སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་རབས་དེབ་ཐེར་དཀར་པོ་ཁག་དང་བོ།
སྤེལ་དུས། 2017-11-09   ཡོང་ཁུངས།    རྩོམ་པ་པོ།  དགེ་འདུན་ཆོས་འཕེལ།
                              ༄༅།།ན་མ་སྟྲེེ་ལོ་ཀྱ་ནཱ་ཐཱ་ཡ།
                              འདྲེན་པ་འགྲོ་བའི་ལེགས་བྱས་འོ་མའི་མཚོར།།
                              དགྱེས་པའི་རྦ་རླབས་འཁྱིལ་བའི་ཞལ་སྒོ་ནས།།
                              ཟླ་བའི་མདངས་ལྡན་ཐགས་བཟང་བཞི་བཅུའི་ཚེམས།།
                              འཛུམ་པའི་འོད་ཀྱིས་ཁྱེད་ལ་སྲུང་གྱུར་ཅིག།
                              རིགས་ཀྱི་མུ་ཏིག་ཆེ་བའི་འོད་ལྡན་འོད་གསལ་ལྷ་ཡི་གདུང་རྒྱུད་འཛིན།།
                              སྡེ་བཞིའི་ལྷུན་ཆགས་སྲིད་ཀྱི་གངས་རི་གངས་ཅན་དབུས་ན་མཐོ་བར་བྱས།།
                              བཀའ་ཡིས་བསྐྱངས་པའི་འབངས་ཀྱི་བདེ་སྐྱིད་བདེ་ལྡན་ཞིང་གི་རྗེས་འགྲོར་མཛད།།
                              ཀུན་རིག་འཕྲུལ་མངའ་སྲིད་པའི་མེས་པོ་མེས་དབོན་རྣམ་གསུམ་རྒྱལ་གྱུར་ཅིག།
                              ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་ཚུལ།།
                              ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ།།
                              སྲིད་གསུམ་ཟིལ་གནོན་སྲོང་བཙན་སྒམ་པོ་ཡིས།།
                              མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚུལ།།
                              ངེས་པའི་སྒྲོས་དང་གསལ་བའི་ལོ་ཚིགས་སུ།།
                              བཀོད་པའི་ཡིག་རྙིང་ཇི་སྙེད་བསྒྲིགས་པ་ལས།།
                              བོད་ཁམས་དང་པོའི་སྲིད་དང་དབང་གི་ཚད།།
                              ཅུང་ཟད་འཇལ་བའི་སྤོབས་པ་བདག་ལ་སྐྱེས།།
                              སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།།
                              རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི།།
                              སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།
                              སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།
          མཐོ་རིས་འོད་གསལ་ལྷ་ཡི་རྒྱུད་དུ་འཁྲུངས་ཤིང་། ལུགས་ཟུང་ཐབས་ཤེས་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་གྱི་ཁྱོན་ལ་དབང་བསྒྱུར་བའི་༧གོང་མ་འཕྲུལ་གྱི་ལྷ་བཙན་པོ་དེ་དག་ནི། ངེས་པའི་དོན་དུ་འཕགས་མཆོག་རིགས་གསུམ་མགོན་པོ་མིའི་རྣམ་པར་བྱོན་པ་ཙམ་དུ་མ་ཟད་ཀྱི། ཐུན་མོང་སྐྱེ་བོའི་སྣང་ངོར་ཡང་། རྒྱ་གར་གྱི་རྒྱལ་པོ་ཤྲཱིཧཪྵ། རྒྱ་ནག་ཐང་གུར་གྱི་གོང་མ་ཐེ་ཙུང་། ཏ་ཟིག་གི་རྒྱལ་པོ་ཨེེཥྚགེརྡ་སོགས་ལས། ཆབ་སྲིད་མངའ་ཐང་དཔུང་སྟོབས་ལ་སོགས་པའི་ཆ་གང་ཐད་ནས་ཀྱང་དམན་པ་མ་ཡིན་པས། རང་རེ་རྣམས་ལ་ཡང་སྔོན་གྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཅི་མཛད་ཀྱི་ལོ་རྒྱུས་རྒྱལ་རབས་ཤིན་ཏུ་རྒྱས་པ་ཡོད་པར་གོར་མ་ཆག་ལ། འོན་ཀྱང་ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་འཐོར་ཏེ། རྒྱལ་རྒྱུད་རྣམས་ཀྱི་བཞུགས་ས་ཡུལ་དུ་མར་སྤོས་པ་དང་། སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས། ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་[འ]ཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང་།  དེའི་ཕྱིར་ཆེས་མངོན་ཅན་གྱི་བྱུང་བ་དཔེར་ན། བོད་དམག་རྒྱ་གར་དུ་སླེབས་ཏེ། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་ས་ཀཱནྱཀུབྫ་བཟུང་ཞིང་༑ རྒྱལ་པོ་སྲིད་སྒྲུབ་བཙོན་དུ་བཅུག་སྟེ། གྲོང་ཆེ་ཆུང་བརྒྱ་དང་བརྒྱད་ཅུ་ཙམ་བོད་ཀྱི་འབངས་སུ་ཆུད་པ་དང་། བལ་ཡུལ་ནི་དེའི་གོང་སྔ་མོ་ཞིག་ནས་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མི་རབས་གཅིག་ལྷག་ཙམ་དེ་མུས་སུ་བསྡད་པ་དང་། རྒྱ་ནག་རི་བོ་རྩེ་ལྔ་ལས་ཀྱང་བརྒལ་ནས་བོད་ཀྱི་དཔུང་ཆེན་སླེབས་ཏེ། གོང་མ་རང་ཡང་ལན་གཅིག་ཁྲི་ལས་ཕབ་པ་དང་།དེ་མཚུངས་གྲུ་གུ་དང་ལི་ཡུལ་དང་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས། བདེན་པ་ར་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་བ་འདི་འདྲ་དག་ཀྱང་། ཐ་ན་ཕྱི་རྒྱའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་བརྡལ་དུ་གྲགས་མོད་ཀྱི། རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས་ལ། རྒྱ་གར་དུ་དམག་དྲངས་པའི་ལོ་རྒྱུས་ནི་རྦ་བཞེད་དུ་ཡང་རྒྱས་ཙམ་བྱུང་ཞིང་། གོང་མ་རྒྱལ་ས་ནས་བྲོས་ཚུལ་སོགས་རྩེ་ཞོལ་གྱི་རྡོ་རིང་ལྷོ་ངོས་སུ་ཡང་གསལ་བར་ཡོད་དེ་འོག་ཏུ་འགོད་པར་བྱའོ།།
          དེས་ན་འདིར་གང་ཞིག་ཆེད་དུ་བརྗོད་པར་བྱ་བ་ནི། བཙན་པོ་ཡབ་སྲས་དེ་དག་གིས། འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་སྒོ་ཅི་དང་ཅི་གནང་གི་ལོ་རྒྱུས་དང་། དྲག་པོ་གཡུལ་གྱི་སྒོ་ནས་ཆབ་སྲིད་དང་རྒྱལ་ཁམས་ཀྱི་རྒྱ་ཁྱོན་ཇི་ཙམ་དུ་བསྐྱེད་པའི་མཛད་ཚུལ་ཙམ་ཞིག་གཙོ་བོར་བཏོན་ཏེ་འཆད་པ་ལགས་པས། རྒྱལ་པོ་ཡབ་ཡུམ་གྱི་ཐུན་མོང་མ་ཡིན་པའི་ངེས་དོན་གྱི་རྣམ་ཐར་དག་དང་། དམ་པའི་ཆོས་ཀྱི་ཕྱོགས་སུ་ཕྱག་རྗེས་ཇི་ལྟར་བཞག་པའི་ཚུལ་རྣམས་ནི། ཆེས་ཡོངས་སུ་གྲགས་པ་ལགས་པས་འདིར་ཅུང་ཟད་ཙམ་ཡང་ཟློས་པའི་ངང་བ་མ་བྱས་སོ།   །
                              མངའ་བདག་ལྷ་ཡི་མཛད་པའི་དབང་ཐང་དང་། །
                              རྒྱལ་རབས་བརྒྱུད་ཀྱི་ལོ་ཁམས་གུང་བསྒྲིགས་ཏེ། །
                              ཚུལ་གསུམ་རྩིས་ལ་བབས་པའི་བུ་མོ་འདི། །
                              གཟུར་གནས་མཁས་པའི་བུ་ལ་བག་མར་བྱིན། །
                              ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
          འདིར་འོག་གི་རྒྱལ་རབས་རྟོགས་པའི་ཡན་ལག་ཏུ་གྱུར་པའི་གཞི་འགའ་ཞིག་ཐོག་མར་དཔྱད་པ་ལ། རེ་ཞིག་ཡུལ་གྱི་མིང་དང་རྒྱལ་བློན་གྱི་ཐ་སྙད་བཏགས་ཚུལ་སོགས་ལ་བསམ་པར་བྱ་སྟེ། དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས། རྒྱ་གར་པ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློགས་ལ་བོད་ཅེས་བརྗོད་ཚེ་བོ་དང་ད་སྒྲ་གཉིས་ཀ་གསལ་བར་འཐོན་པའི་དབང་གིས། བོད། བྷོད། བྷོ་ཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་སྐད་དུ་ཕར་ལ་ཟུར་ཆག་པ་ཡིན་གྱི། རྒྱ་གར་བས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས། དེ་མིན་ཁ་བའི་ལྗོངས་དང་གངས་ཅན་སོགས་ནི་ཧི་མཱ་ལ་ཡ་དང་ཧི་མ་བནྟ་སོགས་ཀྱི་དོན་བསྒྱུར་བ་ཡིན་པས༑ འཕགས་ཡུལ་གྱི་བསྟན་བཅོས་ལ་གྲགས་པའི་ཐ་སྙད་ཙམ་ཡིན་ཞིང་། བརྡ་དེ་ཡང་སྔ་དུས་སུ་བོད་ཀྱི་ལྷོ་ཕྱོགས་ན་ཡོད་པའི་གངས་རིའི་རྒྱུད་གཅིག་པུའི་མིང་ཡིན་ལ།
          རིམ་གྱིས་བོད་ཡུལ་སྤྱིའི་མིང་དུ་ཆགས་པ་སྟེ། འདི་འདྲ་བ་གཞན་ཡང་དཔེར་ན། དིང་སང་རྒྱ་གར་ལ་ཧིན་དུ་སྠན་དུ་གྲགས་པ་འདི་ཡང་པར་སིག་གི་ཐ་སྙད་ཡིན་ཞིང་། དེ་དག་གི་སྐད་ལ་སིནངྷུ་ལ་ཧིན་དུ་དང་། སབྷལཧཔྷ་(བདུན་ཕྲག་གཅིག་གི་མིང་)སོགས་སུ་འབོད་པས། ཧིན་དུ་བྱ་བ་ཡང་ཐོག་མར་རྒྱ་གར་ནུབ་ཕྱོགས་ཀྱི་སིནྔྷུའི་ཡུལ་གཅིག་པུའི་མིང་ཡིན་ལ། རིམ་གྱིས་རྒྱ་གར་སྤྱིའི་མིང་དུ་འཇགས་པ་བཞིན་ནོ། །ད་ལྟ་རྒྱ་ནག་མ་གཏོགས་པའི་ཡུལ་ཆེན་ཀུན་ཏུ་བོད་ཀྱི་མིང་ལ་ཏི་བྷད་བྱ་བར་གྲགས། འདི་ནི་རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཀྱི་མིང་ལ་ཏུའུ་ཕན་དུ་འབོད་པ་དང་། དེ་མཚུངས་སོག་པོའི་སྐད་དུ་ཐུ་བྷད་ཅེས་འབོད་པ་འདི་རང་ཟུར་ཆག་པར་མངོན་ལ། འོན་ཀྱང་འགའ་ཞིག་ན་རེ། བརྡ་དེ་ཐོག་མར་ཁ་ཆེའི་ཡུལ་དུ་གྲགས་ཤིང་། དེ་ཡང་ཁོང་རྣམས་བླ་དྭགས་ཕྱོགས་དང་འབྲེལ་ཆེ་བས། ཡུལ་དེ་བ་རྣམས་ལ་ནི་སྟོད་བོད་དམ་སྟོད་པ་ཞེས་འབོད་པ་ལས་བརྡ་དེ་ཉིད་ཟུར་ཆག་གོ་ཞེས་ཟེར། འོ་ན་བོད་ཅེས་བྱ་བའི་ཚིག་དེའི་དོན་གང་ཡིན་ཟེར་ན། རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད། ཡང་ན་ནི་རྗེ་གཉའ་ཁྲི་སོགས་ལ་བོད་དེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡང་༑ ཡོངས་གྲགས་ཀྱི་བསམ་འཁྱེར་ལྟར་ན། ཡུལ་གྱི་མིང་རྗེ་ལ་ཐོགས་པ་ལྟར་སྣང་མོད་ཀྱི། དོན་ལ་རྒྱལ་པོའི་མཚན་ཡུལ་ལ་ཐོགས་པ་སོགས་ཀྱང་སྲིད་དོ། །དཔེར་ན། ཅིན་གྱི་རྒྱལ་རྒྱུད་ཀྱིས་བཟུང་བའི་རྒྱ་ནག་གི་ཡུལ་ཀུན་ལ་ཅི་ན་བྱ་བ་དང་། རྒྱལ་པོ་བྷ་ར་ཏས་བཟུང་བའི་རྒྱ་གར་ཡུལ་ཀུན་ལ་བྷཱ་ར་ཏ་ཞེས་གྲགས་པ་བཞིན་ནོ། །
          གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ།  །བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེ་བས་སོ། །དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ། །སོག་ཡུལ་འགར་ཡང་བོན་ལུགས་བྱེད་པ་དག་ལ་བོད་དམ་བོ་ཞེས་ཐ་སྙད་ཆགས་པར་འདུག   འོན་ཀྱང་ཁ་ཆེའི་ཡུལ་དུ་དར་རྒྱ་ཆེ་བའི་ཨི་ས་ལེམ་གྱི་ཆོས་ལུགས་ལ་ཁ་ཆེའི་ཆོས་ཞེས་གྲགས་པ་བཞིན་དུ་བོད་ཀྱི་ཡུལ་ན་གཤེན་རབས་ཀྱི་ཆོས་དར་བའི་རྒྱུ་མཚན་གྱིས་ཡུལ་གྱི་མིང་ཆོས་ལ་ཕར་ཐོགས་པ་ཡིན་ནམ། ཆོས་ཀྱི་མིང་ཡུལ་ལ་ཚུར་བཏགས་པ་ཡིན་སོགས་ནི་ལོ་ཉིས་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་དྲི་བར་ཟད་མོད་གཞན་སུ་ཞིག་གིས་ཤེས་པར་ནུས༑ ནང་གསེས་ཀྱི་ཡུལ་རྣམས་ལས། དབུས་དང་གཙང་ཞེས་བྱ་བའི་དབུས་ནི་ཡུལ་གྱི་དཀྱིལ་དང་།ཆུ་ཀླུང་ཆེན་པོ་ལ་གཙང་པོར་འབོད་པ་ལས། དེའི་རྒྱུད་ན་ཆགས་པའི་ཡུལ་སྡེ་རྣམས་ལ་གཙང་པ་ཞེས་ཐ་སྙད་ཐོགས་ཤིང་། སྤྱིར་གཙང་ནི་ཡུལ་གྱི་ཕུ་དང་གཙོ་བོ་སོགས་ལ་བྱ་སྟེ། ལུང་པའི་ཕུ་མདོ་བྱ་བ་ལ། གཙང་མདའ་བྱ་བ་དང་། ལྷ་ཁང་སྦུག་མ་ལ་གཙང་ཁང་དུ་འབོད་པ་དང་། མགྲོན་གྱི་གཙོ་བོར་འབུལ་བའི་བླ་སྡེར་ལ་གཙང་སྡེར་དུ་གྲགས་པ་ལྟ་བུའོ༑།མངའ་རིས་སྐོར་གསུམ་བྱ་བའི་མངའ་རིས་ནི་རྒྱལ་པོའི་ཆབ་འབངས་ཀྱི་མིང་སྟེ། རྒྱལ་པོ་ལ་མངའ་བདག་དང་འབངས་ལ་མངའ་རིས་སུ་གྲགས་ཤིང་། དེ་ཡང་དུས་ཕྱིས་ཆོས་རྒྱལ་གྱི་གདུང་རྒྱུད་མགོན་གསུམ་སོགས་ཀྱིས་ཡུལ་དེ་ཙམ་ཞིག་ལ་དབང་མཛད་པ་ན། ཆབ་འབངས་ཀྱི་ཡུལ་དེ་ཁོ་ན་ལ་མངའ་རིས་ཞེས་ཟུར་དུ་མིང་བཏགས་པ་ཡིན་ནོ། །དེའི་ཕྱིར་བོད་དང་བོད་ཆེན་པོ་བྱ་བ་ཡང་། རྒྱལ་པོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་ན༑ དེའི་ལྷག་མའི་ཡུལ་རྣམས་བོད་ཆེན་པོར་འབོད་པ་སྟེ། འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང་༑ བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་བ་ཡང་མི་བདེན་ཏེ། འབྲོམ་གྱིས་ཇོ་བོ་ལ་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་དང་དགེ་འདུན་གྲངས་མེད་པ་བཞུགས་པས་དེར་གཤེགས་པར་ཞུས་ཚུལ་རྣམ་ཐར་དུ་གསལ་བ་བཞིན་ནོ། །      
          ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཞེས་གྲགས་ཤིང་། ཁམས་ནི་ས་མཐའ་ལ་བྱས་པ་སྟེ། མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟ་བུའོ༑།ཨ་མདོ་བྱ་བ་ནི་མདོ་བྱ་བའི་ཚིག་འདིའི་སྔོན་འཇུག་དག་པར་ཀློགས་པའི་དབང་གིས་ཨ་སྒྲ་ཞིག་སྔོན་ལ་རང་བཞིན་གྱིས་བྱུང་བ་ཙམ་ཡིན་ལ། ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་བཙོང་ཁ་བདེ་ཁམས་སུ་གྲགས་ཤིང་། དེ་ལ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཁ་དང་། དེའི་ལྷག་མའི་ཡུལ་ལ་བཙོང་ཁ་ཆེན་པོར་འབོད་དེ། རྩེ་ཞོལ་གྱི་རྡོ་རིང་ལ་ཡང་མིང་བྱུང་། ལི་ཡུལ་ནས་རྙེད་པའི་རྒྱལ་རབས་དེར་ཡང་། ཁྱིའུ་ལོ་ལ་བབས་ཏེ། བཙན་པོ་བྱང་རོལ་དུ་གཤེགས། དགུན་བློན་ཆེན་པོ་ཁྲི་འབྲིངས་ཀྱིས་བཙོང་ཀ་ཆེ་ཆུང་དུ་དམག་དྲངས༑ རྒྱའི་དམག་དཔོན་ཐུག་པུ་ཤི་བཟུང་སོགས་བྱུང་། དེ་ལྟར་རྒྱལ་པོ་གཅིག་གིས་མངའ་མཛད་པའི་མཐའ་དབུས་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་རྒྱལ་ཁམས་དང་། ནང་གསེས་ཀྱི་ཆོལ་ཁ་སོ་སོའམ༑ བློན་ཆེན་གཅིག་གིས་དབང་བའི་ས་རྣམས་ལ་བློན་ཁམས་བྱ་བའི་ཐ་སྙད་ཀྱང་རྒྱལ་རབས་རྙིང་པ་འགར་སྣང་། རྒྱ་དང་དམག་འཐབ་པའི་གཡུལ་གྱི་ཞིང་ཕལ་མོ་ཆེ་ནི་ཨ་མདོའི་ཡུལ་ཆ་འདི་དག་ཡིན་ལ། རྨ་ཀླུང་བྱང་རྒྱུད་ཀྱི་ཕྱོགས་རྣམས་ན་རྒྱ་ཁྲག་ཐང་དང་རྒྱ་དུར་ཐང་ལ་སོགས་པའི་མིང་ཆགས་པའི་ས་མིང་མང་པོ་ཡོད་ཅིང་། དེ་དག་ཏུ་རྒྱ་དང་འཐབ་མོ་བཀྱེ་བའི་གཏམ་རྒྱུད་ཀྱང་གནས་སོ། །དེར་མ་ཟད་ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མངོན་ཅིང་། གནའ་དུས་ཀྱི་དབུས་གཙང་གི་རུས་རྙིང་སྐྱི་དང་ཉང་དང་ཁྱུང་པོ་ལ་སོགས་པའི་མིང་ཅན་གྱི་མི་སྡེ་ཡང་མང་། ཅོ་ནེ་པ་རྣམས་སྲོང་བཙན་གྱི་དམག་ཡིན་སོགས་ངག་སྒྲོས་ཀྱང་སྣང་། ལྷག་པར་ཡང་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་ནི་འབྲོག་སྡེ་ཁག་རྣམས་ཡིན་ཅིང་། ཁོང་རྣམས་འབྲོག་དུད་སྐོར་རེ་མཉམ་དུ་སྡོད་པ་ལ་ཡང་རུ་བ་དང་། སྒར་ས་ཕན་ཚུན་སྤོ་བ་ན་ཡང་རུ་འགྲོ་བ་སོགས་ཀྱིས་ཐ་སྙད་བྱེད་དེ། རུ་ནི་བརྡ་རྙིང་ལ་དམག་གི་མིང་ཡིན་ཞིང་།
          དམག་དཔོན་ལ་རུ་དཔོན་དང་༑ མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་ཡོད། སྔོན་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་བ་ཡང་། ཐང་ཡིག་ཏུ། གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆད་དུ།།བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི།།སོགས་གསུངས་པ་ལྟ་བུ་ཡིན། འདིས་མཚོན་ནས་བོད་ཡུལ་སྟོད་སྨད་ཀུན་ཏུ་ཡང་གཡས་རུ་དང་གཡོན་རུ། གུང་རུ་དང་དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དག་ཀྱང་། སྔོན་གྱི་ཚེ་བཙན་པོའི་གཡས་གཡོན་མདུན་རྒྱབ་ཏུ་འགྲོ་བའི་དམག་གི་སྐོར་ཚོ་བཞི་དང་། དེ་དག་གི་ཐོག་མ་འདྲེན་པའི་རུ་འདྲེན་སྡེ་བཞི་སོགས་ཡོད་པ་དེའི་ཐ་སྙད་ཡིན་ནོ།།མདོ་སྨད་དང་འབྲེལ་བའི་ཤར་ངོས་ཀྱི་ཡུལ་རྣམས་ལ་ཡང་། ཀ་ཆུ། ཐོ་ཆུ། སི་ཆུ་ལ་སོགས་པའི་མིང་ཡོད་པ་དག་ལ། འགའ་ཞིག་གིས་ཀ་ཇི་སོའུ་ཅུ་སོགས་རྒྱ་སྐད་ཡིན་ཚུལ་དུ་བྲིས་ཀྱང་གདོན་མི་ཟ་བར་གཞུང་ཆུ་ལས་ཡུལ་གྱི་མིང་བཏགས་པ། དཔེར་ན་ཀླུ་ཆུ་དང་༑ རྫ་ཆུ་ལྟ་བུའི་བོད་ཀྱི་ཐ་སྙད་ཡིན་ཏེ། དེ་ཡང་ཆུ་ཆེན་ཕལ་ཆེར་གྱི་ཆུ་མགོ་བོད་ན་ཡོད་པས། ཆུ་མགོ་ནས་ཆུ་མཇུག་བར་བོད་ཀྱི་དཔུང་གིས་བཟུང་བ་ན་ཆུ་དེ་གའི་མིང་ཡུལ་ལ་བཏགས་པར་མངོན།  ཆེས་ཡ་མཚན་པ་ཐང་ཡིག་ཏུ། རྒྱ་ནག་གོང་མ་ལ་ཡང་བེ་ཆུའི་རྒྱལ་པོ་ཞེས་བྲིས་ཏེ།  དེ་ཡང་བེ་ཧེ་བྱ་བའི་ཆུ་ཆེན་སན་ཤིའི་ཡུལ་དུ་འབབ་ཅིང་།  སྔོན་གྱི་གོང་མའི་རྒྱལ་ས་ཡང་ཕྱོགས་དེར་ཡོད་འདུག  དེར་མ་ཟད་རྒྱ་ཡུལ་གྱི་དཀྱིལ་དག་ན་ཡང་།  མཛོ་མོའི་མཁར་དང་།  མཁར་སྔོན་ལ་སོགས་པ་བོད་ཀྱི་ཐ་སྙད་ཡོད་པའི་གྲོང་ཁྱེར་མང་པོ་ཞིག་སྣང་བ་འདི་ཀུན་ཀྱང་། སྔར་ཐང་དུས་སུ་བོད་ཀྱི་ལག་ཏུ་ཤོར་བའི་གྲོང་ཁྱེར་དེ་དག་གི་གྲས་ཡིན་པར་སེམས།     
          ད་ནི་རྗེ་བློན་སོགས་ཀྱི་ཐ་སྙད་ལ་ཅུང་ཟད་དཔྱད་ན། དེ་ཡང་བཙན་པོ་དང་། རྗེ་དང་། རྒྱལ་པོ་དང་། མངའ་བདག་དང་། བླ་སོགས་ནི་སྔོན་གྱི་བརྡ་ཡིན་ཅིང་། ས་སྐྱོང་དང་མི་དབང་སོགས་ནི་ལེགས་སྦྱར་སྐད་ཀྱི་བྷཱུ་བཱ་ལ་དང་ན་རེནྡྲ་སོགས་བསྒྱུར་བར་འདུག་པས་བསྟན་བཅོས་ཀྱི་ཐ་སྙད་ཙམ་ཡིན་ནོ། །དེ་མཚུངས་སྡེ་པ་བྱ་བ་ཡང་ཕྱིས་ཀྱི་ཐ་སྙད་ཡིན་ལ། དེ་ཡང་རྒྱ་གར་པ་རྣམས་རྒྱལ་པོ་ལ་དེ་བ་སྟེ་ལྷ་ཞེས་འབོད་པ་དེ་ཟུར་ཆག་ནས། ཁ་ཆེ་བ་རྣམས་ཀྱི་སྐད་ལ་བདེ་ཝང་དུ་འབོད་པའི་ཐ་སྙད་དེ་ག་ཐོག་མར་མངའ་རིས་ཆོས་རྒྱལ་རྣམས་ལ་ཆོ་ལོར་སྦྱར་ཞིང་། ཕྱིས་རིན་སྤུངས་སྣེའུ་གདོང་གཙང་པ་སོགས་ལ་ཡང་སྦྱར་རོ། ། ཡིག་རྙིང་དུ་བཙན་པོ་དང་བཙུན་མོ་བྱ་བ་ལ། བཙན་ཕོ་དང་བཙན་མོ་ཞེས་བྲིས་ཏེ། དེའི་ཕྱིར་ཕོ་བྲང་བྱ་བ་ཡང་བཙན་ཕོ་བཞུགས་པའི་བྲང་ས་དང་། དེ་བཞིན་བླ་བྲང་བྱ་བ་བླ་མ་བཞུགས་པའི་བྲང་སའམ་དབུ་གུར་སོགས་ལ་བྱེད་དེ། དམག་སྒར་བཏབ་པ་ལ་དམག་གི་བྲང་བཏབ་པ་སོགས་འདུལ་བ་ལ་ཡང་སྣང་བ་བཞིན་ནོ། ། བཙན་མོ་བྱ་བ་དེ་ཡང་རྒྱལ་པོའི་ལྕམ་གཅིག་པུ་ལ་མིན་པར་རྒྱལ་རིགས་ཀྱི་བུད་མེད་སྤྱི་ལ་སྦྱར་བ་འོག་གི་རྒྱལ་རབས་ཀྱི་ཞར་ལ་ཡང་གསལ། ཨ་མདོ་རེབ་ཀོང་ཡུལ་དུ་རྒྱལ་པོ་བློན་ཆེ་བཙན་མོ་བྱ་བའི་སྡེ་གསུམ་ཁད་ཉེ་བར་ཡོད་པ་ཡང་། སྔོན་གྱི་བརྡ་ལ་སྦྱར་ན་རྒྱལ་པོ་བློན་ཆེན་བཙུན་མོ་གསུམ་གྱི་མིང་དེ་ཁོ་ན་ལྟར་འདུག་པས།
          དེ་ཡང་དེ་གསུམ་གྱི་མཚན་ལས་དྲས་པར་གོར་མ་ཆག
          བློན་ཆེན་དང་ཕྱི་བློན་ནང་བློན་བྱ་བ་དག་ཀྱང་སྔོན་གྱི་ཐ་སྙད་ཡིན་ཞིང་། མདུན་ན་འདོན་ནི་པུ་རོཧིཏ་བྱ་བའི་རྒྱ་སྐད་བསྒྱུར་བ་སྟེ། རྒྱ་གར་གྱི་རྒྱལ་པོའི་ལས་ཚན་ཙམ་ཡིན་ཞིང་༑ དེ་ཡང་རྒྱལ་པོའི་མདུན་དུ་སྐར་བཅོས་དང་རིག་བྱེད་སོགས་འདོན་པའི་བྲམ་ཟེ་བླ་མཆོད་རེ་ཡོད་པ་དེའི་མིང་ཡིན་མོད་ཀྱི། ཕྱིས་ཀྱི་མཁས་པ་རྣམས་དེ་བཀའ་བློན་ལྟ་བུ་ཞིག་གི་མིང་དུ་འཁྲུལ་ནས་སྣང་། དེས་ན་སྔོན་དུས་བོད་ཀྱི་རྒྱལ་པོ་ལ་སྐུ་བོན་བྱ་བ་ཞིག་འདུག་པ་དེ་མདུན་ན་འདོན་གྱི་ཚོད་ཙམ་ཡིན། དེ་བཞིན་དུ་ཞང་བློན་སྣ་བོ་ཆེ། བཙན་ཁ་བོ་ཆེ། ཨ་ཞ་མགོ་བོ་ཆེ་བྱ་བ་ལྟ་བུ་དག་ཀྱང་། དིང་སང་གི་ལས་སྣེ་ཆེན་མོ། ཞལ་ངོ་ཆེན་མོ། དབུ་མཛད་ཆེན་མོ་སོགས་དང་དོན་འདྲ་བ་བ། འགའ་ཞིག་གིས་དེ་མ་གོ་བར་ཆེན་པོའི་རིགས་སུ་འཁྲུངས་པའི་སྔོན་དུས་ཀྱི་བླ་མ་འགའ་རེའི་མཚན་ལ་ཁ་ཆེ་དང་སྣ་བོ་ཆེ་སོགས་སུ་གྲགས་པར་བརྟེན་དོན་མེད་པའི་མཚར་གཏམ་སྣ་ཚོགས་སུ་སྨྲས་ནས་སྣང་། གཞན་ཡང་སྔོན་གྱི་དུས་སུ་མཚམས་ལ་མེལ་ཚེ་དང་སོ་བྱེད་པའི་བློན་པོ་དག་འཇོག་ཅིང་། དེ་ཡང་ཕྱིའི་དགྲ་ལ་སོ་བྱེད་པའི་ཕྱི་སོ་བྱ་བ་ཞིག་དང་། བོད་སྡེ་རང་གི་ནང་དུ་སོ་བྱེད་པའི་ནང་སོ་བྱ་བ་གཉིས་ཡོད་པའི་ཕྱི་མ་ནི་ད་དུང་ཡང་གོ་གནས་ཀྱི་མིང་དུ་ཡོད་ལ། དེ་དག་ལས་སོ་བློན་བྱ་བའི་ཐ་སྙད་ཀྱང་རྡོ་རིང་སོགས་ལ་གསལ་ལོ།  །
          འོ་ན་སྔོན་གྱི་རྒྱལ་པོ་དང་། བློན་འབངས་དེ་དག་གི་ཆས་དང་བཞུགས་གནས་ལ་སོགས་པ་ཅི་འདྲར་ཡོད་སྙམ་ན། དེ་ཡང་རྒྱལ་པོའི་ཆ་བྱད་ཀྱི་རྣམ་པ་རགས་ཙམ་ཞིག་ནི། རྒྱ་ནག་གི་ཕོ་ཉས་མངའ་བདག་རལ་པ་ཅན་མཇལ་ཚུལ་འོག་ཏུ་འགོད་པར་འགྱུར་བ་དེ་ལས་ཀྱང་ཤེས་པར་ནུས་ལ། དེ་མིན་སྔོན་དུས་ཀྱི་ཡིན་ངེས་པའི་སྐུ་བརྙན་བྲིས་འབུར་ཅི་རིགས་ཞིག་མཇལ་རྒྱུ་བྱུང་ན་ཡང་རྣམ་པ་གསལ་བར་འཆར་ནུས་མོད་ཀྱི་དེ་འདྲ་ཡང་རྩད་ཆོད་པར་དཀའ། དེ་དུས་ཕྱིའི་རྒྱལ་ཁབ་ཀྱི་ཁྲོད་ན་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་ལ། ཏ་ཟིག་ཡུལ་དུ་ནི་སྐབས་དེར་ནང་པའི་བསྟན་པ་དར་བར་མ་ཟད། ཤེས་རིག་ཡོན་ཏན་གྱི་ཆ་ལ་ཡང་ཁོང་རྣམས་འགྲན་ཟླ་དང་བྲལ་གཤིས། བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་། ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ། ལར་ཟ་འོག་ནི་སྔོན་དུས་སུ་རྒྱ་དཀར་ནག་གཉིས་ཀར་ཡང་གྱོན་སྲོལ་མེད་པར་འདུག   རྗེས་སུ་དཔོག་པའི་ཐབས་གཞན་ཞིག་ནི་འདི་ལྟར། རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ། དེས་ན་རང་རེ་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་པོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་བཙན་པོ་དང་རྒྱལ་པོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་པ་ཆེར་མེད་པར་སེམས་ཏེ། མངའ་རིས་བླ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་ད་ལྟའི་བར་ཡོད་པ་རྣམས་ནས༑ ལོ་གསར་སོགས་ཀྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་ཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་པ་སོགས་ཡིན་འདུག དེར་མ་ཟད་བཙན་དང་རྒྱལ་པོའི་འཁོར་གྱི་རུ་འདྲེན་སྡེ་བཞི་བྱ་བ་དེ་ཡང་ཕལ་ཆེར་སྔོན་གྱི་སྲོལ་ལ་འདྲ་སྟེ༑ རྒྱལ་པོའི་ཐང་ཡིག་ཏུ། མུ་ཏིག་བཙན་པོས་བྱང་དུ་དམག་དྲངས་ཚུལ་བཤད་པ་ན། མདུན་གྱི་བཤུལ་སེལ་གྱད་མི་རྟ་ཞོན་བརྒྱ། །གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། །གཡོན་གྱི་རུ་འདྲེན་སྔགས་མཁན་ཕུར་ཐོགས་བརྒྱ།   །སླད་ཀྱི་རྗེས་ཉུལ་ཞུབ་ཆེན་མདུང་ཐོགས་བརྒྱ། །སོགས་བཤད་པས་སོ། །དེ་བཞིན་རྡོ་རྗེ་ལེགས་པ་དང་རྒྱལ་པོ་སོགས་ཐང་ཞུ་གྱོན་པའི་གཟུགས་སུ་ཡང་བྱས་ལ། ཐང་ཞུ་འདི་ཡང་བོད་རང་གི་སྲོལ་ལས་ཡུལ་གཞན་གང་ལ་ཡང་མི་འདུག་ཅིང་། རྒྱ་གར་ཤར་ངོས་ཀྱི་བྷར་མ་པ་རྣམས་ནི་བོད་རིགས་ལས་མཆེད་པར་ཁོང་ཅག་གི་རྒྱལ་རབས་སུ་ཡང་གསལ་བ་བཞིན་ལ། དེ་དག་གི་སྔ་མའི་རྒྱལ་པོ་རྣམས་ཀྱང་ཐང་ཞུ་གྱོན་པ་ཡིན་འདུག་པས། འོ་ན་རང་རེའི་བཙན་པོས་ཀྱང་སྐབས་འགར་ཐང་ཞུ་ཡང་གསོལ་བ་ཡིན་ནམ་སྙམ། དེ་མཚུངས་དམར་པོ་རི་ལ་ཁྲི་བཙུན་གྱིས་བཞེངས་པའི་ཕོ་བྲང་དམར་པོ་རྩེ་མོ་མདའ་མདུང་གིས་བརྒྱན་པ་དེ་ལ་དཔེ་བྱས་ནས། འབངས་རྣམས་ཀྱང་བཙན་གྱི་བཞུགས་ས་ལ། མདའ་དང་མདུང་གིས་སྤྲས་པའི་སྐུ་མཁར་དམར་པོ་དང་ལ་རྩེ་ལ་སོགས་པ་བརྩིགས་པར་སེམས། མདོར་ན་བཙན་དང་བཙན་པོ་གཉིས་ཀའི་ཆས་དང་། སྐུ་མཁར༑ ལ་ཐོད། རུ་དར་ལ་སོགས་པ་དམར་ཟིང་ངེ་བ་ཞིག་ཡོད་པ་ཡིན་ནམ་སྙམ།      དམར་པོ་རིའི་ཕོ་བྲང་གི་དབྱིབས་བཀོད་ཞིབ་ཙམ་ཞིག་རྒྱལ་པོའི་བཀའ་འབུམ་དུ་ཡང་གསལ་ལ། ད་ལྟ་སྔོན་གྱི་ཕོ་བྲང་དེའི་དཔེ་རིས་ཁུངས་དག་ཅིག་རྙེད་པ་ནི། རྩེ་ཕོ་བྲང་ཤར་ཁྱམས་ཀྱི་ལྡེབས་རིས་འདི་ཡིན་ཏེ་གོང་ས་ལྔ་པའི་ལྷ་ལྡན་དཀར་ཆག་ཏུ་གཙུག་ལག་ཁང་ན་དཔེ་རིས་རྙིང་པ་དེ་ཡོད་པར་གསུངས་པ་དིང་སང་དུད་དྲེག་ཆགས་པས་མི་གསལ་མོད། དེ་དུས་མཐོང་ནས་དེ་ལ་ཕྱི་མོ་བྱས་པར་ངེས་པས་སོ། །ཕོ་བྲང་དེ་རྒྱ་དམག་གིས་མེ་ལ་བསྲེགས་ཞེས་ལོ་རྒྱུས་འགར་བྲིས་ཀྱང་། རྒྱ་དམག་དབུས་སུ་སླེབས་པའི་གཏམ་ནི་རྒྱའི་རྒྱལ་རབས་གང་ན་ཡང་མེད་པ་ཡིན་འདུག་ལ། རྭ་ལོ་སོགས་དང་དུས་མཉམ་པའི་ཁྱུང་པོའི་མཁས་པ་གྲགས་སེ་བྱ་བ་དེ་པོ་ཏ་ལར་བཞུགས་ནས་ཚད་མའི་འཆད་ཉན་གནང་བའི་ལོ་རྒྱུས་ཀྱང་འདུག་པས། དུས་ཕྱིས་ཙ་ན་དགོན་གནས་ཀྱི་རྣམ་པར་ཡོད་པ་ཡིན་ནམ་སྙམ། ཆོས་རྒྱལ་དུས་ཀྱི་གཟིམ་ཁང་དཀར་པོ་ཐོག་སོ་བཅུ་གཅིག་ཅན་ཞེས་སྔོན་གྱི་གནས་ཡིག་འགར་ཡང་འདུག  ད་ལྟའི་ཕོ་བྲང་མ་བཞེངས་པའི་ལོ་ཉི་ཤུ་ཙམ་གྱི་གོང་རོལ་དུ་དབུས་སུ་སླེབས་པའི་མཐར་མི་འཇོན་གུར་བེར་བྱ་བ་ཞིག་གིས། རང་ཉིད་ཀྱིས་ཇི་ལྟར་མཐོང་བའི་པོ་ཏ་ལའི་དཔེ་རིས་ཤིག་འདུག་པར་ཡང་། ཁང་བརྩེགས་མང་པོ་དང་ལྕགས་རི་ལ་སོགས་པ་ཡང་སྣང་། གཞན་ཡང་ཕོ་བྲང་རླུང་འཚུབ་མ་རུ་ཏ་དང་། འཕང་ཐང་གི་ཁང་མོ་ཆེ་དང་། བྲག་དམར་མགྲིན་བཟང་ལ་སོགས་པ་སྟེ། དེ་དག་གི་བཀོད་པ་ཅི་འདྲ་ཞིག་ཡིན་པ་དཔྱད་པའི་གཞི་མེད། འོན་ཀྱང་བཙན་པོ་རྗེ་བློན་རྣམས་ཤས་ཆེར་གུར་གྱི་ནང་དུ་བཞུགས་པར་མངོན།
          བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་པོའི་ཆས་འདྲ་བ་དང་། དམག་དཔོན་རྣམས་སྟག་ལྤགས་གྱོན་པ་སོགས་འོག་གི་རྒྱལ་རབས་ཀྱི་ཞར་ལ་གསལ། གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ། སྟག་གི་ཐོག་བུ་བྱ་བ་འདི་ཡང་ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་སྩལ་བའི་ཆས་སུ་གྲགས། འབངས་བྱིངས་ནི་འབྲོག་སྡེའི་རྣམ་པར་ཡོད་ལ། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད༑ ཡུལ་མིའི་ཆས་དང་སྲོལ་ལུགས་གཞན་ནི་བྱང་མཐའ་དང་ལྷོ་མཐའི་ལུང་ཁུག་འགོལ་བོ་དག་ན། ད་ལྟ་ཡང་སྔོན་གྱི་མིའི་སྐུ་བརྙན་གསོན་པོ་མང་དུ་བཞུགས་འདུག་པ་དེ་དག་ལ་ དངོས་སུ་མཇལ་བས་ཤེས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་པོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྤོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་                              ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ།  །
                              དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་དང་། །
                              རློམ་པའི་འོལ་ཚོད་སྨྲ་བའི་སྤོབས་པ་གཉིས། །
                              གང་ལ་མེད་པའི་ཉམ་ཆུང་ང་འདྲ་དག །
                              ལྐོག་གྱུར་ཡུལ་ལ་དཔྱད་ཚུལ་འདི་ཙམ་ཉིད། ། ཅེས་སྨྲས་སོ།།
          ལི་ཡུལ་བོད་ཀྱི་འབངས་སུ་ཚུད་དོ་བྱ་བའི་ལི་ཡུལ་དེ་ཕྱོགས་གར་ཡོད་སོགས་ཀྱང་བར་སྐབས་སུ་ཐམས་ཅད་ཀྱིས་བརྗེད་པ་ལྟར་གྱུར་ཏེ། ལོ་ངོ་བརྒྱ་ཕྲག་དུ་མ་སོང་ཞིང་། དེའི་བར་ལ་འགའ་ཞིག་གིས་འོལ་ཚོད་བྱས་ཏེ། བལ་ཡུལ་དང་ལི་ཡུལ་དོན་གཅིག་པར་བྱས་ནས། གླང་རུ་ལུང་བསྟན་གྱི་གནས་ཐམས་ཅད་ཀྱང་དེ་ཕྱོགས་སུ་ངོས་འཛིན་པ་སོགས་བྱས་སོ། །དེས་ན་ལོ་ཙཱ་བ་ཤམྦྷ་ལ་པའི་ཞལ་ནས། དེང་སང་བོད་ན་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མེད་ཅེས་གསུངས་པར་གྲགས་པ་ཡང་ཕལ་ཆེར་དོན་ལ་གནས་པ་ཡིན་ལ། བལ་ཡུལ་དང་ལི་ཡུལ་མི་གཅིག་པ་ནི་གྲོ་ལུང་པས། རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ༑ །ཞེས་དེ་གཉིས་ཡུལ་སོ་སོར་གསུངས་པས་ཀྱང་ཤེས་ལ། བཅོམ་ལྡན་རིག་རལ་གྱིས་ཀྱང་༑ ས་ནུས་བཟུང་བའི་ལི་ཡུལ་དེ།།རྒྱ་བོད་མཚམས་ཀྱི་བལ་པོ་མིན།།ཞེས་ཤིན་ཏུ་གསལ་བར་གསུངས་སོ། །དེས་ན་ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀཾ་ས་དེ་ཤ། ཡུལ་གཞན་དུ་ཏུར་ཀི་བྠཱན་དང་། རྒྱ་ནག་པས་སིན་ཇང་དུ་འབོད་པ་འདི་ཡིན་ཏེ། འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་བླ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ། སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དར་བ་ལས། སྲོང་བཙན་གྱི་སྐུ་དུས་ཙམ་ན་ཆོས་བསྣུབས་ཏེ། དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང་། ད་དུང་ཡང་གོ་ཤྲངྒོ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་པོ་དང་སྔོན་གྱི་དགོན་རོ་ཤིན་ཏུ་མང་བ་ཡོད་འདུག  ཡུལ་འདིའི་མི་རིགས་རྣམས་སོག་རྒྱུད་ཡིན་པས། ཀུན་མཁྱེན་ཀློང་ཆེན་པས། ལྕང་རྭ་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས་པ་ཡིན། ཡུལ་འདི་ལ་མདོ་སྨད་པ་རྣམས་ཡུལ་ལི་ཞེས་འབོད་པ་ཡང་། དོན་ལ་ལི་ཡུལ་བྱ་བའི་ཚིག་མགོ་མཇུག་ལྡོག་པའམ། ཡང་ན་རྒྱ་གར་ཡུལ་བྱ་བ་ལ་སྐབས་འགར་ཡུལ་རྒྱ་གར་ཞེས་བརྗོད་པ་དང་འདྲ། ཡུལ་འདི་ནི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས། སྔར་བོད་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་བ་ཙམ་ཡིན་མོད། དགྲ་བཅོམ་དགེ་འདུན་འཕེལ་གྱི་ལི་ཡུལ་ལུང་བསྟན་དུ་ཡང་གསུངས་ཏེ། དེ་ལ་མང་པོ་ཞིག་ནི་བོད་ཀྱི་རྒྱལ་པོས་འཛིན་པར་འགྱུར་རོ། །ཞེས་དང་། གླང་རུ་ལུང་བསྟན་གྱི་མདོ་ལས་ཀྱང་། མ་འོངས་པ་ན་ལས་ཀྱི་དབང་གིས་ཡུལ་འདིར་བོད་དང་སུམ་བྷའི་དམག་རྣམས་ཀྱང་འོང་བར་འགྱུར་ཏེ། སོགས་གསུངས་སོ།།སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེ་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད།
          གཞན་ཡང་སྔ་རྟགས་འཁྲུལ་མེད་ལྟ་བུར། ཉེ་དུས་འདིར་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས། སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ། དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་འཐོན་ནས། རྒྱལ་ཁབ་དུ་མར་འཁྱེར་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ། །འོག་ཏུ་བཀོད་པའི་རྒྱལ་རབས་ཀྱི་དུམ་བུ་དང་པོ་གཉིས་ཀྱང་ཕྱོགས་དེ་ནས་རྙེད་པའི་ཡིག་རིགས་ཀྱི་གྲས་ཡིན་ལ། སྔ་མོའི་ལྷ་ཁང་ཞིག་གི་འདག་ཞལ་གྱི་ལྡེབས་རིས་ཡོངས་རྫོགས་བཀོག་སྟེ། རྒྱ་གར་དུ་འཁྱེར་ནས་ད་ལྟ་རྒྱལ་ས་ངྷི་ལི་ན་ཡོད་ཅིང་། དེ་ནས་རྙེད་པའི་དངོས་ཆས་གཞན་མང་པོ་ཞིག་ཀྱང་དེར་ཡོད། རུས་དུམ་དང་བྱང་བུ་སོགས་ལ་ཁྲལ་བསྡུས་པའི་ཐོ་བཀོད་པ་དེ་དག་ཀྱང་ཆེས་གནའ་དུས་ཀྱི་བརྡ་རྙིང་འབའ་ཞིག་ཏུ་བྲིས་པ་དཔེར་ན། རྩང་ནན་ཡམ་གསུམ་དང་རན་ཁུར་གཅིག (ཆང་བྲེ་གསུམ་དང་རྩྭ་ཁུར་གཅིག་)བྱ་བ་སོགས་སྣང་། བློན་ཆེན་དང་དམག་དཔོན་ལ་སྙན་འབུལ་གྱི་བཀའ་ལན་གཉིས་ཙམ་ཞིག་ཀྱང་འདིར་དཔེར་མཚོན་དུ་བཀོད་ན། ༼ཨང༽  ཕོ་བྲང་ལྷན་ཀར་ནས། འབྲུག་གྀ་ལོའྀ་དགུན་ཟླ་འབྲིང་པོའི་ངོ་ལ། བཀྱེའི་ཕྱག་རྒྱ་ཕོག་སྟེ། ཤ་ཅུའི་རྩེ་རྗེ་ལ་མཆིད་སྩལ་པའ། རྒྱ་ཤ་ཅུ་བའི་འབངས་རྣམས་ཀྱིས་གསོ་པའ༑ ཕོ་བྲང་དང་ཁྲོམ་ཆེན་པོར། ལོ་ཐང་དུ་ཤ་ཅུ་ནས། སྤྱན་གཟིགས་ཏོང་ལྀ། དགུང་ལོ་རེ་རེ་ཞིང་། ལན་རེ་ཙམ་ཞིག་རྫོང་བའ། བླའྀ་ལྡུམ་ར་ཁ་དུ་མ་ཞིག་མངའ་བའི་ཐོག་གིས་ལྷག་པར་ཡང་འཚལ་ཏེ།
          བལ་ཡུལ་ནི་སྲོང་བཙན་གྱི་སྐུ་ཚེའི་སྨད་ལ་དབང་དུ་ཆུག་ཅིང་། དེ་ནས་བཟུང་ཡུན་ཇི་སྲིད་གཅིག་གི་བར་དུ་བོད་འབངས་སུ་གནས་པའི་ལོ་གྲངས་སོགས་ལ་ཕྱི་རྒྱའི་མཁས་པ་རྣམས་ཁ་མི་མཐུན་ཏེ། འགའ་ཞིག་གིས་འདུས་སྲོང་མང་པོ་རྗེའི་སྐུ་ཚེ་སྨད་ལ་བལ་པོ་ངོ་ལོག་ཅེས་ཟེར། འགའ་ཞིག་གིས་དེའི་ཡང་གོང་ནས་ཡིན་ཟེར། འོན་ཀྱང་ལི་ཡུལ་ནས་འཐོན་པའི་རྒྱལ་རབས་དེར། ཁྲི་ལྡེ་གཙུག་བཙན་གྱི་ཁྲི་ལོ་འདྲེན་པའི་སྐབས་སུ་ཡང་། རྟའི་ལོ་ལ་བཙན་ཕོ་བལ་བོ་ན་བཞུགས་སོགས་ལན་དུ་མར་བྱུང་བས། ཕལ་ཆེར་ཁྲི་སྲོང་གི་གོང་རོལ་བར་བོད་འབངས་སུ་ཡོད་དམ་སྙམ། ཡུལ་འདི་བོད་ཀྱི་ཆབ་འོག་ཏུ་ཆུད་པའི་སྔ་རྟགས་ལྟ་བུར་ཡང་། ཁོང་ཚོའི་ཁྲོད་ན་ཙང་(གཙང་ཡིན་ནམ་སྙམ་)དང་། བླ་མ་དང་། རཱ་ཡེ། རྟ་མང་(རྟ་དམག་བྱ་བ་ཟུར་ཆག་སྙམ་པ་)ལ་སོགས་པའི་མིང་ཅན་གྱི་དཔའ་རྩལ་ལྡན་པའི་མི་སྡེ་མང་དུ་ཡོད་པ་འདི་ཀུན། ཆོས་ལུགས་ཀྱང་བོན་དང་འདྲེས་པའི་ནང་པ་བྱེད། སྐད་ཀྱང་བོད་སྐད་བརྡ་རྙིང་འབའ་ཞིག་སྨྲ། རིགས་རྒྱུད་ཀྱང་བོད་ནས་མཆེད་པར་ཁོང་ཅག་རང་ལ་གྲགས། དེར་མ་ཟད་བལ་ཡུལ་མཐིལ་དུ་ཡང་། ཕམ་ཐང་དང་བོད་ཐང་ལ་སོགས་པ་བོད་ཀྱི་ཐ་སྙད་ཆགས་པའི་ས་མིག་མང་པོ་ཡོད། ཆེས་གསལ་བའི་རྟགས་གཞན་ཡང་བོད་རྗེ་འདུས་སྲོང་སོགས་དང་དུས་མཉམ་པའི་བལ་རྒྱལ་ནརེནྡྲདེབམི་དབང་ལྷའི་སྲས། ཤཱིལདེབ་ཚུལ་ཁྲིམས་ལྷའི་རྡོ་རིང་ལ་ཡང་། བྷོཊབིཥྚིཧེཏོཿཔྲཏིབཪྵརིཀཛནཱཿཔཉྩབྱབསཱཡིབྷིརྒྲཧཱིཏབྱཿ། (བོད་ལ་ཁྲལ་འཇལ་བའི་རྒྱུ་མཚན་གྱིས་ལོ་ལྟར་ཁུར་ཙ་པ་རྣམས་ལས་བྱེད་ལྔ་པོས་བཟུང་བར་བྱ་སྟེ།)སོགས་བྲིས་པ་ཡོད། གཞན་ཡང་བལ་པོ་རྣམས་ཀྱིས་རང་སྐད་དུ་ཡང་། མིག་ལ་མི་ག  སྣ་ལ་སྣེ་པོ། ལག་པ་ལག་སོགས་བོད་སྐད་ཟུར་ཆག་ཤིན་ཏུ་མང་པོ་འདྲེས་པ་ཞིབ་ཏུ་བརྟག་པས་ཤེས་སོ། །
          ༈ རྒྱ་གར་ཏིརཧིཏ་བོད་ཀྱིས་བཟུང་བ་ཡང་ཐོག་མར་སྲོང་བཙན་གྱི་དུས་ལ་ཡིན་པ་འོག་ཏུ་གསལ་ཞིང་། ཏིརཧིཏ་ནི་གངྒཱའི་བྱང་ནས་རི་ནག་པོ་རྒྱུད་ལ་ཐུག་གི་བར་ཡུལ་སྤྱི་ལ་ཟེར་ཞིང་ད་ལྟ་ཡང་མིང་དེ་ཀར་གནས། ཡུལ་དེའི་ཁོངས་སུ། གྱད་དང་། ཤཱཀྱ་དང་། ལི་ཙ་བི། བྲི་ཛི༑ ཀནྱཀུབྫ་ལ་སོགས་པའི་ཡུལ་མིང་ཆེན་དུ་མ་ཡང་འདུས། འོན་ཀྱང་ཕྱོགས་དེ་ཚ་བའི་ཡུལ་དུ་སོང་གཤིས་བོད་དམག་རྒྱུན་སྡོད་བྱེད་པ་སོགས་ཡུན་རིང་དུ་མ་བྱུང་བར་མངོན་ལ། སླར་ཡང་ཁྲི་སྲོང་གི་དུས་སུ་བསམ་ཡས་མཆོད་རྟེན་དཀར་པོའི་ནང་རྫོངས་སུ་རིང་བསྲེལ་སྤྱན་འདྲེན་པ་སོགས་ཀྱི་ཆེད་དུ་མགངྷ་ལ་བོད་དམག་དྲངས་ཚུལ་རྦ་བཞེད་དུ་གསུངས་ཏེ། རྒྱལ་པོས་བོད་ཀྱི་རྟ་རྔོག་ཆགས་སྒས་མནན་པ་གཅིག་ཀྱང་མ་ལུས་པར་ཆད་ལ་བསྔོས་ཏེ། འགོས་ཀྱིས་ཕག་རིར་དུས་བཏབ། རྟ་པའི་དམག་རྣམས་དཔལ་མོ་དཔལ་ཐང་དུ་གྲངས་ལ་བཏབ། རྒྱ་གར་ཐང་དུ་བརྟོལ་བ་དང་། ཡུལ་དེའི་རྒྱལ་པོ་བྲེད་ནས། མཐའ་འཁོབ་ཀྱི་རྒྱལ་པོ་དེའི་རྟ་པ་འདི་འདྲ་ན། དཔུང་བུ་ཆུང་དང་། ཤིང་རྟ་དང་། གླང་པོ་ཆེའི་ཚོགས་ཇི་འདྲ་ན་ཞེས། ཕོ་བྲང་གི་ཡ་ལད་ལ་བཙན་པོའི་ལྷམ་བཏགས་ཏེ། དེའི་འོག་ན་ཕར་འཁོར་དང་བཅས་པ་འཛུལ་ནས། ངའི་རྒྱལ་ཁམས་འདི་བཙན་པོ་ཁྱོད་ཀྱི་ཞབས་འོག་ཏུ་འཛུལ་བས། ཁྱོད་ཀྱི་ཆབ་སྲིད་བྱེད་དེ། བཅའ་དང་སྐྱེས་ལོ་ཐང་དུ་འཇལ་ལོ་ཞེས་ཁས་བླངས་ནས་མངའ་འོག་ཏུ་འདུས༑ དེ་ནས་གངྒཱ་བརྒལ་ནས་མགངྷར་དམག་དྲངས་པ་དང་། མགངྷ་རྣམས་ཀྱིས་ནོར་ཐམས་ཅད་ཨོཏནཏཔུ་རིར་(མ་ཀ་ངྷའི་ཡུལ་གྱི་དཀྱིལ་ན་ཨོ་ཏན་ཏ་པུ་ཞིང་ཤུལ་ཡོད།)བསྐྱལ་ནས། མི་ཐམས་ཅད་རྒྱ་གར་ཤར་ཕྱོགས་སུ་བྲོས་པས་གཡུལ་སྤྲོད་མ་དགོས་པར་བྱང་ཆུབ་ཤིང་ལ་མཆོད་པ་ཕུལ། ཞེས་སོགས་ནས། གངྒཱའི་འགྲམ་དུ་བོད་ཀྱི་མི་བསྐོས་ནས། འདི་ཚུན་ཆད་བོད་ཀྱི་ས་བཅད་ཡིན་པས་རྡོ་རིང་གྱིས་ཤིག་ཅེས་བཀའ་སྩལ་པ་བཞིན་བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་ཏེ། ཕྱིས་བྲུ་ཤའི་དམག་གིས་དེ་བཤིག་པས། མ་ཞིག་པར་མེ་ལ་བཞུས་པའི་འཕྲོ་ཡོད་དོ། །དེའི་ལུང་ཁུག་ན་ཀ་བ་བསྲུང་བའི་མིའི་རིགས་ལས་མཆེད་པ་འབོ་ཊ་ཐང་གུ་རའི་རིགས་ཞེས་བྱ་བའི་གྲོང་ཁྱེར་གཅིག་ཀྱང་ཡོད་དོ། །སོགས་གསུངས་སོ། །འདིར་རྒྱ་གར་གྱི་རྒྱལ་པོ་སུ་ཡིན་གསལ་བར་མ་སྨོས་ཀྱང་། དུས་བསྒྲིགས་ན་ཟ་ཧོར་གྱི་རྒྱལ་པོ་གོ་པཱ་ལ་ཡིན་ནམ་སྙམ། ཐ་གུ་ར་བྱ་བ་སྤྱིར་ལྷ་དང་རྒྱལ་རིགས་ཀྱི་མིང་ཡིན་ཞིང་། དེ་འདྲའི་གྲོང་ཁྱེར་ཡོད་པ་ནི་མ་ཐོས་མོད། ཐ་གུ་ར་བྱ་བའི་རིགས་ནི་རྒྱ་གར་བའི་ཁྲོད་ན་མང་དུ་ཡོད་ལ། དེ་དག་གི་ཐོག་མའི་རུས་ཁུངས་ཀྱང་ཀླ་ཀློ་དང་བྲམ་ཟེ་གཉིས་འདུས་པ་ཞིག་ཡིན་ནོ་ཞེས་གྲགས་པས་ངེས་པར་དཔྱད་དགོས་པ་ཞིག་འདུག དུས་འདི་ཙམ་ན་བཙུགས་པའི་ལྕགས་ཀྱི་ཀ་བ་ཞིག་ཀྱང་ད་ལྟ་ངྷི་ལིའི་ཕྱོགས་ན་ཡོད་ཅིང་། སྟེང་གི་ཡི་གེ་རྣམས་ནི་རྒྱལ་པོ་ཙནྡྲ་ཟླ་བ་བྱ་བ་ཞིག་གིས་བཀོད་པ་ཡིན་འདུག་ལ། འོན་ཀྱང་རྒྱ་གར་ན་མྱ་ངན་མེད་ཀྱི་རྡོ་རིང་འགའ་ཞིག་གི་སྟེང་ན། ཕྱིས་ཀྱི་ཀླ་ཀློའི་རྒྱལ་པོས་ཡི་གེ་བཀོད་པ་སོགས་ཀྱང་འདུག་པས། འདི་འདྲ་བསམ་ཚེ་ལྕགས་ཀྱི་ཀ་བ་དེ་ཡང་ངོ་བོ་སྔར་བོད་ཀྱིས་བཙུགས་པ་དེ་ཡིན་སྲིད་དམ་སྙམ་སྟེ། འོན་ཀྱང་གཏམ་འདི་འདྲ་ཁྱབ་བརྡལ་དུ་སྒྲོག་པའི་འོས་མ་ཡིན་ནོ།  །དེའི་འོག་ཏུ་སླར་ཡང་མུ་ཏིག་བཙན་པོས་སྲིད་འཕྲོ་འཛིན་པའི་སྐབས། རྒྱ་གར་གྱི་རྒྱལ་པོ་ངྷརྨཔཱལ་བོད་དུ་འཁྲིད་དེ། བཟང་བཙོན་གྱི་ཚུལ་དུ་བཞག་ལ། དེས་ཕོ་ཡོང་བཟའ་བྱ་བའི་ཇོ་མོ་ཞིག་བཞེས་པ་ལས་འཕྱོངས་རྒྱས་ཟ་ཧོར་མའི་རིཊ་དེ་མཆེད་དོ་ཞེས་ལྔ་པ་ཆེན་པོས་གསུངས། དེ་ལྟར་རྒྱ་གར་ཏིརཧིཏདེ་བོད་ཀྱི་འབངས་སུ་རེས་ཡོད་རེས་མེད་ཀྱི་ཚུལ་དུ་གནས་ཏེ་རྒྱལ་ཐོག་འགའ་ཞིག་སོང་བར་མངོན་ལ། ཕྱོགས་དེ་བོད་ཀྱི་ས་ཁོངས་སུ་བརྩི་བ་གོམས་པའི་དབང་གིས། དུས་ཕྱིས་ཙ་ན་ཡང་། ཆག་ལོ་ཆོས་རྗེ་དཔལ་གྱི་ལམ་ཡིག་ཏུ། དེ་ནས་གངྒཱ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས༑ ཞེས་གངྒཱའི་ཚུར་ཕྱོགས་རྣམས་རྒྱ་གར་མིན་པ་འདྲ་བ་ཞིག་གསུངས་སོ། །གཞན་ཡང་བོད་ཀྱི་རྒྱལ་པོའི་དམག་ཀཽཤམྦྷི་བར་དུ་སླེབས་པར་འགྱུར་བ་སོགས་ལི་ཡུལ་ལུང་བསྟན་དུ་ཡང་གསལ་བར་ཡོད་དོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716