཤོར་ལ་ཉེས་བའི་སྐབས་དེར། འབྲུག་ཀྲོང་སར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་དང་ཀ་ཅི་ཨོ་རྒྱན་རྡོ་རྗེ་གཉིས་ཀྱིས་དབྱིན་བོད་བར་ཞི་བའི་གྲོས་མོལ་ཡོང་ཆེད་བར་འདུམ་བགྱིས། ཡིན་ན་ཡང་དབྱིན་དམག་ལ་རྒྱབ་སྣོན་འབྱོར་བའི་དྲེགས་ཉམས་ལ་བརྟེན་ནས་ཡཱང་ཧ་སེ་བན་ཊས་ལྷ་སར་བསྐྱོད་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཀྱིས་ཐག་གཅོད་བྱ་རྒྱུ་ཡིན་པ་དང་ལམ་བར་ནས་བཀག་འགོག་བྱས་ལུགས་བརྗོད་དེ་ཁས་ལེན་མ་བྱས་ཤིང་། རྒྱལ་རྩེ་དང་ཁ་རོ་ལ་སོགས་སུ་བོད་དམག་གི་འགོག་རྒོལ་རིམ་བཞིན་གཏོར་ནས་ཤིང་འབྲུག་(༡༩༠༤ལོ)ཟླ་༦ཚེས་༡༢ཉིན་ཆུ་ཤུར་དང་ཉེ་བའི་ལྕགས་ཟམ་གྲུ་ཁར་བསླེབས། ༧གོང་ས་མཆོག་གིས་བཀའ་ཡིག་དང་བཅས་སྐུ་བཅར་ངག་དབང་དངོས་གྲུབ་མངགས་ནས་དབྱིན་ཇིའི་དམག་དཔོན་དང་ངོ་ཕྲད་ཀྱིས་གྲོས་མོལ་བྱས་ཀྱང་ཡཱང་ཧ་སེ་བན་ཊས་དང་ལེན་མ་བྱས་པར་ལྷ་སར་ཡོང་ནས་ཏཱ་ལའི་བླ་མ་དང་ངོ་མཇལ་གྱིས་གྲོས་མོལ་བྱ་རྒྱུ་ཡིན་ལུགས་ཁོ་ན་བརྗོད་སྟབས། བཀའ་ཤག་གིས་ཛ་དྲག་ཆེན་པོས་ཚོགས་འདུ་བསྐོངས་ཏེ་གྲོས་སྡུར་བྱས། མཐའ་འཇུག་གལ་ཏེ་གོང་ས་མཆོག་གིས་དབྱིན་ཇིའི་དམག་དཔོན་དང་དངོས་སུ་འཕྲད་ནས་གྲོས་མོལ་བྱས་ཚེ་དབྱིན་ཇིས་ཅི་ཟེར་ལྟར་ཆིངས་ཡིག་འཇོག་དགོས་པ་མིག་མཐོང་དུ་གྲུབ་པས། དེ་ལས་རེ་ཞིག་ཉེན་གཡོལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་གནས་ལུགས་སྙན་ཞུ་ཕུལ་པས། སྤྱི་ལོ༡༩༠༤ལོའི་ཟླ་༦ཚེས་༡༢ཉིན་གློ་བུར་དུ་བཅད་རྒྱ་ལས་བཞེངས་ཏེ་སོག་ཡུལ་དུ་འབྱོན་རྒྱུའི་ཐུགས་ཐག་བཅད།
འདིའི་སྐོར་《རྣམ་ཐར་རིན་ཆེན་ཕྲེང་བ》ལས། "ཆུ་སྲིན་རྒྱལ་མཚན་གྱི་སྡེ་རིས་སུ་གཏོགས་པ་དབྱིན་ཇིའི་རྒྱལ་ཁབ་ནས་ས་མཚམས་སྐོར་འཕྲོས་པ་བྱ་རྒྱུ་ཡོད་ལུགས་ཀྱིས་དཔུང་དམག་དང་བཅས་པ་ས་བརྒལ་རིམ་ཟོས་ལ་རང་ཕྱོགས་ནས་ཐོག་མར་༧གོང་མ་ཆེན་པོའི་བཀའ་དོན་སྤྱི་ཁུར་གྱིས་ཞི་གཏམ་རང་ལ་འགྲིགས་ཐབས་གཙོ་འདོན་བགྱིས་ཀྱང་གོ་ལེན་མེད་པའི་མཐར་དམག་འཁྲུགས་སུ་གྱུར་རྗེས་བོད་ལྗོངས་གཡུལ་གྱི་ཁུར་འཛིན་འགོ་དམག་དག་སྡར་མ་ཝའི་བརྟུལ་ཞུགས་ལ་གནས་པས་དཔུང་ཤེད་ཀྱིས་རྒོལ་བའི་ཤུགས་ནུས་མ་ཐོན་པར་ཁ་འཐོར་ཉམས་ཉེས་ཁོ་ནས་ཕྱི་དམག་རྣམས་རང་སར་རིམ་ཐོར་ལྕགས་ཟམ་ཉེ་འདབས་སུ་ལྷགས་འབྱོར་ཐོག་ལྷ་ལྡན་རྒྱལ་ཁབ་ཏུའང་རིང་མིན་འོང་རྒྱུའི་ཁ་ཕོ་འབྲུག་ལྟར་སྒྲོགས་པར་༧གོང་ས་རྣམ་འདྲེན་ཆེན་པོས་མཇལ་འཕྲལ་བསྐྱངས་ཚེ་ཐབས་མཁས་ཐུགས་རྗེའི་བྱིན་མཐུས་དབྱིན་ཇིའི་དཔོན་དམག་ནས་གུས་འདུད་ཞུ་བ་གཞིར་བཅས་ཀྱང་། དོན་སྙིང་བོད་ཀྱི་དབང་ཆ་དབྱིན་ཇིར་རིམ་བདག་གིས་ཆིངས་ཡིག་ཅི་ཟེར་ལྟར་འཇོག་དགོས་ཡོང་བ་མཐོང་ཆོས་སུ་གྲུབ། "2ཅེས་འཁོད་ཡོད།
          སྤྱིར་ན་"དབྱིན་འགོག་དམག་འཁྲུག "ཅེས་པ་ནི། དབྱིན་ཇི་བཙན་རྒྱལ་བའི་བོད་ཀྱི་ཐོན་ཁུངས་བེད་སྤྱོད་དང་ཚོང་ར་རྒྱ་སྐྱེད། ད་དུང་རྒྱ་ནག་ནང་ཁུལ་དུ་འགྲོ་སའི་བགྲོད་ལམ་འཚོལ་ཞིབ་བཅས་ཀྱི་ཧམ་སེམས་དང་བོད་ཀྱི་མཐོ་རིམ་སེར་སྐྱའི་མི་དྲག་སྐོར་ཞིག་གི་སྒོ་གཅོད་རིང་ལུགས་ཀྱི་བསམ་བློ་དང་མཁྲེགས་འཛིན་གྱི་བྱ་སྤྱོད་ཤུགས་དྲག་པོ་གཉིས་གདོང་གཏུག་ཕོག་པ་ལ་བརྟེན་ནས་བྱུང་བའི་དགོས་མེད་ཀྱི་བྱ་སྤྱོད་ཅིག་ཡིན། དབྱིན་ཇིའི་《ཉིན་རེའི་སྦྲགས་གནས》ཀྱི་གསར་འགོད་པ་ཨེ་ཏེ་མོང་ཁན་ཏེ་ལེར་གྱིས། "དེ་ནི་དམག་འཁྲུག་ཅིག་ག་ལ་ཡིན། དེ་ནི་ནུས་མེད་ཀྱི་མི་དམར་གསོད་གཏོང་བ་ལས་མ་འདས། "3 ཞེས་བཤད་པ་ལ་བརྟགས་ན། དེ་ནི་དམག་འཁྲུག་ཅིག་ཡིན་མིན་ཡང་ཐེ་ཚོམ་གྱི་གནས་ཡིན། བཀའ་བློན་བཤད་སྒྲ་སོགས་བཀའ་ཤག་ནང་ཁུལ་གྱི་མི་མང་བོ་ཞིག་གིས་ཞི་གྲོས་ལ་མཐའ་གཅིག་ཏུ་བརྩོན་ལེན་བྱས་པ་ནི་གནས་ལུགས་ལྡན་པ་ཞིག་སྟེ། བཤད་སྒྲས་དེ་སྔོན་དབྱིན་ཇིར་འབྲེལ་བ་བྱས་མྱོང་བས་དབྱིན་ཇིའི་གནས་ཚུལ་ལ་རྒྱུས་ཡོད་པས་བོད་ཀྱིས་དབྱིན་དམག་ལ་འཐབ་པ་ནི་སྒོ་ང་བྲག་ལ་རྒྱག་པ་ལས་མ་འདས་པས་ཕམ་ཁ་མྱང་ངེས་ཡིན་པ་སྨོས་མ་དགོས་བ་སོགས། སྔ་འདང་ཕྱི་འདང་ཕོག་པའི་རྣམ་འགྱུར་ཞིག་ཡིན་ལ། དེ་བཞིན་ཨམ་བན་ཡུག་ཐེ་ཡི་འགོག་རྒོལ་མི་བྱེད་པའི་བྱེད་སྟངས་དེ་ཡང་དེ་སྔོན་མན་ཇུའི་གཞུང་གིས་དབྱིན་ཇིར་འགོག་རྒོལ་བྱས་པའི་ཉམས་མྱོང་ལས་བྱུང་བའི་བསླབ་བྱ་ཞིག་ཡིན། ཡིན་ན་ཡང་དེ་སྔའི་ཨམ་བན་བུན་ཧྲོ་ཡིས་དབྱིན་དམག་ལ་མཐའ་གཅིག་ཏུ་དམག་འཁྲུག་རྒྱག་རྒྱུའི་འདོད་ཚུལ་འཛིན་པ་ནི་དམིགས་ཡུལ་གཞན་ཞིག་ཡོད་པ་གོར་མ་ཆག  མདའ་དཔོན་ལྷ་སྡིངས་སྲས་སོགས་དམག་ཇུས་དང་གཡོ་སྒྱུ་ལ་ཤིན་ཏུ་བྱང་བའི་ཡཱང་ཧ་སེ་བྷན་ཊ་ཡི་གཡོ་འོག་ཏུ་ཚུད་དེ་ཆུ་མིག་གཤོང་ཀོར་ཕམ་ཉེས་ཚབས་ཆེན་ཐེབས་པ་དེ་ནི་བོད་དམག་གཡུལ་སར་དྲང་ཐལ་ཆེ་ཞིང་དམག་ཇུས་ཕྱོགས་ལ་ཉམས་མྱོང་ཞན་པ་དང་། དབྱིན་དམག་གི་དོ་ཟླ་མི་ཕེར་བའི་དཔེ་མཚོན་གསོན་པོ་ཞིག་ཡིན།
          སྐབས་དེའི་དབྱིན་དམག་དཀྱུས་མ་ཞིག་གིས་རང་གི་སྐྱེས་མར་བཏང་བའི་འཕྲིན་ཡིག་ནང་དུ་"དམར་གསོད་དེ་ནི་མི་རྣམས་སྐྱུག་མེར་ལངས་དགོས་པ་ཞིག་རེད། མ་གཞི་དམག་སྤྱིས་ནུས་ཤུགས་གང་ཡོད་ཀྱིས་དམག་འཁྲུག་གི་འབྲས་བུ་རྒྱ་སྐྱེད་དུ་གཏོང་རྒྱུའི་བཀའ་བཏང་ཡང་ངས་མེ་མདའ་རྒྱག་མཚམས་བཞག་པ་ཡིན།"4ཞེས་བཤད་པ་འདི་ལས་ང་ཚོས་སྐབས་དེའི་གནས་བབ་ངོ་མ་རྟོགས་ཐུབ།
          འཁྲུག་ཟིང་འདིར་རྒྱུ་རྐྱེན་མང་བོ་ཡོད་དུ་སྲིད་ཀྱང་དེ་སྔ་བོད་ཀྱིས་ས་མཚམས་སུ་བཀའ་བློན་ལྟ་བུའི་མཐོ་རིམ་སྐུ་ཚབ་མངགས་ནས་དབྱིན་ཇིའི་རེ་འདུན་ལྟར་ཚོང་དོན་ཐད་ཀྱི་ཆིངས་ཡིག་མ་བཞག་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ།
          མདོར་ན།  “དབྱིན་འགོག་དམག་འཁྲུག་”ནི་རིན་དོད་ཆེ་ཙམ་བཏང་ཡང་གྲུབ་འབྲས་དེ་ཙམ་མ་བྱུང་ཞིང་དགོས་པའང་དེ་ཙམ་མེད་པའི་དམག་འཁྲུག་ཅིག་སྟེ། བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་ཆེས་རྒྱག་ཉེས་ཤོར་བའི་དམག་འཁྲུག་གཅིག་པུ་དེ་ཡིན་སྙམ་མོ། །
          སྐབས་དེར་ལོ་ངོ་ཉིས་བརྒྱ་དྲུག་ཅུ་ལྷག་ལ་དཔལ་དཀྱིལ་འཛིན་མར་མངའ་དབང་བསྒྱུར་མྱོང་བའི་མན་ཇུ་སྲིད་གཞུང་དེ་ཡང་དར་བའི་མཐའ་མར་རྒུད་དགོས་པའི་འདུས་བྱས་ཀྱི་བཟློག་ཏུ་མེད་པའི་ཆོས་ཉིད་ཀྱི་མདུན་དུ་ཧ་ཅང་ཉམས་རྒུད་ཀྱི་མཐའ་ལ་ཐུག་པས། སྐབས་དེའི་འཛམ་གླིང་གི་བཙན་བདག་ཆེན་མོ་དབྱིན་ཇི་ལྟ་བུའི་མདུན་དུ་ཞི་བའི་གྲོས་མོལ་གྱི་བྱ་ཐབས་ཁོ་ན་ལྷུར་ལེན་པ་ལས་གཞན་པའི་ཕན་ཡོད་ཀྱི་བྱ་ཐབས་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །
          དེ་ནས་རིམ་བཞིན་༧གོང་ས་མཆོག་འཕན་པོ་སྒོ་ལ་བརྒྱུད་རྭ་སྦྲེང་དང་སྟག་ལུང་། འདམ་གཞུང་། ནག་ཆུ། ལྡང་ལ། ཚ་འདམ་ནས་བྱང་དུ་ཕྱོགས་ཏེ་ཀན་སུའུ་ཡི་ས་སྣེ་ཅཱ་ཀུའུ་སོགས་བརྒྱུད་དེ་ཕྱི་སོག་རྒྱལ་ཁབ་ཏུ་ཕེབས་ཤིང་། བསམ་གཏན་སྐྱོབ་བདེ་གླིང་དུ་མི་གྲངས་ཉིས་སྟོང་ལ་ཚེ་དབང་དང་ཚེས་གྲྭའི་ཚོགས་མགོན་དུ་བྱོན། དེ་ནས་ཧལ་ཧ་རྗེ་བཙུན་དམ་པའི་ཕེབས་བསུ་རིམ་པར་མཇལ་ཕྱག་དང་བཅས་སྐབས་དེའི་ཕྱི་སོག་གི་རྒྱལ་ས་ཏ་ཁུ་རལ་དུ་ཕེབས་ཤིང་རྗེ་བཙུན་དམ་པ་དང་ཨན་བན་སོགས་ལ་མཇལ་འཕྲལ་བསྐྱངས། སོག་ཡུལ་དུ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང་མཚན་སྙན་གྱི་རོལ་མོ་ཕྱོགས་བཞིར་ཁྱབ་པར་གྱུར།
          སྤྱི་ལོ་༡༩༠༥ལོར་ཧལ་ཧ་ནས་མཚན་ཞབས་ངག་དབང་བློ་བཟང་ཨུ་རུ་སའི་གོང་མར་རོགས་ཕན་ཞུ་རུ་མངགས། ཡིན་ན་སྐབས་དེར་ཨུ་རུ་སུས་ཉི་ཧོང་དང་དམག་འཁྲུག་བརྒྱབ་སྟེ་ཕམ་ཁ་བྱུང་བས་བོད་ལ་རོགས་རམ་བྱ་རྩིས་ཡོད་ཀྱང་ནུས་སྟོབས་མེད་པས་ཕྱིར་སྐད་ཆ་སྙན་མོ་ཙམ་ཞི་བཤད་པ་ལས་དོན་སྨིན་མ་བྱུང་བ་རེད།
          སྐབས་དེར་(༡༩༠༦ལོ)གཅིག་ནས་རྗེ་བཙུན་དམ་པས་ལོག་སྒྲུབ་ཅུང་ཟད་བྱས་པ་དང་། གཉིས་ནས་བོད་སྲིད་གཞུང་གིས་སྐུ་ཚ་གུང་དོན་གྲུབ་རྡོ་རྗེ་དང་ཛ་སག་བློ་བཟང་དོན་གྲུབ། སེ་འབྲས་དགའ་གསུམ་གྱི་མཐུས་མི་བཅས་གདན་ཞུར་མངགས་པ་བཅས་ལ་བརྟེན་ནས་ཕྱིར་བོད་ལྗོངས་སུ་ཕེབས་རྩིས་ཀྱིས་ཀན་སུའུ་ཡི་ཕིང་ཕཱན་སོག་བརྒྱུད་ནས་ཟི་ལིང་དུ་ཕེབས། དེ་རྗེས་སེར་སྐྱ་བརྒྱ་ཕྲག་དུ་མའི་བསུ་བ་དང་བཅས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་དགེ་འདུན་པ་དང་དད་ལྡན་རྣམས་ལ་དབང་ལུང་མན་ངག་དུ་མའི་ཆོས་སྦྱིན་འདོད་དགུར་བསྩལ་ཅིང་། ཞར་དུ་སྐུ་ཉིད་ཀྱིས་ཀྱང་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་《ཞྭ་དམར་ལམ་རིམ》སོགས་ཁྲིད་དང་དབང་ལུང་ཅི་རིགས་དང་དཔའ་རིས་རབ་གསལ་ཚང་ལས་《སྙན་ངག་མེ་ལོང་》དང《མཚམས་སྦྱོར་ལྔ་བ》སོགས་ཀྱི་མཛུབ་ཁྲིད་ཞིབ་རྒྱས་སུ་མནོས། སྐུ་འབུམ་དགོན་པའི་སྒྲིག་ལམ་དག་ཐེར་སོགས་མཛད་འཕྲིན་སྣ་ཚོགས་བསྐྱངས་ཏེ་བགྲང་བྱ་གཅིག་ཙམ་བཞུགས་རྗེས། འཇམ་པའི་དབྱངས་ཀྱི་གནས་མཆོག་རི་བོ་རྩེ་ལྔར་ཕེབས་ཏེ་གནས་མཇལ་མཛད། སྐབས་དེར་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཝིལ་ལིམ་རོག་ཧིལ་དང་། འཇར་མན་དང་ཉི་ཧོང་། ཨུ་རུ་སུ་སོགས་ཀྱི་མི་སྣ་མང་བོར་མཇལ་ཕྱག་དང་མཚམས་ཞུར་བཅར་ཞིང་ཕན་ཚུན་བཀའ་མོལ་བགྱིས། སྐབས་དེར་གོང་མ་ཀོང་ཞུ་དང་རྒྱལ་ཡུམ་ཚི་ཞི་གཉིས་ཀྱིས་ནན་གྱིས་གདན་ཞུ་བྱས་པ་ལྟར་པེ་ཕེན་དུ་ཕེབས་ཏེ་ཕན་ཚུན་འཚམས་ཞུ་དང་ཕྱག་རྟེན་འབུལ་རེས་དང་བོད་དོན་སྐོར་སོགས་གསུང་གླེང་ཞིབ་རྒྱས་གནང་། བོད་ཀྱི་སྐོར་དང་ཁོང་ལ་ཕེབས་བསུ་དང་རྗེས་མའི་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི་ཐད་ལ་དགའ་སྐྱོའི་ཚོར་སྣང་ཅི་རིགས་བྱུང་། དེནས་གོང་མ་ཀོང་ཞུ་དང་རྒྱལ་མོ་ཚི་ཞི་གཉིས་སྔ་ཕྱིར་འདས་པས་ཁོང་གིས་ཐུགས་སྨོན་གང་ལེགས་གནང་ཞིང་། ཟླ་༡༠བའི་ཚེས་༩ཉིན་གོང་མ་ཞོན་ཐུང་ཁྲིར་འཁོད་ཀྱི་མཛད་སྒོར་རྟེན་འབྲེལ་གྱི་ཤིས་ཚིག་དང་དངོས་སྐྱེས་བསྟར་གནང་མཛད།
པེ་ཅིན་དུ་བཞུགས་རིང་ཐུགས་ཀློང་དྭངས་ཤིང་གཟིགས་རྒྱང་རིང་བོས་དེར་སྡོད་དབྱིན་ཇིའི་གཞུང་ཚབ་ལ་མཇལ་འཕྲད་བསྐྱངས་ཏེ། སྔོན་ཆད་དབྱིན་བོད་གཉིས་ཀར་གྱོང་གུད་ཆེན་པོ་ཐེབས་ཤིང་། ད་ཕྱིན་ཕན་ཚུན་རྒྱུས་ལོན་དང་མཛའ་འབྲེལ་བསྐྱར་འཛུག་བྱ་རྒྱུའི་སྐོར་དབྱིན་ཇིའི་གོང་མར་སྙན་ཞུ་བཀའ་མངགས་གནང་བ་དང་། ཉི་ཧོང་སྐུ་ཚབ་ཀྱིས་བོད་དམག་ལ་དམག་སྦྱོང་རོགས་རམ་གནང་རྒྱུའི་བསམ་འཆར་ཕུལ་བ་དང་བླངས་དང་ཉི་ཧོང་གིས་དམག་སྦྱོང་དགེ་རྒན་མངགས་རྒྱུའི་ཞལ་བཀོད་མཛད། ༧གོང་ས་མཆོག་པེ་ཅིན་དུ་བཞུགས་སྐབས་མཛད་འཕྲིན་རྒྱས་ལུགས་དང་རྒྱའི་མི་དམངས་ཀྱིས་དད་གུས་ཚད་མེད་ཞུས་པའི་སྐོར་ལ། 《རྣམ་ཐར་རིན་ཆེན་ཕྲེང་བ》ལས། "ཏཱ་ལའི་བླ་མ་ནི་སངས་རྒྱས་བསྟན་པའི་བདག་པོ་དང་བོད་ཀྱི་སྲིད་སྐྱོང་ཡང་ཡིན་སྟབས་བཙན་དབང་ཆེ་བ་གོང་མ་བག་ཝང་ལྟ་བུ་རེད། དེང་སྐབས་གོང་མའི་ལྕགས་རི་ལྟ་བུ། གོང་མའི་མངའ་འོག་ཡིན་ལུགས་མེད་པར་གོང་མའི་སྐྱབས་རོགས་ལྟ་བུ་ཡིན་ཞེས་སོགས་ཀུན་ཏུ་གྲགས་སོ། །”5ཞེས་འཁོད་འདུག
          སྤྱི་ལོ་༡༩༠༨ལོར་པེ་ཅིན་ནས་ལམ་ལ་ཆས་ཏེ་ལོ་དེའི་ཟླ༡༨ཚེས་༢༩ཉིན་སྐུ་འབུམ་དགོན་དུ་ཞབས་སོར་འཁོད་ཅིང་ཤར་རྫོང་རི་ཁྲོད་དང་བྱ་ཁྱུང་དགོན་སོགས་སུ་མཆོད་མཇལ་བསྐྱངས། སྤྱི་ལོ་༡༩༠༩ལོའི་ཟླ་༤ཚེས་༢༥ཉིན་སྐུ་འབུམ་ནས་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་མཚོ་སྔོན་པོ་དང་ནག་ཆུ། རྭ་སྦྲེང་། འཕན་པོ་སྒོ་ལ་སོགས་བརྒྱུད་དེ་བསུ་བ་རྒྱ་ཆེན་པོ་དང་བཅས་ལྷ་ལྡན་གྲོང་ཁྱེར་དུ་ཕྱག་ཕེབས་ཏེ་གཙུག་ལག་ཁང་གི་ཡང་སྟེང་དུ་ཡོད་པའི་གཟིམ་ཆུང་དུ་ཞབས་སོར་འཁོད་དེ་བཀའ་བློན་བཤད་སྒྲ་དང་དགའ་ལྡན་ཁྲི་རིན་པོ་ཆེ་ཚེ་སྨོན་གླིང་ངག་དབང་མཐུ་སྟོབས་སོགས་ལ་མཇལ་འཕྲད་བསྐྱངས་ཤིང་གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྟོན་ལ་དགྱེས་པར་རོལ་ཏོ། །
          ཟླ་༡༡ཚེས་༡༡ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལར་ཞབས་སོར་བཀོད་ཅིང་བོད་ལྗོངས་ལྷ་སྡེ་མི་སྡེ་ཐུན་མོང་ནས་ཕུལ་བའི་གསེར་ཐམ་ཆེན་མོ་བདག་གིར་བཞེས་པ་དང་བློན་ཆེན་བཤད་སྒྲ་སོགས་སྲིད་བློན་ལ་བསྐོ་བཞག་མཛད།
          སྤྱི་ལོ་༡༩༠༥ལོར་ཕུང་(风全)ཨམ་བན་ལྷ་སར་བསྐྱོད་སྐབས་ལི་ཐང་དང་འབའ་ཁུལ་དུ་གྲྭ་བཙུན་འགེལ་བྱས་པ་སོགས་ཀྱིས་ཡུལ་མི་རྣམས་འུ་ཐུག་སྟེ་ཨམ་བན་འཁོར་བཅས་བསད་པས་རྒྱ་དཔོན་ཀྲའོ་ཨར་ཕུང་སོགས་སྔ་རྗེས་སུ་འབྱོར་ཏེ་ལི་ཐང་དང་འབའ། ཆ་འཕྲེང་བཅས་ནས་དགོན་སྡེ་གཏོར་བཅོམས་དང་རྒྱུ་ནོར་འཕྲོག་ལེན། བོད་མི་ཉིས་སྟོང་ལ་ཉེ་བ་དམར་གསོད་བྱས། དེ་རྗེས་ཡང་བསྐྱར་ཀྲའོ་ཨང་ཕང་དང་ཁྲིན་ཀོན་ཐེ་ཡི་དམག་དཔུང་གིས་གངས་དཀར་རྣམ་གླིང་དགོན་སོགས་དགོན་སྡེ་བདུན་ལྷག་གཏོར་བཅོམས་བྱས། ༡༩༠༨ལོར་སྡེ་དགེའི་སྲིད་དབང་བཙན་འཕྲོག་བྱས་ཤིང་ཆབ་མདོར་ལས་ཁུངས་གསར་འཛུགས་དང་ཀོང་བོ་རྒྱ་མདའ་ཚུན་ཆད་ཟི་ཁྲོན་ཤིས་ཁང་ཞིང་ཆེན་ཟེར་བར་བསྒྱུར་ཏེ་དྲིལ་སྒྲགས་བྱས་པ་དང་། མན་ཇུ་སྲིད་གཞུང་གིས་ཀྱང་ཀྲའོ་ཨར་ཕུང་ལ་"བོད་ལྗོངས་ཡོངས་ཀྱི་སྤྱི་ཁྱབ་"ཅེས་པའི་ཆོ་ལོ་དང་གོ་མིང་སྤྲད་པ་རེད།
          ༡༩༠༩ལོར་བོད་གཞུང་ནས་རྒྱ་དམག་འགོག་ཐབས་སུ་མཁན་ཆུང་བྱམས་པ་ཆོས་བཟང་ངོ་གཡོག་བཅས་མངགས་པ་ཀོང་པོ་རྒྱ་མདར་སླེབས་མ་ཐག་བཟུང་ནས་སྐེ་བཅད་པ་སོགས་དྲག་སྤྱོད་བཙན་གནོན་བསྟུད་མར་སྤེལ།
          ༡༩༡༠ལོར་རྒྱ་དམག་སྟོང་ཕྲག་ཁ་ཤས་ལྷ་སར་འབྱོར་ཞིང་། ཉིན་དེ་རང་ལ་པོ་ཏ་ལ་དང་གཙུག་ལག་ཁང་ལ་གང་བྱུང་དུ་མེ་མདའ་མང་བོ་བརྒྱབ་ཅིང་། རྩེ་མགྲོན་འཇམ་དབྱངས་རྒྱལ་མཚན་མེ་མདས་བསད། རྒྱ་དམག་གི་དམག་དཔོན་གྱིས་གོང་ས་མཆོག་ལ་ཞུ་ཡིག་ཅིག་ཕུལ་པའི་ནང་"ཆོས་ཀྱི་བཀའ་ལུང་རང་འཇགས་"ཞེས་པ་ཞིག་ལས་མ་འཁོད་པས། བོད་ཀྱི་སེར་སྐྱ་མི་མང་ཁོང་ཁྲོ་ལངས་ཤིང་འཐབ་འཛིང་གི་གྲ་སྒྲིག་བྱས། སྐབས་དེར་གོང་ས་མཆོག་གིས་བོད་མི་མང་ལ་བཟོད་སྒོམ་བྱ་དགོས་པའི་འབོད་སྐུལ་དང་བཀོད་ཁྱབ་གནང་། དེ་ལྟར་ལུའུ་ཅིན་རྒྱ་དམག་ལྷ་སར་འབྱོར་རྗེས་ཧམ་པ་དཔལ་ཐལ་གྱིས་ཁྲིམས་འགལ་དྲག་སྤྱོད་ཚད་མེད་མུ་མཐུད་དུ་སྤེལ་བར་བརྟེན་༧གོང་ས་མཆོག་ཡང་བསྐྱར་བོད་མི་མང་དང་གཞུང་གི་རེ་བ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ངོ། །
          རྒྱལ་དབང་མཆོག་གྲོ་མོ་དང་ཀ་ལོན་སྦུག་བརྒྱུད་ནས་རྡོ་རྗེ་གླིང་དུ་ཕེབས་འབྱོར་བྱུང་ཞིང་རྒྱ་གར་དབྱིན་གཞུང་སྐུ་ཚབ་འབྲས་སྤྱི་ཅལ་སེ་འབེལ་(སྦེལ)གྱིས་སྣེ་ལེན་ཞུས། དེ་གར་པེ་ཅིན་དུ་བོད་དོན་སྐོར་ཐེངས་བདུན་ལ་གློག་སྐད་བཏང་ཡང་ཞུ་ལན་གསལ་ཁ་མ་བྱུང་ཁར། ད་དུང་ཏཱ་ལའི་བླ་མའི་མཚན་གནས་ཕྱིར་འཐེན་དང་སྤྲུལ་སྐུ་གསར་དུ་འཚོལ་རྒྱུ་ཡིན་པ་སོགས་ཀྱི་གསར་འགྱུར་གང་སར་བསྒྲགས། ལྷ་སྡོད་ཨན་བན་གྱིས་ཀྱང་དེ་བཞིན་ཁྱབ་སྒྲོག་བྱས་པས། གོང་ས་མཆོག་མན་ཇུའི་གཞུང་ལ་ཐུགས་ཡིད་རྩ་བ་ནས་ཆད་དེ་ཟླ་༢ཚེས་ཉིན་དབྱིན་ཇིའི་རྒྱལ་མོའི་སྐུ་ཚབ་ལ་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་ཞིབ་བརྗོད་དང་འབྲེལ་༧གོང་ས་ལྔ་བའི་སྐབས་ཀྱི་མཆོད་ཡོན་འབྲེལ་བ་སྔར་བཞིན་གནས་རྒྱུ་ལས་བོད་ནང་གི་རྒྱ་དམག་འཕྲལ་དུ་ཕྱིར་འཐེན་སོགས་ཀྱི་རོགས་རམ་འབོད་སྐུལ་ཞུས་པར་སྐུ་ཚབ་ཀྱིས་དེ་དོན་དབྱིན་ཇིའི་གཞུང་ལ་སྙན་འབུལ་ཞུ་རྒྱུ་ཁས་ལེན་མཛད། སྐབས་དེར་གོང་ས་མཆོག་གིས་ས་དེར་ཡོད་པའི་འགྲེམ་སྟོན་ཁང་དང་སྤྱན་གཟིགས་ཞིབ་མོ་གནང་།
          སྤྱི་ལོ་༡༩༡༡ལོར་རྒྱ་ནག་ནང་ཁུལ་དུ་"ལྕགས་ཕག་ལོའི་གསར་བརྗེ་"སྟེ་ཝུའུ་ཁྲང་འོས་ལངས་ལ་རྒྱལ་ཁ་ཐོབ་པས་"ཀྲུང་ཧྭ་མེན་གོ"བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་དང་ལྗོངས་བཅུ་ལྷག་གིས་ཆིན་རྒྱལ་རབས་དང་འབྲེལ་ཐག་བཅད་ཅིང་རང་བཙན་བྱས་པ་ཁྱབ་སྒྲོག་བྱས་པས་ཆིན་སྲིད་གཞུང་གི་དབང་སྒྱུར་ལ་ཉམས་ཉེས་ཆེན་པོ་བྱུང་། དུས་དེར་རྒྱ་གར་ཙོང་ཏུའུ་མུ་ལ་ལ་རྡོ་རྗེ་གླིང་དུ་འོངས་ནས་༧གོང་ས་མཆོག་དང་ལྷན་དུ་བོད་དང་དབྱིན་ཇིའི་འབྲེལ་བའི་སྐོར་གསང་བའི་གྲོས་མོལ་ཡུན་རིང་གནང་བ་དང་། ༧གོང་ས་མཆོག་གིས་སྤྱན་གསལ་གནམ་གང་ངམ་ཟླ་བཟང་དགྲ་འདུལ་བོད་དུ་མངགས་ཏེ་བོད་དུ་ཟི་ཁྲོན་རྒྱ་དམག་ལ་འགོག་རྒོལ་དང་འཐབ་འཛིང་བྱ་རྒྱུའི་བཀོད་ཁྱབ་གནང་།
          སྐབས་དེ་ཙམ་དུ་༧གོང་ས་མཆོག་ལ་དབྱིན་ཇི་དང་ཨུ་རུ་སུར་རྒྱབ་རྟེན་བཅོལ་ཏེ་ཆིན་སྲིད་གཞུང་དང་ཁ་གྱེས་ཏེ་ལོགས་སུ་བོད་ལྗོངས་སྒེར་ཚུགས་བྱ་རྒྱའི་ཐུགས་དགོངས་བཟློག་ཏུ་མེད་པ་འཁྲུངས་ཤིང་། ཨུ་རུ་སུའི་གོང་མར་འཕྲིན་ཡིག་བསྐུར་ཏེ། "རང་རེ་བོད་རྒྱལ་ཁང་མཉྫུའི་རྒྱལ་ཁབ་དང་ ཉེ་འབྲེལ་མཆོད་ཡོན་ལས་མངའ་འོག་མིན"6པ་དང་"མཉྫུ་ཕྱོགས་ནས་བོད་རྒྱ་ཁོངས་ཡིན་ཚུལ་གྱི་དམག་བཏང་སྟེ་ཁ་མཆུ་མི་བྱེད་པའི་ངེས་པ་མི་འདུག་པས། རྒྱལ་ཁབ་ཆེན་པོ་གཉིས་ནས་བཀའ་མོལ་གྱིས་སླད་སྒེར་བཙན་ཕུགས་བརྟན་བདེ་བར་འཁོད་པའི་རོགས་མགོན་ཅིས་ཀྱང་ཐུགས་རྗེ་ཆེ་བ་དང་"7 "རྒྱལ་ཁབ་ཏུ་སློབ་གཉེར་བ་ཁ་ཤས་བཏང་ཡོད་པས། སློབ་གྲྭ་ཆེན་མོར་འཇུག་གནང་གིས་རོགས་མགོན་ཐུགས་འདོར་མེད་པ་ཞུ་རྒྱུ"8བཅས་ཞུ་འབུལ་མཛད།
          བོད་ཀྱི་ས་གནས་མང་བོར་ཟི་ཁྲོན་དམག་མི་གཙོས་རྒྱ་རིགས་ལ་ངོ་རྒོལ་བྱེད་པའི་ཟིང་འཁྲུག་ལངས་པ་དང་། ཟི་ཁྲོན་རྒྱ་དམག་ནང་ཁུལ་ལའང་འགལ་བ་ལྷགས་ཏེ་མཐུན་ལམ་མ་བྱུང་ཞིང་། བོད་སྡེ་བ་གཞུང་གི་ལག་ནས་དངུལ་སྲང་ཁྲི་བཅུ་དང་རྟ་ནོར་ལྔ་སྟོང་ཙམ་བླངས་ཀྱང་ད་དུང་དམག་དཔུང་ཕྱིར་འཐེན་མ་བྱས་པ་དང་། ཡིད་ལ་གང་ཤར་གྱི་བྱ་ངན་ཡོད་རྒུ་བྱས་པ་སོགས་ཀྱིས་བོད་མི་མང་ཁོང་ཁྲོ་གཏིང་ནས་ལངས་ཏེ་ངོ་རྒོལ་དྲག་པོ་བྱས། བོད་དམག་དང་ཟི་ཁྲོན་རྒྱ་དམག་བར་མེ་སྒྱོགས་རྒྱག་རེས་བྱས་ཏེ་དུས་ཡུན་རིང་བོར་དམག་འཁྲུག་བྱས་པས་རྒྱ་དམག་ནང་ཁུལ་དུ་འགལ་བ་ཆེ་ཞིང་སྒྲིག་ཁྲིམས་ཞན་པ་དང་། དམག་རྒྱག་མ་འབྱོར་བ་བཅས་ཀྱིས་རིམ་བཞིན་ཕམ་ཁ་བྱུང་བ་རེད།   སྤྱི་ལོ་༡༩༡༢ལོའི་བོད་ཟླ་༥་ཚེས་༡༠ཉིན་གོང་ས་མཆོག་ཀ་སྦུག་ནས་ལྷ་སའི་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་རྫ་ལེབ་ལ་དང་ཕག་རི་སོགས་བརྒྱུད་དེ་བསམ་སྡིངས་དགོན་དུ་བཞུགས་ཞག་འཁོད་ཅིང་། དེ་གར་ཟླ་ངོ་གཉིས་ལྷག་བཞུགས་རྗེས་ཆོས་འཁོར་ཡང་རྩེར་ཕེབས་ཏེ་ཟླ་ཤས་བཞུགས་རྗེས། ཆུ་བྱི་(༡༩༡༢ལོ)ཟླ་༡༢ཚེས་༡༦ཉིན་ལྷ་སར་ཕྱག་ཕེབས་ཤིང་། དགའ་ལྡན་ཁྲི་བ་དང་བཀའ་བློན་སོགས་སེར་སྐྱ་དུ་མས་བསུ་བ་གཟབ་རྒྱས་ཞུས། སྐབས་དེར་༧གོང་ས་མཆོག་གིས་ཟླ་བཟང་དགྲ་འདུལ་ལ་སྐུ་མདུན་སྲུང་སྐྱོབ་དང་ཟི་ཁྲོན་རྒྱ་དམག་འགོག་རྒོལ་གྱི་སྤྱི་ཁྱབ་དམག་སྤྱིར་བསྐོ་བཞག་དང་། རྒྱལ་ཚབ་དགའ་ལྡན་ཁྲི་བ་ཚེ་སྨོན་གླིང་ལ་ཆེད་དུ་གཟེངས་བསྟོད་དང་གསོལ་རས་གནང་།
          དེ་ལྟར་སྤྱི་ལོ་༡༩༠༤ལོར་དབྱིན་ཇིས་དེང་རབས་ཀྱི་གོ་མཚོན་ཐོགས་པའི་དམག་དཔུང་གིས་བོད་སར་བཙན་འཛུལ་བྱས་ཤིང་། བོད་མི་སེར་སྐྱ་དྲག་ཞན་ཚང་མས་ཆིག་སྒྲིལ་གྱིས་འགོག་རྒོལ་བྱས་ཀྱང་འགོག་མ་ཐུབ་པར་ཕམ་ཉེས་ཚབས་ཆེན་བྱུང་བ་དང་། ༧གོང་ས་མཆོག་ཀྱང་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཞིང་། སྤྱི་ལོ་༡༩༡༠ལོར་སླར་ཡང་ཟི་ཁྲོན་རྒྱ་དམག་གིས་ཤར་ཕྱོགས་ནས་བཙན་འཛུལ་བྱས་ཏེ་ལྷ་སར་སླེབས་སྐབས་ཀྱང་འགོག་རྒོལ་བྱ་མ་ཐུབ་ཅིང་། ༧གོང་ས་མཆོག་ཀྱང་ཡང་བསྐྱར་རྒྱ་གར་དུ་ཡུལ་བྱོལ་ལ་ཕེབས་དགོས་བྱུང་བ་སོགས་ཀྱིས་བོད་ལའང་ཚད་ལྡན་གྱི་དམག་དཔུང་དང་དེང་རབས་ཀྱི་གོ་མཚོན་མེད་ན་རང་ས་རང་སྲུང་ཙམ་ཡང་བྱ་ཐབས་མེད་པ་མངོན་སུམ་ར་སྤྲོད་བྱུང་བ་དང་། ༧གོང་ས་མཆོག་ཕྱི་སོག་དང་རྒྱ་ནག་ནང་ས། རྒྱ་གར་བཅས་སུ་བཙན་བྱོལ་ལ་ཕེབས་རིང་ཕྱི་རྒྱལ་དང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལམ་ལུགས་དང་ཚན་རིག་ལག་རྩལ། དངོས་པོའི་ལོངས་སྤྱོད་སོགས་མང་བོ་ཞིག་ལ་གཟིགས་ཞིབ་དང་རྒྱུས་ལོན། འབྲེལ་འདྲིས་བཅས་བྱས་པ་ལ་བརྟེན་ནས་༧གོང་ས་མཆོག་དང་འཁོར་འབངས་དྲག་ཞན་དུ་མ་ཞིག་གི་མཐོང་རྒྱ་ཡངས་པོར་ཕྱེས་ཤིང་བསམ་རྒྱ་ཆེ་རུ་བསྐྱེད་པས། ད་གཟོད་གོང་ས་མཆོག་གིས་ཀྱང་དམག་དཔུང་རྒྱ་སྐྱེད་དང་ལག་རྩལ་ནང་འདྲེན། ལམ་ལུགས་བཟོ་བཅོས་སོགས་འཕྲལ་མྱུར་གྱིས་སྲིད་ལུགས་གསར་རྒྱུར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བགྱི་བ་ཞིག་ཏུ་ཐུགས་ལ་དགོངས་པར་གྱུར་ཏོ། །
          གསུམ་པ།   ལུགས་སྒྱུར་གྱི་མཛད་རྣམ་དངོས།
          རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་སྤྱི་ཚོགས་དེ་འཕེལ་མེད་རང་སོར་གནས་པའམ། ཁད་ཀྱིས་ཉམས་རྒུད་ཀྱི་གཡང་སར་ཕྱོགས་པའམ། ཡང་ན་ཛ་དྲག་གི་ཉེན་ཁར་ཐུག་ཚེ། དེ་ལ་གསོན་ལམ་ཉག་གཅིག་ཡོད་པ་ནི་གང་མགྱོགས་ཅི་མགྱོགས་ཀྱིས་ལུགས་སྒྱུར་བྱ་རྒྱུ་དེ་རེད། དབྱིན་ཇི་དང་རྒྱ་དམག་གི་དྲག་གནོན་དང་བཙན་ཤུགས་ཡང་ཡང་མྱངས་པ་དང་གངས་རིའི་ཕྱི་རོལ་གྱི་འཇིག་རྟེན་ཆེན་པོའི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་མྱུར་ཚད་དང་ལྟད་མོ་མངོན་སུམ་དབང་བོའི་སྤྱོད་ཡུལ་དུ་ཡང་ཡང་འཕོས་པ་ལ་བརྟེན་ནས་༧ གོང་ས་མཆོག་ཀྱང་དགོངས་པ་སད་ཅིང་མཁྱེན་དཔྱོད་རྒྱས་ཏེ། རྒྱ་གར་ནས་ཕྱིར་བོད་དུ་ཕེབས་མ་ཐག་གང་མགྱོགས་ལུགས་སྒྱུར་གྱི་མཛའ་འཕྲིན་མགོ་འཛུག་མཛད་ཅིང་། སྤྱི་ལོ་༡༩༡༣ལོའི་ཟླ་༡༠བའི་ཚེས་༡༣་ཉིན་གྱི་སུམ་ལའི་གྲོས་ཚོགས་སུ་བཀའ་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་དང་ཐའེ་ཅི་ཁྲི་སྨོན་ནོར་བུ་དབང་རྒྱལ་སོགས་མངགས་གཏོང་མཛད་དེ་དབྱིན་བོད་བར་ཆིངས་ཡིག་འཇོག་ཏུ་བཅུག་པ་དང་། སྤྱི་ལོ་༡༩༡༣ལོའི་ཟླ་༢ཚེས་༡༣ཉིན་བོད་འབངས་སེར་སྐྱ་ཡོངས་ལ་གལ་འགངས་ཤིན་ཏུ་ཆེ་བའི་《བཀའ་རྩ་དོན་ཚན་ལྔ》ཞེས་པ་ཁྱབ་བསྒྲགས་མཛད།
          ༡. བོད་ལྗོངས་དམག་སྤྱི་ཁང་བཙུགས་པ།
          ཤིང་འབྲུག་ལོར་(༡༩༠༤)དབྱིན་ཇིའི་དམག་དཔུང་གིས་བྱང་རྩལ་ལྡན་པའི་དམག་ཇུས་དང་དེང་རབས་ཅན་གྱི་མཚོན་ཆ་ལ་བརྟེན་ནས་བོད་དམག་ལ་ཕམ་ཉེས་ཆེན་པོ་བྱིན་པ་དང་། ལྕགས་ཁྱི་(༡༩༡༠)ལོར་མན་ཇུ་གོང་མའི་དམག་དཔུང་ངམ་རྒྱ་དམག་གིས་ངན་པ་ལག་སྦྲེལ་གྱིས་བོད་ཤར་ཕྱོགས་ཀྱི་མི་སེར་དང་དགོན་སྡེར་བརྡབ་གསིག་ཚད་མེད་བྱས་པ་དང་། ལྷ་སར་སླེབས་ཏེ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་ལ་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་བརྙས་བཅོས་ཚད་མེད་བྱས་པ་སོགས་ཀྱི་ཉམས་མྱོང་དང་བསླབ་བྱ་ལ་བརྟེན་ནས་༧ གོང་ས་མཆོག་གིས་རྒྱལ་ཁབ་ཅིག་ལ་མཚོན་ན་དམག་དཔུང་ནི་མེད་དུ་མི་རུང་ཞིང་། དེ་ཡང་དམག་ཇུས་དང་དྲག་རྩལ་ལ་བྱང་ཆུབ་པའི་ཚད་ལྡན་དམག་དཔུང་ཡིན་དགོས་པ་སོགས་ཀྱི་གནས་ལུགས་དེ་ཐུགས་ལ་བརྣགས་ནས་བོད་དུ་ཕེབས་ནས་ཅང་མ་འགོར་བར་བོད་ལྗོངས་དམག་སྤྱི་ཁང་གསར་འཛུག་བསྐྱངས་པ་དང་། སྐ་སྲུང་ཟླ་བཟང་དགྲ་འདུལ་ལ་དམིགས་བསལ་ཛ་སག་གི་གོ་གནས་དང་འབྲེལ་དམག་སྤྱི་ཆེན་མོའི་གོ་གནས་དང་། རྩིས་དཔོན་ཁྲི་སྨོན་ནོར་བུ་དབང་རྒྱལ་ལ་ཐའི་ཇིའི་གོ་གནས་དང་དམག་སྤྱི་གཞོན་པར་བསྐོ་བཞག་མཛད། དམག་སྤྱི་ཁང་གི་བྱེད་སྒོའི་སྐོར་བཀའ་ཤག་ནས་འཆར་ཕུལ་ཕྱག་རྟགས་བསྩལ་ཐོན་བཞིན། དམག་སྒར་གསར་སྣོན་དགོས་རིགས་དང་བཅས་པའི་མདའ་དཔོན་རྣམས་བཀའ་ཤག་ནས་འཆར་ཕུལ་ལ་༧ གོང་ས་ཆེན་པོའི་ཕྱག་རྟགས་ཞུ་དགོས་པ་དང་། རུ་དཔོན་རྣམས་དམག་སྤྱི་ཁང་ནས་འཆར་གཞི་ཕུལ་ཏེ་བཀའ་ཤག་ནས་བསྐོ་བཞག་གནང་རྒྱུ། བརྒྱ་དཔོན་དང་ལྡིང་དཔོན་རྣམས་དམག་སྤྱི་ཁང་ནས་ཐད་ཀར་བསྐོ་རྒྱུ། ལོ་སྔོན་མར་རྒྱ་དམག་ལྷག་ལུས་མཐར་སྤྲོད་གཙང་མར་གཏོང་ཆེད་དང་། ལྷ་ས་གྲོང་ཁྱེར་དུ་སྐོར་སྲུང་དམག་སྒར་གསར་འཛུག་བྱ་རྒྱུ་སོགས་ལ་དམག་སྣོན་དགོས་གལ་དུ། དེ་སྔ་ས་རྟེན་ཡོད་པའི་དམག་སུམ་སྟོང་ཐམ་པའི་ཐོག་ཉིས་སྣ་དང་། བཞི་སྣ། བརྒྱད་སྣ། བཅུ་གཉིས་དྲུག་སྣ་བཅས་ས་རྟེན་ལ་གཞིགས་པའི་དམག་གྲངས་འཕར་སྣོན་དང་། རྗེས་སུ་གྲོང་དྲག་དམག་བཅས་ཁྱོན་ཀ་དང་སྐུ་སྲུང་དམག་སྒར་ནས་མ་དང་གྲོང་དྲག་དམག་སྒར་བཅུ་དྲུག་རིམ་ཚུགས་བསྡོམས་པར་དམག་གྲངས་ཆིག་ཁྲི་ཙམ་ཡོད་པ་དེ་དག་གི་གོ་ལག་དང་། དམག་སྦྱོང་། དམག་ཕོགས་དང་དམག་གོས། ས་ཁུལ་གང་དང་གང་དུ་བསྐྱོད་སྡོད་དང་། ས་སྲུང་བྱེད་སྒོ། དམག་ཁྲིམས་དང་དམག་བྱུས་ལ་སོགས་པའི་དམག་དོན་བྱ་བ་ཆེ་ཕྲ་ཡོངས་རྫོགས་དམག་སྤྱི་ཁང་ནས་འགན་ཁུར་བཀོད་འདོམས་དང་འབྲེལ་བའི་རང་རང་འགན་ཡོད་ཞུ་བྱ་འཁུར་སྒྲུབ་ཞུ་དགོས་པ་ཡིན།
          ཤིང་སྟག་(༡༩༡༤)ལོར་༧ གོང་ས་མཆོག་གི་བཞེད་དགོངས་བཞིན་དམག་སྤྱི་ཁང་ནས་བསམ་ཕོ་སྲས་དཔལ་ལྡན་ཆོས་དབང་དང་ཤོད་དྲུང་ལྡིང་བྱ་རྡོ་རྗེ་རྒྱལ་མཚན་སོགས་དང་། དམག་དཀྱུས་ལོ་གཞོན་བློ་རིག་གསལ་བ་སྐོར་ཞིག་རྒྱ་གུར་དུ་དམག་སྦྱོང་ལ་མངགས་ཤིང་། སྦྲུམ་པ་ཛ་སག་སོགས་རྒྱལ་རྩེར་དམག་སྦྱོང་ལ་མངགས། དམག་མི་སྐོར་ཞིག་དབྱིན་ཇིའི་ཚོང་དོན་སྤྱི་ཁྱབ་སྡོད་སྒར་དུ་མེ་སྒྱོགས་དང་ཕྲེང་མདའ་སོགས་བཤིགས་བསྒྲིགས་དང་འཕེན་སྟངས་སྦྱོང་བརྡར་བྱས། དེ་བཞིན་དབྱིན་གཞུང་ནས་མེ་སྒྱོགས་དང་འཕྲུལ་མདའ། མདེའུ་སོགས་ཉོ་སྒྲུབ་དང་། གྲ་བཞི་གློག་འཕྲུལ་ཁང་ནས་ཀྱང་འཕྲུལ་མདའ་དང་མདེའུ་བཟོ་འདོན་བྱས། ཨུ་རུ་སུ་དང་དབྱིན་ཇི། ཉི་ཧོང་བཅས་ནས་དམག་རྩེད་དགེ་རྒན་གདན་ཞུ་བྱས་ཏེ་བོད་དམག་རྣམས་ལ་དམག་རྩལ་དང་དམག་ཇུས་མཚོན་ཆ་བཀོལ་སྤྱོད་སོགས་མཛུབ་ཁྲིད་གང་ལེགས་བྱས།
          ཆུ་ཕག་(༡༩༢༣)ལོར་ལྷ་ས་དང་ཞོལ་ཁུལ་གྱི་འགག་སྒོ་སོགས་སུ་སྐོར་སྲུང་དམག་(པི་ལི་སི)གསར་འཛུག་བྱས་ཤིང་། དབྱིན་ཇིའི་དམག་དམག་རྩེད་སློབ་སྦྱོང་དང་། དེའི་འགོ་བ་བསོད་དབང་ལེགས་ལྡན་དང་ལས་རོགས་རྩེ་དྲུང་མཁྱེན་རབ་ཀུན་བཟང་བསྐོས་ཏེ་ཁྲིམས་ལུགས་སློབ་སྦྱོང་དང་། གྲོང་ཁྱེར་ནང་ཁུལ་དུ་རྐུན་ཇག་དང་འཁྲུག་རྩོད་སོགས་མི་འབྱུང་བའི་ཁུར་ལེན་བྱས་པས། གྲོང་ཁྱེར་ནང་ཚུལ་མིན་བྱ་སྤྱོད་སོགས་བཀག་འགོག་ཐད་ནུས་པ་ཆེན་པོ་ཐོན་པ་བཅས་སོ། །
          འདིའི་སྐོར་ལ་《རྣམ་ཐར་རིན་ཆེན་ཕྲེང་བ》ལས།    "སྔར་ཕན་ཆོས་ལྡན་རྒྱལ་ཁབ་འདིར་མཐའ་བཞིའི་རྒོལ་བ་སྲུང་བྱེད་དཔུང་དམག་གྲངས་ཉུང་ཞིག་ལས་མེད་ཁར། གཞན་སྡེ་རྣམ་པར་གནོན་པའི་དམག་སྦྱོང་གི་བྱ་བར་ཆེད་དམིགས་ཀྱི་བརྩོན་སྦྱང་ཆེར་མེད་རྐྱེན་དུས་ཕྱིས་རྒྱལ་ཁག་གཞན་འགའ་ཞིག་ནས་གངས་ལྗོངས་ཆབ་སྲིད་ཀྱི་དབང་བྱུས་བདག་གིར་བྱ་སེམས་འདོད་བརྣག་ཅི་ཆེའི་ཐོག རྩོད་དུས་ཀྱི་རྒུད་པ་རིམ་བདོའི་སྐབས་འདིར་ཞི་དྲག་ཟུང་དུ་འབྲེལ་བའི་བྱ་བཞག་ཕན་བདེའི་སྲོག་ཟུངས་དམ་པར་མེད་དུ་མི་རུང་བར་བརྟེན། དམག་དཔུང་གོ་ཧྲག་སྟོང་ཕྲག་གི་གྲངས་ལྡན་གསར་འཛུགས་དང་འབྲེལ་རྒྱལ་ཁག་གཞན་གྱི་ལུགས་ལྟར་འཕོང་རྩལ་གྱི་རྣམ་གྲངས་མང་པོར་ཆེད་གཉེར་གྱི་སློབ་སྦྱོང་བགྱིད་དུ་སྩལ་ནས་ད་ལམ་ཐོན་བསྐྱེད་ཆེ་ཆུང་ལ་གཞིགས་པའི་བྱ་དགའ་གནང་རྒྱུ་དང་། དཔའ་རྩལ་ལེགས་ཉེས་དབྱེ་འབྱེད་ཀྱི་སླད་དུ་དམག་རྩེད་གཏན་འབེབས་མཛད་རྒྱུ་ཆབས་ཅིག་ཉིན་གསུམ་རིང་ཨུ་རུ་སུ་དང་། ཉི་ཧོང་། དབྱིན་ཇི་བཅས་ཀྱི་འཐབ་ལུགས་རྩེད་སྣ་ཁག་ལ་ཐུགས་ཞིབ་བཀའ་དྲིན་ཆེ་ངོས། ཉིན་ཐ་མར་རྡོ་འགྱོགས་ཀྱི་གཟིགས་འབུལ་ཟིན་བསྟུན་བོད་ལྗོངས་དམག་སྒར་ཡོངས་ཀྱི་སྤྱི་ཁྱབ་ཆེ་བ་ཞབས་པད་ཚ་རོང་གིས་མཚོན་འགོ་དམག་རྣམས་ལ་མི་ཕྱེད་རྡོ་རྗེའི་རྒྱ་མདུད་དང་། བཀའ་ཤོག་འཆར་གསལ་ཨང་རིམ་ལྟར་གྱི་སྦ་དར། རྟགས་མེ། གནང་ཆ་སོགས་སྩལ་"9ཅེས་འཁོད་འདུག
          ༢. བཟོ་ལས་རྒྱ་བསྐྱེད།
          ཟི་ཁྲོན་གྱི་རྒྱ་དམག་ཡོངས་རྫོགས་དང་ལྷ་སར་སྡོད་པའི་མན་ཇུ་གོང་མའི་སྐུ་ཚབ་ཨམ་བན་བཅས་པ་མགོ་བསྒུར་ནས་རྒྱ་ཡུལ་དུ་ཕྱིར་བསློགས་རྗེས་དེ་སྔ་ཨམ་བན་སྡོད་གནས་ཡཱ་མོན་ཞེས་འབོད་པའི་གནས་དེར་ཤིང་སྟག་(༡༩༡༤)ལོར་གཞུང་གི་བཟོ་གྲྭ་དང་ལས་ཁུངས་གསར་དུ་བཙུགས་ཤིང་། དེའི་དོ་དམ་པར་མཁན་དྲུང་ཏཱ་བླ་མ་དང་སྦྲུམ་པ་སྲས། ལས་བྱ་མགྲོན་ལས་སོགས་བསྐོས། ལག་ཤེས་པ་ཕུལ་བྱུང་མི་གྲངས་བརྒྱད་ཅུ་ཙམ་གྱིས་གྲིབ་ཀྱི་མདར་འཕྲུལ་མདའ་དང་། རྩེ་གྲི་རིང་ཐུང་། མདུང་རིང་ཐུང་། སྟ་རེ། མེ་སྒྱོགས་ཆུང་ཆུང་དང་སྒྱོགས་མདེལ། བོད་རྫས་སོགས་བཟོ་སྐྲུན་བྱས།
          ས་ལུག་(༡༩༡༢)ལོར་ནོར་ཐོན་གསེར་ཊམ་བཟོ་གྲྭ་གསར་དུ་བཙུགས་ཏེ་དོ་དམ་པ་ཛ་སག་ཚ་རོང་དང་རྩེ་མགྲོན་ཕུན་རབ་པ་བསྐོས་ཤིང་། ལས་བྱ་དཀྱུས་མ་སེར་སྐྱ་བཞི་དང་ཞོལ་དྲུང་གཉིས་བཅས་ཡོད། དེར་གསེར་ཊམ་ལྷད་མེད་དཔར་རྒྱག་བགྱིས་ཏེ་གསེར་ཊམ་རེར་མཇལ་ཐང་དངུལ་སྲང་ཉི་ཤུ་ལྔ་རེར་གཏན་འབེབས་ཀྱིས་ཁྲིམ་རར་འགྲེམས་སྤེལ་བྱས། དེ་མིན་གློག་ཤུགས་འཐག་ལས་ཁང་བཙུགས་ཏེ་སྣམ་བུ་ཞེང་ཆེ་ཆུང་སྲབ་མཐུག་སྣ་ཚོགས་དང་། རྒྱ་གར་གྱི་ཀམ་པཱ་ལི་དང་འདྲ་བའི་བལ་གྱི་མལ་གཟན་ཚོན་མདོག་ཅན་ཚོགས་སྣ་ཐོན་སྐྱེད་བྱས། ལྕགས་སྤྲེལ་(༡༩༢༠)ལོ་ནས་ཟངས་ཀྱི་སྒོར་མོ་གསར་བཟོ་དང་ལྕགས་རིགས་ལས་གྲུབ་པའི་དངོས་སྤྱད་སྣ་ཚོགས་དྲས་གཏུབ་དང་བཞུ་བླུགས། སྒྲིག་བཟོ་དང་འཇམ་ཧྲོབ་ཚགསབསྐོས་སོགས་གང་ལེགས་ཀྱིས་བཟོ་འདོན་བྱས་པ་སོགས་སོ། །
          ༣. རྒྱལ་རྩེ་ཚོང་དོན་སྤྱི་ཁྱབ་ཁང་བཙུགས་པ།
          ཤིང་སྟག་(༡༩༡༤)ལོར་རྒྱ་གར་བྱང་ཕྱོགས་སིམ་ལར་དབྱིན་བོད་གཉིས་བར་ཆིངས་ཡིག་བཞག་པ་དང་། ཤིང་ཡོས་(༡༩༡༥)ལོར་དབྱིན་བོད་གཉིས་བར་འབྲེལ་བ་དངོས་སུ་ཚུགས་རྗེས། རྒྱལ་རྩེ་ས་གནས་སུ་ཚོང་སྤྱི་མཁན་ཆུང་ལས་བྱ་དང་བཅས་པ་བསྐོས་བཞག་གནང་ཞིང་། ཚོང་སྤྱིའི་ལས་ཁུར་ནི་རྒྱལ་རྩེ་རྫོང་དང་འབྲེལ་ནས་རྒྱལ་རྩེའི་ལྕང་ལོ་ས་གནས་སུ་དབྱིན་ཇིའི་ཚོང་དོན་སྤྱི་ཁྱབ་ངོ་ལས་དང་། སློབ་གྲྭའི་དགེ་རྒན་ཆེ་ཆུང་། དབྱིན་དམག་བཅས་པར་གཟན་ཆས་དང་བུད་ཤིང་སོགས་ཡུལ་བབས་ཉེར་མཁོ་སྤུས་འཚོང་དང་། ཚོང་དོན་འགག་སྒོའི་ལས་དོན། དབྱིན་ཇིའི་སྐད་ཡིག་སློབ་མཁན་བོད་ཕྲུག་བསྡུ་འགུག་བཀོད་སྒྲིག རྒྱལ་རྩེར་དབྱིན་ཇིའི་སྦྲག་ཏར་འབབ་ཚུགས་ལྟེ་གནས་དང་། རྒྱལ་རྩེ་ནས་གྲོ་མོ་བར་སྦྲག་ཏར་འབབ་ཚུགས་ལེ་ལྷག་ཡོད་པ་དེ་དག་ལ་དོ་དམ་བྱེད་པ་བཅས་སོ། །
          ༤. སྦྲག་ཏར་ལས་ཁུངས་གསར་འཛུག
          ས་རྟ་(༡༩༡༨)ལོར་ལྷ་སར་བོད་ལྗོངས་སྦྲག་སྲིད་ཁང་གསར་དུ་བཙུགས་ཤིང་། ལྷ་ས་ནས་གྲོ་སྤྱི་དང་། གཞིས་རྩེ་སྤྱི་རྫོང་། ཀོང་པོ་རྒྱ་མདའ་རྫོང་བར་སྦྲག་ཟམ་བཙུགས། སྤྱིའི་བཀོད་འདོམས་པ་སྦྲག་སྤྱི་ཚན་གནས་ལྔ་བ་སེར་སྐྱ་གཉིས་དང་ལྷ་སར་སྦྲག་དྲུང་གཉིས། ལམ་འཁེལ་རྫོང་མགོ་འདུ་འགག་ཆེ་སར་སྦྲག་དྲུང་རེ་བཅས་ཡོད་ཅིང་། དེ་དག་གིས་སྦྲག་ཚུགས་སོ་སོར་སྦྲག་བང་སྡོད་ཁང་གསར་རྒྱག་དང་། སྦྲག་ཚུགས་རེ་རེ་ནས་བརྗེ་ལེན་གྱིས་ཤར་སྐྱོད་བྱེད་མི་སྦྲག་བང་ཡུལ་མི་དོ་གཏན་གསར་འཛུག་བྱེད་པ། སྦྲག་བང་སོགས་ཀྱི་ཟླ་ཕོག་དང་སྦྲག་རྟགས་ཚོན་མདངས་སྣ་ཚོགས་ཇུས་འགོད། ཁུངས་སོ་སོའི་ལས་འགན་ལ་ཞིབ་འཇུག་དང་ལོ་རེའི་སྦྲག་གླ་རྩིས་ཞུ་སོགས་འགན་ལེན་བྱས། སྦྲག་ཟམ་གསར་དུ་བཙུགས་རྗེས། གཞུང་སྒེར་སོ་སོའི་ཡིག་འཕྲིན་གྱི་འབྲེལ་བ་མྱུར་ལ་ངེས་འཕྲོད་ཆེ་བའི་མིག་མཐོང་ལག་ཟིན་གྱི་ཕན་ཁྱད་བྱུང་། དབྱིན་ཇིའི་སྐད་ཡིག་དང་ཏར་འཕྲིན། ཁ་པར་ལས་རིགས་ལ་སྦྱངས་པ་ཐོན་པའི་རྩེ་དྲུང་རང་དཔལ་ལྷུན་ཆོས་ལྡན་བསྟན་དར་ཏར་ཁང་དོ་དམ་པར་བསྐོ་བཞག་བྱས་ཤིང་། ཐོག་མར་ལྷ་ས་ནས་རྒྱལ་རྩེ་ཚོང་སྤྱི་དང་། གྲོ་སྤྱི་ཁང་བར་ཏར་སྐུད་བཙུགས་ཏེ་ཏར་དང་ཁ་པར་གཏོང་ལེན་བྱས། དེ་རྗེས་རྒྱ་གར་དང་དབྱིན་ཡུལ། རྒྱ་ནག་སོགས་ཕྱི་རྒྱལ་ཁག་ཏུའང་ཏར་འཕྲིན་གཏོང་ལེན་གྱི་ལས་གཞི་རྒྱ་བསྐྱེད་ཀྱིས་ཕྱི་འབྲེལ་གྱི་བྱ་བཞག་ལའང་གྲུབ་འབྲས་འབུར་དུ་ཐོན་པ་བླངས་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716