སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《ས་སྐྱ་ལེགས་བཤད》ལས་མངོན་པའི་ཆོས་རྗེ་ས་པཎ་གྱི་བསམ་བློར་དཔྱད་པ།
སྤེལ་དུས། 2017-11-14   ཡོང་ཁུངས།    རྩོམ་པ་པོ།  སྒྲོལ་མ་སྐྱབས།
          ཆོས་རྗེ་ས་པཎ་མཆོག་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་གི་ནང་དུ་སྐུ་འཁྲུངས་པས་ན།  ཁོང་གི་བསམ་བློར་སྐབས་དེའི་སྤྱི་ཚོགས་ཀྱིས་ཤན་ཤུགས་ཅིས་ཀྱང་ཐེབས་རུང་བ་ཞིག་རེད།  སྐབས་དེའི་བཀས་བཀོད་རྒྱུད་འཛིན་གྱི་མི་ངན་དཔོན་ངན་དག་གིས་རང་གི་བདེ་བའི་ཆེད་དུ་དམངས་ལ་སྡུག་བསྔལ་གྱི་ཁུར་བོ་བསྣན་དང་སྣོན་མུས་སུ་བདོག་པ་ཆོས་རྗེ་ས་པཎ་མཆོག་གི་བཟོད་བསྲན་གྱི་ཡུལ་དུ་ག་ལ་འགྱུར། སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་ཐེར་འདོན་བྱེད་པ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་མངོན་པར་མཚོན་སླད།  རྗེ་དཔོན་ངན་པ་དང་ལམ་ལུགས་ངན་པར་རྒོལ་བར་སྤོབས་པའི་བློ་ཞིག་ཀྱང་ངང་གིས་རྒྱས་པས། བློའི་འཇུག་པ་ཡངས་ཤིང་བློ་གྲོས་ཀྱི་དབལ་རྣོ་བའི་ཁོང་གིས་ཤེས་རབ་ཀྱི་རང་གཟུགས་སུ་གྲུབ་པའི་ས་སྐྱ་ལེགས་བཤད་དེ་མང་མང་གི་བློ་གྲོས་འབྱེད་པའི་སྐྱེས་སུ་ཕུལ་བ་རེད། དེ་ནི་གོ་སླ་ལ་གཏན་ཚིགས་ཀྱི་རང་བཞིན་གཅིག་ཏུ་རྫོགས་པའི་དགེ་སྐུལ་ལེགས་ལམ་དུ་བཀྲི་བའི་འཚོ་བའི་བསླབ་དེབ་བླ་ན་མེད་པ་ཞིག་ཡིན་པས།  སོག་པོའི་ཁ་དཔེར་ཡང་།  ཡ་རབས་ཀྱི་ལག་ཏུ《ས་སྐྱ་ལེགས་བཤད》དང་། མ་རབས་ཀྱི་ལག་ཏུ《སན་གོ་ཡན་ཡེ》ཞེས་བྱུང་ལ།  འདི་ལས《ས་སྐྱ་ལེགས་བཤད》ཀྱི་རིན་ཐང་ཤེས་ཐུབ་པར་མ་ཟད།  ཆོས་རྗེ་ས་པཎ་གྱི་མི་གཤིས་ཀྱི་རིན་ཐང་ཅི་འདྲ་བཟང་ཞིང་ལེགས་པའང་ཟུར་ཞིག་ནས་གསལ་བོར་རྟོགས་ཐུབ།  མིའི་བསམ་བློ་དང་ཀུན་སྤྱོད། རིག་གནས་ཆུ་ཚད། བྱ་སྤྱོད་ལ་འཇུག་པའི་ཚུལ། རང་བཞིན་གྱི་ཡག་བཙོག དགེ་སྡིག་གི་ལས་འབྲས་སོགས་ལ་བླང་དོར་འབྱེད་པའི་ཚུལ་གསལ་ཞིང་འདྲིལ་ལ་གནད་དུ་སྨིན་པ་ཞིག་བསྟན་པ་རེད།  དེ་དག་རེ་རེའི་སྟེང་ནས་ཁོང་གི་བསམ་བློ་དང་མི་གཤིས་དང་བློ་གྲོས་སོགས་གློག་གི་བརྙན་རིས་བཞིན་གསལ་ལྷང་ངེར་བསྟན་འདུག་པའི་སྐོར་ལ་སེམས་ཁམས་རིག་པའི་ཆ་ནས་དབྱེ་ཞིབ་རགས་ཙམ་ཞིག་བྱས་ན།  སྤྱིར་གནའ་དེང་གི་སྐྱེ་བོ་མཆོག་དམན་བར་གསུམ་གྱི་བསམ་བློ་ལ་དབྱེ་ཞིབ་བྱེད་པར་རིག་པ་རྨད་དུ་བྱུང་བ་ཞིག་ཡོད་པ་ནི་སེམས་ཁམས་རིག་པ་འདི་ཡིན། ཆོས་རྗེ་ས་པཎ་མཆོག་གི་བསམ་བློ་ལ་ཞིབ་འཇུག་བྱེད་པར་ཡང་རིག་པ་འདི་བཀོལ་ན། དེང་རབས་སེམས་ཁམས་རིག་པས་རང་གཤིས་ནི་མི་ཞིག་གི་བསམ་བློའི་བཀོད་པ་ཆ་ཚང་དུ་ལྟ་ཞིང་།  དེ་ནི་མི་ཞིག་གི་རྒྱུན་ལྡན་དང་གཏན་ཆགས། རང་བཞིན་དང་ཞེན་ཕྱོགས་ངེས་ཅན་ལྡན་པའི་སེམས་ཁམས་ཀྱི་ཁྱད་རྟགས་ཤིག་ཡིན་པར་གོ་བས་རེད། མི་ཞིག་གི་སེམས་ཁམས་ཀྱི་སྣང་ཚུལ་དུ་སེམས་ཁམས་ཀྱི་བརྒྱུད་རིམ་དང་ཡིད་འགྱུར་གྱི་བརྒྱུད་རིམ་གཉིས་དང་། རང་གཤིས་འདུས་ལ། སྔ་མ་ལ་ཤེས་རྟོགས་ཀྱི་བརྒྱུད་རིམ། ཡིད་འགྱུར་ཀྱི་བརྒྱུད་རིམ། འདོད་བློའི་བརྒྱུད་རིམ་གསུམ་དང་། ཕྱི་མ་ལ་རང་གཤིས་ཀྱི་ཞེན་ཕྱོགས་དང་། རང་གཤིས་ཀྱི་ཁྱད་ཆོས། རང་རིག་བཅས་གསུམ་ཡོད་པ་དང་། མི་ལ་རང་བྱུང་དང་སྤྱི་ཚོགས་ཀྱི་ཆ་གཉིས་ལྡན་ལ། རང་གཤིས་ནི་མཐར་གཏུགས་ན་ངོ་བོའི་ཆ་ནས་སྤྱི་ཚོགས་ཀྱི་ཐོན་རྫས་སུ་ངེས་པས་ན། མར་ཁེ་སིས་ཀྱང་། མིའི་རང་གཤིས་ནི་མི་སྒེར་ཁོ་ན་ལ་གཏན་ཆགས་སུ་གནས་པའི་ལྐོག་གྱུར་གྱི་ཆོས་ཤིག་མ་ཡིན་པར།  དེའི་མཚོན་ཐབས་ཀྱི་ཆ་ནས་བལྟས་ན།  སྤྱི་ཚོགས་ཀྱི་འབྲེལ་བ་ཡོད་ཚད་ཀྱི་སྤྱི་གཟུགས་ཤིག་ཡིན་ཞེས་གསུངས་པས།  མི་ཞིག་གི་རང་གཤིས་ཀྱི་ཞེན་ཕྱོགས་དེ་ནི་མི་དེའི་དགོས་མཁོ་དང་ཀུན་སློང་། དགའ་སྣང་དང་ཕུགས་འདུན། དད་མོས་དང་འཇིག་རྟེན་ལྟ་ཚུལ་བཅས་ལས་གྲུབ་པ་ཡིན་པས། ས་སྐྱ་ལེགས་བཤད་ལས་ཆོས་རྗེ་ས་པཎ་གྱི་རང་གཤིས་ཞེན་ཕྱོགས་ཀྱི་གྲུབ་ཆ་རེ་རེ་གསལ་བོར་མཐོང་ཐུབ་པ་ནི་གཤམ་གསལ་ལྟར། 
          1.ས་པཎ་གྱི་དགོས་འདུན། 
          སྤྱིར་བཏང་དུ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལྟར་ན། དགོས་མཁོ་ནི་མིའི་བློ་ཤེས་ཀྱིས་གཟུགས་ཁམས་དང་སྤྱི་ཚོགས་ཀྱི་མཁོ་འདུན་ལ་འཆང་བའི་འཛིན་སྟངས་ཤིག་སྟེ། དེ་ནི་རང་གཤིས་དགེ་མཚན་ཅན་གྱི་འབྱུང་གནས་དང་། མིའི་བྱ་བྱེད་སྣ་ཚོགས་པའི་རྩ་བའི་སྒུལ་ཤུགས་ཡིན་པ་རེད། དེ་ལྟར་ཆོས་རྗེ་ས་པཎ་གྱི་དགོས་འདུན་དེ་ག་འདྲ་ཞིག་ཡིན་པ་ཡང་གཙོ་བོར་སྐབས་དེའི་སྤྱི་ཚོགས་གནས་བབ་དང་ཁོང་གི་བསམ་བློ་བར་གྱི་འགལ་འབྲེལ་གྱིས་ཐག་བཅད་པ་རེད།  སྤྱིར་ན་ཆོས་རྗེ་ས་པཎ་ཁོང་ནི་ཤེས་བྱ་ཀུན་ལ་ནང་བྱན་ཆུད་ཅིང་ཐར་བའི་ལམ་སྣེ་ཟིན་པ་ཞིག་ཡིན་པ་སྨྲོས་མ་དགོས་མོད། ཡིན་ན་ཡང་། རང་གི་གདུལ་བྱར་གྱུར་ཅིང་ལེགས་ཉེས་བླང་དོར་གྱི་གནད་ལ་རྨོངས་པའི་བོད་འབངས་བྱིངས་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པ་ནི་ཁོང་གི་མཐར་ཐུག་གི་དགོས་འདུན་ཡིན་ཏེ།  《ས་སྐྱ་ལེགས་བཤད》ཀྱི་མཇུག་ཏུ། ཤེས་བྱ་ཀུན་ལ་རབ་སྦྱངས་པས། །  ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། ། དེས་ན་བདག་གི་བསྟན་བཅོས་འདི། །  རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བྱས། ། ཞེས་གསུངས་པ་ཡིས་རང་གི་གདུལ་བྱར་གྱུར་པའི་བོད་འབངས་ཡོངས་རྫོགས་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་དེ་ཁོང་གི་མཐར་ཐུག་གི་དགོས་འདུན་ཡིན་པ་ཤེས་ཐུབ། དགོས་འདུན་དེ་མངོན་དུ་འགྱུར་བར་དགོས་པ་གཞན་ཞིག་ཡོད་པ་ནི། འབངས་བྱིངས་ཐར་བའི་ལམ་དུ་འགོད་པར་ཐབས་ལམ་ཇི་ལྟ་བུ་ཞིག་བེད་སྤྱད་ན་འོས་ཤིང་འཚམ་པ་དེ་རེད།  སྤྱིར་ན་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་ལམ་གྱི་རིམ་པ་དང་གཞི་ལམ་འབྲས་གསུམ་གྱི་གོ་རིམ་མ་འཛོལ་བར་བསྟན་དགོས་པ་ཡིན་མོད།  ཡིན་ན་ཡང་། ཆོས་རྗེ་ས་པཎ་མཆོག་གིས་ཇི་སྐད་དུ། འཇམ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། ། ལྷ་ཡུལ་བགྲོད་པ་ཐག་མི་རིང་། ། ……དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག།  བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། ། ཞེས་གསུངས་པའི“ལེགས་བཤད”ཀྱི་ཐབས་ལམ་འདི་བཀོལ་བའི་དགོས་མཁོ་བྱུང་བ་རེད།  མ་སུ་ལུའོ་ཡི་དགོས་མཁོ་སྨྲ་བ་ལྟར་བཤད་ན། ས་པཎ་གྱི་དགོས་འདུན་ནི་སྤྱིར་བཏང་གི་རིམ་པ་འོག་མ་གཟུགས་ཁམས་དང་བདེ་འཇགས།  བརྩེ་དུང་། སྡོད་གནས་བཅས་ཀྱི་དགོས་མཁོ་ལས་བརྒལ་ཏེ། བཀུར་བསྟི་དང་ཤེས་རྟོགས། མཛེས་པ་དང་རང་ངོམ་བཅས་ཀྱི་དགོས་པ་ཚད་དུ་བསླེབས་ཡོད་དེ། རྒྱལ་པོ་རང་ཡུལ་ཆེ་བ་ཙམ། ། དམ་པ་གང་དུ་ཕྱིན་པར་བཀུར། ། ཞེས་པ་དང་།  གཞན་ཡང་།  རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་། ། རྒྱལ་བོའི་བང་མཛོད་ནོར་གྱིས་མིན། ། འདོད་ཡོན་སྤྱད་པས་མི་ངོམས་ཏེ། ། མཁས་པ་ལེགས་བཤད་ཀྱིས་མི་ངོམས། ། ཞེས་པ་དང་། ལེགས་བཤད་བྱིས་པ་དག་ལས་ཀྱང་། །  མཁས་པ་རྣམས་ནི་ཡོངས་སུ་ལེན། ། ཞེས་པ་སོགས་ཀྱིས་ཁོང་གི་ཤུགས་དྲག་པོའི་ཤེས་རྟོགས་ཀྱི་དགོས་པ་དེ་གསལ་བོར་ཤེས་ཐུབ། ། 
          2.ས་པཎ་གྱི་ཀུན་སློང་། 
          སེམས་ཁམས་རིག་པའི་ཆ་ནས་བཤད་ན། ཀུན་སློང་ནི་མི་སྒེར་གྱིས་བྱ་སྤྱོད་སྤེལ་བ་དང་། བྱ་སྤྱོད་དེ་ཡང་དམིགས་ཡུལ་གཅིག་ལ་ཕྱོགས་པར་ཡར་སྐུལ་དང་གཏན་སྲུང་བྱེད་པའི་སེམས་ཁམས་ཀྱི་ཞེན་ཕྱོགས་སམ་སྒུལ་ཤུགས་ལ་ངོས་འཛིན་གྱིན་ཡོད་པ་དང་། དེ་ནི་དགོས་པ་ག་གེ་མོ་ཞིག་སྐོང་བའི་འབྲེལ་ཡོད་ཀྱི་བྱ་བ་དག་གི་སྒུལ་ཤུགས་ཡིན་པར་འདོད།  དེ་ལྟར་དགོས་པ་སྣ་མང་རང་གིས་ཀུན་སློང་གི་སྣ་མང་གི་ཆ་བསྐྱེད་པ་ཡིན། དེ་ལྟ་ནའང་སྐྱེས་བུ་ཞིག་གི་ཀུན་སློང་གི་བཟང་ངན་གྱིས་སྐྱེས་བུ་དེའི་ལས་ཆོད་ཀྱི་བཟང་ངན་དང་ཐ་ན་མི་ཚེའི་རིན་ཐང་ཡང་ཐག་གཅོད་པ་རེད།  ཁོང་གིས་ལེགས་བཤད་ཀྱི་ཐབས་ལ་བརྟེན་ནས་མིའི་རང་བཞིན་གྱི་ དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་འདྲ་ཁྱད་མང་པོ་གོ་བསྡུར་ཏེ། རང་གི་ཆེས་མཐོ་བའི་དགོས་འདུན་ཏེ་བོད་འབངས་ཡོད་དོ་ཅོག་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཛུད་པར་འདོད་པ་དེ་ཡིན། རྒྱུ་མཚན་ནི་བསྟན་བཅོས་འདིའི་མཇུག་ན་ཤིན་ཏུ་གསལ་ཏེ། འཚོ་བྱེད་ཟས་སུ་སྒྲོ་བཏགས་ནས། ། སྨན་གྱིས་ནད་ཆེན་གསོ་བ་ལྟར། །  འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། ། བདག་གིས་དམ་པའི་ཆོས་འདི་བསྟན། ། ཞེས་པ་སོགས་ཀྱི་ནང་དུ། བསྟན་བཅོས་ཡོངས་ཀྱི་ཚིག་དང་ཡིག་འབྲུའི་བར་ནས་མི་རིགས་དང་སྤྱི་ཚོགས་ཀྱི་ཡར་སྐྱེད་དང་།  དེ་ལ་ཞབས་ཞུ་སྒྲུབ་པར་རང་ནུས་ཡོད་རྒུ་རྩལ་དུ་སྤྲུགས་པའི་ཀུན་སློང་རྣལ་མ་དེ་མཐོང་ཐུབ། 
          3.ས་པཎ་གྱི་དགའ་སྣང་། 
          སེམས་ཁམས་རིག་པ་ལྟར་ན། མིའི་དགའ་སྣང་ནི་དགོས་མཁོའི་རྨང་གཞི་དང་ལས་བྱ་དངོས་ལས་བྱུང་ཞིང་འཕེལ་བ་ཡིན་ལ། ཤེས་རྟོགས་དང་ཡིད་འགྱུར་དང་ཡང་འབྲེལ་བ་དམ་པོ་ཡོད། དགའ་སྣང་ནི་མཉམ་འཇོག་གསར་དུ་སློང་ཞིང་རྒྱུན་སྲུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། བློ་རིག་འཕེལ་རྒྱས་ལ་ཡར་སྐུལ་གྱི་ནུས་པ་འདོན་ཞིང་། བློ་རིག་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་པས་ན།  ཆོས་རྗེ་ས་པཎ་མཆོག་གི་དགའ་སྣང་ཡང་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་ལ་བརྟེན་ནས་བྱུང་ཞིང་གྲུབ་པ་ཡིན་ལ། ཁོང་ཉིད་ནི་ཡ་རབས་ཀྱི་སྤྱོད་པ་དང་།  མིག་རྒྱང་རིང་བ།  བག་ཡོད་པ།  བཟོད་པ་ཆེ་བ།  བརྩོན་འགྲུས་ཆེ་བ།  སྦྱིན་པའི་སྟོབས་ཆེ་བ།  བློ་བརྟན་པ།  ཁོང་གྲིམ་པ།  ངང་རྒྱུད་འཇམ་པ།  ཞི་ཞིང་དུལ་བ།  བློ་རྟོན་རུང་བ། སེམས་པ་བཟང་བ། བབ་ཆགས་པ། ཤེས་རིག་ལྡན་པ། འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་རྣམ་གསུམ་དང་། བློ་དང་སེམས་དཔའ་བ། ཐོས་པ་སྒྲུབ་པ། ལེགས་བཤད་ཀྱི་གཏམ། འཇིག་རྟེན་གྱི་སེམས་ཅན་སྤྱིའི་བདེ་སྡུག་མཐའ་དག་ལ་དོ་སྣང་བྱེད་པའི་མཁས་པ་དག་ལ་དགའ་ཞིང་མོས་པ་དང་། རྗེས་སུ་ཡི་རངས་ཀྱི་ལེགས་སོ་འབུལ་བཞིན་ཡོད་དེ། མཁས་པ་ཡོན་ཏན་མཛོད་འཛིན་པ། ། དེ་དག་ལེགས་བཤད་རིན་ཆེན་སྡུད། །  ཅེས་པས་ཁོང་ནི་ལེགས་པར་བཤད་པའི་གཏམ་ལ་དགའ་བ་བསྟན་པ་དང་། མཁས་པ་ཡོན་ཏན་དཔག་མེད་ཀྱང་། །  གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །  དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །  མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། ། ཞེས་པས་མཁས་པའི་ཡ་རབས་ཀྱི་སྤྱོད་པ་དང་ཤེས་བྱ་སྦྱངས་པར་ཆོག་ཤེས་མེད་པའི་དགའ་བ་དེ་མཚོན་ཡོད།  གཞན་ཡང་། མཁས་པ་མཁས་པའི་ནང་ན་མཛེས། ། ཞེས་པས་མཁས་པ་ལ་དགའ་བ་བསྟན་པ་དང་། མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད། ། ཅེས་པས་ཁོང་ཤེས་བྱ་སློབ་པར་བརྩོན་འགྲུས་ཆེ་བ་ལ་དགའ་བ་བསྟན། བརྩོན་འགྲུས་ནི་རིག་གནས་སློབ་མཁན་ཞིག་གི་ངོས་ནས་གླེང་ན་ཆེས་མེད་དུ་མི་རུང་བའི་ཆོས་ཤིག་ཡིན་ཏེ། ཡོན་ཏན་མ་ལུས་བརྩོན་པའི་རྗེས་སུ་འགྲོ། ། ཞེས་དང་། བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། ། རང་གི་ལག་ན་གནས་དང་མཚུངས། ། ཞེས་པ་འདི་ལས་ཆོས་རྗེ་ས་པཎ་ཁོང་བག་ཡོད་ཁེངས་སྐྱུང་གི་གཤིས་སྤྱོད་ལ་མཉེས་པའི་ཚུལ་བསྟན་འདུག ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། ། མཁས་པར་གྱུར་ན་དུལ་བར་གནས། ། ཞེས་པས་ཆོས་རྗེ་ས་པཎ་ཁོང་ནི་ཞི་ཞིང་དུལ་བའི་ངང་ཚུལ་ལ་དགའ་བ་བསྟན་པ་དང་། སྦྱིན་པས་བསྡུས་ན་དགྲ་ཡང་འདུ། ། སྦྱིན་མེད་གཉེན་ཡང་ རིང་དུ་སྤོང་། ། ཞེས་པ་དང་། ནམ་དགོས་ཚེ་ན་ལེན་པ་ཡི། ། ནོར་ནི་སྦྱིན་པར་ཐུབ་པས་གསུངས། ། ཞེས་པ་དང་།  སློང་ལ་བྱིན་ན་འབད་མེད་པར། ། ཆུང་ཡང་བརྒྱ་འགྱུར་ཐོབ་པ་ཡིན། ། ཞེས་པ་སོགས་ཀྱིས་ཆོས་རྗེ་ས་པཎ་མཆོག་སྦྱིན་པའི་ལག་ཟུང་རིང་བ་ལ་དགའ་བའི་ཚུལ་བསྟན་འདུག་པ་དང་། གང་ཞིག་ཉུང་ངུས་ཆོག་ཤེས་པ། ། དེ་ཡི་ལོངས་སྤྱོད་ཟད་མི་ཤེས། ། ཆོག་ཤེས་མེད་པར་འཚོལ་བ་ལ། ། སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ། ། ཅེས་པས་ཆོས་རྗེ་ས་པཎ་ཁོང་འདོད་ཆུང་ཆོག་ཤེས་ཀྱི་ངང་ཚུལ་ལ་དགའ་བའི་ཚུལ་བསྟན་ལ།  དེ་བཞིན་དུ་གོང་དུ་བརྗོད་ཟིན་པའི་ཆོས་རྗེ་ས་པཎ་ལ་དགའ་སྣང་སྣ་ཚོགས་པ་ཞིག་ཡོད་པ་དེ་ནི། དགོས་པ་སྣ་མང་དབང་དུ་དགའ་སྣང་སྣ་མང་སྐྱེད་པར་ཤེས་ཐུབ་བོ། ། 
          4.ས་པཎ་གྱི་ཕུགས་འདུན། 
          ཕུགས་འདུན་ནི་མི་ཡི་ཆབ་སྲིད་ཀུན་སྤྱོད་དང་འཚོ་བ་དང་ལས་སྒོ་བཅས་ལ་བརྟེན་ཅིང་འབྲེལ་སྟབས། མི་ལ་ཆབ་སྲིད་ཀྱི་ཕུགས་འདུན་དང་། ཀུན་སྤྱོད་ཀྱི་ཕུགས་འདུན། འཚོ་བའི་ཕུགས་འདུན། ལས་སྒོའི་ཕུགས་འདུན་སོགས་ཡོད་པ་རེད། དེ་ལྟར་ས་སྐྱ་ལེགས་བཤད་ལས་ཀྱང་ཆོས་རྗེ་ས་པཎ་ཁོང་གི་ཕུགས་འདུན་གསལ་བོར་བཤད་ཡོད་དེ། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། ། འཇིག་རྟེན་བྱ་བ་ཀུན་ནས་ལེགས་སྒྲུབ་པ། ། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། ། ཞེས་སེམས་ཅན་རྣམས་ལ་སྐྱེས་བུ་དམ་པའི་རང་གཤིས་འབྱུང་དུ་བཅུག་སྟེ། མཐའ་མར་སེམས་ཅན་ཐམས་ཅད་ཐར་བའི་ལམ་དུ་འགོད་པར་འདོད་པ་བསྟན་བཅོས་འདིའི་མཇུག་ཏུ། ཤེས་བྱ་ཀུན་ལ་རབ་སྦྱངས་པས། ། ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། ། དེས་ན་བདག་གི་བསྟན་བཅོས་འདི། ། རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བྱས། ། ཞེས་གསུངས་འདུག་པའི་ཕྱིར།  ཆོས་རྗེ་ས་པཎ་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་གི་ཕུགས་འདུན་ཏེ། དམིགས་པ་སེམས་ཅན་སྤྱིའི་བདེ་སྡུག་ལ་དམིགས་ནས་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ལེགས་པར་བཤད་པའི་ཚིག་གི་བརྗོད་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལེགས་པའི་ལམ་དུ་འཁྲིད་པའི་བློ་ཡོད་དེ། བློ་གྲོས་ལྡན་པས་ལེགས་བསྐྱངས་ན། ། སྐྱེ་བོ་དམན་པའང་མཆོག་ཏུ་འགྱུར། ། ཞེས་པ་དང་། དམན་པས་སྐྱེ་བོ་མཆོག་བསྟེན་ན། ། སྐྱེ་བོ་དམ་པའི་སྤྱོད་ཚུལ་འབྱུང་། ། ཞེས་པ་ལྟར། རང་གི་གདུལ་བྱར་གྱུར་པའི་འབངས་བྱིངས་ཀྱི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཚད་ལྡན་དུ་གཏོང་བར་འབད་པ་སྟེ་དམངས་ཡོངས་ཀྱི་སྤྱིའི་བྱང་ཚད་ཇེ་མཐོར་བཏང་ནས་རང་བདག་རང་སྐྱོང་དང་། རང་དབང་གི་སྤྱི་ཚོགས་འཚོ་བ་ཞིག་གསར་སྐྲུན་བྱེད་པར་འདོད་པ་རེད། དེ་བས་ན་གོང་ཞུས་ཀྱི་ས་སྐྱ་ལེགས་བཤད་ལས་བྱུང་བའི་ཆོས་རྗེ་ས་པཎ་གྱིས་འབངས་བྱིངས་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་འདོད་པ་ནི་ཁོང་གི་མཐར་ཐུག་གི་ཕུགས་འདུན་ཡིན་མོད། འོན་ཀྱང་ཁོང་ལ་མཚོན་ན་ལོ་རྒྱུས་ཀྱི་འགན་འཁྲི་ཧ་ཅང་ལྕི་བའི་མི་སྣ་གལ་ཆེན་ཞིག་ཡིན་ཙ་ན། ཁོང་གི་ཆེས་མཐོ་བའི་ཕུགས་འདུན་དེ་ཡང་ཆབ་སྲིད་ཀྱི་ཕུགས་འདུན་སྟེང་དུ་མི་འབབ་རང་འབབ་ཏུ་གྱུར་པ་ནི་བོད་སོག་གི་འབྲེལ་བས་ཐག་བཅད་པ་རེད། དེ་ཡང་། སྤྱི་ལོ1234ལོར་གོ་དན་གྱི་བློན་དོར་རྟ་ནག་པོ་བྱ་བས་སོག་དམག་སུམ་ཁྲི་ལྷག་ཁྲིད་དེ་བྱང་ལམ་བརྒྱུད་ནས་བོད་དབུས་འཕན་ཡུལ་ལ་བསླེབས།  དེ་གའི་ཡུལ་མི་རྣམས་འཇིགས་ཏེ་བྲོས་བྱོལ་བྱས་ཤིང་མ་ཤོར་ལག་ཟིན་བྱུང་བ་རྣམས་ལ་དམར་གསོད་དང་འཕྲོག་བཅོམ་མང་པོ་བྱས། རྭ་སྒྲེང་དང་རྒྱལ་ལྷ་ཁང་སོགས་མེར་བསྲེགས་ཏེ་བརླགས་ཤིང་སོ་སྟོན་ཞུ་བས་གཙོས་བླ་བཙུན་ལྔ་བརྒྱ་ལྷག་བཀྲོངས་པས། བོད་མིའི་གླིང་ལོག་བྱ་བའི་དགོན་སྡེའི་ནང་དུ་དམག་འཐབ་དྲག་པོ་བྱུང་བས་ན་བོད་འབངས་ཡོངས་ཧ་ཅང་ཉམ་ང་བའི་གནས་སུ་གྱུར་པ་དང་། མ་འགྱངས་པར་ཧོར་བློན་དོར་རྟ་ནག་པོའི་བརྟག་དཔྱད་དབང་གིས་ཧོར་རྒྱལ་གྱི་སྤྱན་འདྲེན་བརྡ་ཡིག་འབྱོར་བ་ལ་ཆོས་རྗེ་ས་པཎ་གྱི་ཐུགས་དགོངས་ལ་རྗེས་ཕྱོགས་སུ་བོད་ལ་ཧོར་གྱི་གནོད་པ་མེད་པ་དང་། བོད་ནང་ཁུལ་གྱི་མཆོད་ གཞིས་འཁྲུག་རྩོད་པ་དག་གི་གཉའ་གནོན་པ། ཁེང་ལོག་ཕྱིས་སུ་དཔོན་པོ་དང་བཙན་པོའི་གདུང་རྒྱུད་ཀྱིས་ས་ཁུལ་བཅད་བཟུང་བྱས་པ་གཅིག་ཏུ་འདུ་བ། བོད་འབངས་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཧོར་ཡུལ་ལ་ཆིབས་ཁ་བསྒྱུར་བར་བསམས།  ཆོས་རྗེའི་ཞལ་ནས། ཧོར་འདི་ངེད་ལ་ཅི་ནས་ཀྱང་མཆོད་གནས་ལ་མི་འོང་ན་དམག་འོང་ཟེར་ནས་དམག་བྱུང་ན། བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་དང་།  སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་མི་ཕོད་རྒྱུ་མི་བདོག་ཅིང་རང་སྲོག་བློས་གཏོང་དགོས་རུང་འབངས་བྱིངས་ཀྱི་བདེ་སྡུག་གི་ཆེད་དུ་ཧོར་ཡུལ་ལ་ཕེབས་པ་དེས་རང་གི་ཆེས་མཐོ་བའི་ཕུགས་འདུན་ཏེ་ཆབ་སྲིད་ཀྱི་ཕུགས་འདུན་དེ་མངོན་འགྱུར་བྱེད་པར་འབད་པ་རེད། རང་གི་ཆབ་སྲིད་ཀྱི་ཕུགས་འདུན་དེ་མངོན་འགྱུར་བྱུང་བས་ཁོང་གི་མི་ཚེའི་རིན་ཐང་དང་ལོ་རྒྱུས་ཀྱི་གོ་གནས་བླ་ལྷག་ཏུ་འཕར་སོང་། སྤྱིར་ན་ཧོར་ཡུལ་གྱི་རྗེ་བློན་རྣམས་ནི་གཟུ་ལུམ་གཏུམ་སྤྱོད་ཅན་ཤ་སྟག་ཡིན་ན་ཡང་། དམ་པས་སྐྱེ་བོ་མཆོག་བསྟེན་ན། ། སྐྱེ་བོ་དམ་པའི་སྤྱོད་ཚུལ་འབྱུང་། །  ཞེས་པ་བཞིན་ཆོས་རྗེ་ས་པཎ་དང་འཕྲད་པས་ཧོར་རྒྱལ་གདུག་པ་ཅན་དེ་ཡང་ཞི་བར་གྱུར་ཏེ། ཁྲིམས་ལུགས་བཟང་པོས་འཁོར་ཐམས་ཅད་ལེགས་པར་སྐྱོང་ཞིང་།  ཁྱད་པར་དུ་ཡང་ངེད་ལ་གཞན་ལས་ལྷག་པའི་ཐུགས་ལ་འདོགས་པར་བྱུང་། དེ་ལྟར་ཁོང་གི་ཆབ་སྲིད་ཀྱི་ཕུགས་འདུན་གྲུབ་པར་བརྟེན་ནས་རང་གཞན་གྱི་ལོ་རྒྱུས་སྨྲ་བ་དག་གིས་གདེང་འཇོག་ཀྱང་ཚད་མཐོན་པོ་བྱུང་བ་ཡིན་ཏེ། དེང་རབས་རང་རྒྱལ་གྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་སྐུ་ཞབས་ཝང་ཧྥུའུ་རིན་གྱིས། ཁོང་གི་མི་ཚེ་དེ་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་སྟེང་ཕུལ། ཞེས་གསུངས་བཞིན་ལགས། ། 
          5.ས་པཎ་གྱི་དད་མོས། 
          དད་མོས་ཞེས་པ་ནི་དད་པ་དང་མོས་པ་གཉིས་ཀྱི་བསྡུས་ཚིག་ཡིན་ལ།  སེམས་ཁམས་རིག་པ་ལྟར་བཤད་ན།  དད་མོས་ནི་མི་རྣམས་ཀྱིས་ལྟ་བ་ག་གེ་མོ་ཞིག་གི་ཡང་དག་གི་ཆ་ལ་ཡིད་བརྟན་ཕེར་ཞིང་། བློ་བརྟན་འགྱུར་མེད་ཀྱིས་རང་གི་ལྟ་བ་དང་རྩ་དོན་དང་འཇིག་རྟེན་ལྟ་ཚུལ་ལྟར་ལས་ལ་འཇུག་པའི་སེམས་ཁམས་ཀྱི་ཞེན་ཕྱོགས་ཤིག་ཡིན་པར་འདོད་དེ། དེ་ལ་གཏན་ཆགས་དང་བསྒྱུར་དཀའ་བའི་ཁྱད་ཆོས་ལྡན་པར་མ་ཟད། རང་འཁྲིའི་ལས་ལ་ཧུར་བརྩོན་བྱེད་པའི་དགེ་མཚན་གྱི་ཆའང་ལྡན་པ་རེད།  《ས་སྐྱ་ལེགས་བཤད》ལས་མངོན་པའི་ཆོས་རྗེ་ས་པཎ་གྱི་དད་མོས་ནི་བསོད་ནམས་ཀྱི་འདུ་ཤེས་རེད། ཆོས་རྗེ་ས་པཎ་ཁོང་ནི་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས། དེ་ལྟ་བུའི་དད་མོས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡོད་པ་ནི་སེམས་ཁམས་གྲུབ་སྟངས་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་ཀྱང་རེད། ནང་དོན་རིག་པའི་ས་ལམ་རྣམ་གཞག་ལས་མཐོང་ལམ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡོད་པ་དང་། དེ་ཡང་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་གང་ཡིན་ཡང་མཉམ་གཞག་གིས་ཁྱབ་ཅིང་། མཉམ་གཞག་གི་སྐབས་སུ་ཡེ་ཤེས་ཀྱི་ཚོགས་གསོག་པ་དང་རྗེས་ཐོབ་ཀྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་གསོག་པ་ཡིན་ལ། ས་དང་པོ་རབ་ཏུ་དགའ་བ་མངོན་དུ་བྱས་པ་ཡིན།  ཡང་སངས་རྒྱས་ཀྱི་སྐུའི་དབང་དུ་བཏང་ན། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །  བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །  བསོད་ནམས་ཡེ་ཤེས་ལས་བྱུང་བ། །  དམ་པ་སྐུ་གཉིས་ཐོབ་པར་ཤོག།  ཅེས་གསུངས་པ་བཞིན། དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས་པས་གཟུགས་སྐུ་དམ་པ་དང་། དམིགས་ མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཆོས་སྐུ་དམ་པ་ཐོབ་པ་ཡིན་ནོ། ། དེ་ལྟར་རྒྱུད་ལས་ཀྱང་། ཚོགས་མ་བསགས་ལ་དངོས་གྲུབ་མེད། ། བྱེ་མ་བཙིར་བས་མར་མི་འབྱུང་། ། ཞེས་པ་བཞིན། ཚོགས་གསོག་པ་ནི་དམ་པའི་སྐུ་གཉིས་རེག་པ་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། བསོད་ནམས་ཀྱི་ཚོགས་གསོག་པ་ནན་ཏུར་བསྟན་འདུག་སྟེ། བྱ་བ་འབད་ནས་ཀུན་བསྒྲུབས་ཀྱང་། ། འགྲུབ་པ་བསོད་ནམས་ཤུགས་ལ་རག།  ཅེས་བསོད་ནམས་ལ་ཡིད་ཆེས་བརྟན་པོས་གདེང་འཇོག་གནང་བ་རེད།  དེ་ལྟར། རང་གིས་ཚོགས་མ་བསགས་པར་འབད་རྩོལ་ཅི་ཙམ་ཆེ་ཡང་ཕན་པ་མེད་དེ། དཔེར་ན་འཕྲལ་གྱི་ལོངས་སྤྱོད་ཟས་ནོར་ཙམ་ལའང་སྔོན་གྱི་བསགས་རྒྱབ་ཀྱིས་འབྱོར།  ཁ་ཅིག་ནི་འབད་རྩོལ་ཅུང་ཙམ་ལས་བྱས་ཀྱང་རང་བཞིན་གྱིས་ལོངས་སྤྱོད་ཀྱིས་མི་གཏོང་བ་དང་།  ཡང་ཁ་ཅིག་ནི་ཚོང་དང་སོ་ནམ་ལ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་གསོག་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པར་མཐར་མུ་གེས་འཆི་བ་ལ་སོགས་པ་མཐོང་ཆོས་སུ་གྱུར་པས་ཀྱང་ཤེས་ཐུབ། ད་དུང་དེ་ལ་རྟིང་གནོན་གྱི་ཚུལ་དུ《ས་སྐྱ་ལེགས་བཤད》དུ། མི་གང་བསོད་ནམས་ལ་སྤྱོད་པ། །  ……རིགས་འཛད་པ་ན་བུ་ངན་སྐྱེ། ། ནོར་འཛད་པ་ན་བརྐམ་ཆགས་སྐྱེ། ། ཚེ་འཛད་པ་ན་འཆི་ལྟས་འབྱུང་། ། ཞེས་བསོད་ནམས་འཛད་པའི་ཉེན་ཁའི་རང་བཞིན་བརྗོད་དེ་བསོད་ནམས་གསོག་པར་སྐུལ་མ་མཛད་ཡོད་དེ།  འབྱོར་དང་ཤེས་རབ་སྟོབས་ལ་སོགས། ། 
          བསོད་ནམས་ལྡན་ལ་གྲོགས་སུ་འགྱུར། །  བསོད་ནམས་མེད་ན་དེ་དག་ཀུན། ། བདག་ཉིད་བརླག་པའི་རྒྱུ་རུ་འགྱུར། ། ཞེས་དང་། མཁས་པས་བྱ་བ་ཅི་བྱེད་ཀྱང་། ། རང་གི་བསོད་ནམས་བརྟགས་ཏེ་བྱ། ། རྩོད་དུས་བསོད་ནམས་ཕུན་ཚོགས་པ། །  སྐྱེ་བོ་བརྒྱ་ཡི་ནང་ན་དཀོན། ། ཞེས་དང་།  དེས་ན་མཁས་པས་བསོད་ནམས་གསག། བསོད་ནམས་ཁོ་ན་བདེ་བའི་རྒྱུ། ། སུ་ཞིག་གང་ན་ཕུན་ཚོགས་པ། ། དེ་ནི་བསོད་ནམས་བསགས་པའི་རྟགས། ། ཞེས་གསུངས་པ་དང་།  སྡུག་བསྔལ་རྒྱ་མཚོའི་སྣོད་གྱུར་པ། ། ལུས་འདི་དགྲ་དང་འདྲ་མོད་ཀྱི། ། བློ་དང་ལྡན་པས་འཁོལ་ཤེས་ན། ། འདི་ལ་བསོད་ནམས་རྟེན་དུ་འགྱུར། ། ཞེས་སོགས་གསུངས་པ་ལས་དད་མོས་ཀྱི་ཁྱད་གཤིས་ལྟར་ཆོས་རྗེ་ས་པཎ་མཆོག་ཁོང་གི་དད་མོས་ནི་བསོད་ནམས་ཡིན་པ་ཤེས་ཐུབ་བོ། ། 
          6 .ས་པཎ་གྱི་འཇིག་རྟེན་ལྟ་ཚུལ། 
          སེམས་ཁམས་རིག་པ་ལྟར་ན། འཇིག་རྟེན་ལྟ་ཚུལ་ནི་མི་རྣམས་ཀྱིས་རང་བྱུང་དང་སྤྱི་ཚོགས། ཐ་ན་འགྲོ་བ་མིའི་བསམ་བློ་བཅས་ལ་འཆང་བའི་ལྟ་བའི་མ་ལག་ཅིག་ཡིན་སྟབས། ལྟ་བའི་མ་ལག་གིས་སྤྱོད་ལམ་ལ་ཁ་ལོ་བསྒྱུར་བའི་སེམས་ཁམས་ཀྱི་ཞེན་ཕྱོགས་ཤིག་ཡིན་པར་འདོད་ལ།  དེ་ནི་མི་ཞིག་གི་ཡིད་འགྱུར་དང་འདོད་བློ་དང་སྣང་ཁམས་སོགས་སེམས་ཁམས་ཀྱི་འགུལ་སྐྱོད་སྣ་ཚོགས་དང་འབྲེལ་ཞིང་། མི་ཡི་སྤྱོད་ལམ་གྱི་རིམ་པ་མཐོ་ཤོས་དང་རང་གཤིས་ཀྱི་ཞེན་ཕྱོགས་གཅིག་བསྡུས་ཀྱིས་མཚོན་སྟངས་ཤིག་ཀྱང་ཡིན་པས།  མིའི་བསམ་བློ་ཡོངས་ལ་ཤན་ཤུགས་ཐེབས་པར་འདོད་པ་རེད།  འཇིག་རྟེན་ལྟ་ཚུལ་གྱི་ནང་དུ་རིན་ཐང་གི་ལྟ་བ་དང་མི་ཚེའི་ལྟ་བ།  བདེ་སྡུག་གི་ལྟ་བ།  དགའ་སྐྱོའི་ལྟ་བ་སོགས་འདུ་བས་ན། དེ་ནི་སྤྱི་འདུས་ཀྱི་ལྟ་བ་ཞིག་ཡིན་འདུག ཆོས་རྗེ་ས་པཎ་མཆོག་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་པས་ན།  ཁོང་གི་འཇིག་རྟེན་ལྟ་ཚུལ་ལ་ཆོས་ལུགས་ཀྱི་སེམས་གཙོ་སྨྲ་བའི་ཆ་ལྡན་མོད། སེམས་གཙོ་རིང་ལུགས་རྐྱང་བའང་མ་ཡིན་པར་རིགས་པའི་རྩོད་སྒྲུབ་ཀྱི་ཆ་ངེས་ཅན་ཞིག་ལྡན་པས། སེམས་གཙོ་རིང་ལུགས་ཀྱི་རྩོད་སྒྲུབ་སྨྲ་བའི་ལྟ་ཚུལ་ལ་གཏོགས་པར་འདོད། ཡིན་ན་ཡང་། དེ་ནི་ཁོང་གི་བསམ་བློ་ཆགས་གྲུབ་ཀྱི་ཆོས་ཉིད་ཀྱིས་ཐག་བཅད་པ་ཙམ་ལས།  《ས་སྐྱ་ལེགས་བཤད》ལས་མངོན་པ་ནི་འཇིག་རྟེན་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་། མིའི་རིགས་ཀྱི་བདེ་སྐྱིད་མཁས་པ་ཤེས་ལྡན་དང་། བསམ་བློ་བ།  མཐོང་རྒྱ་ཅན་བཅས་ཀྱི་ཤེས་ཡོན་དང་ནུས་པ་ལ་རག་ལས་པར་བཞེད།  ཆོས་རྗེ་ས་པཎ་གྱི་ལེགས་བཤད་ནང་དུ་ནམ་ཡང་ཤེས་ཡོན་ཅན་ལ་མཐོང་ཆེན་གནང་བའི་འཇིག་རྟེན་ལྟ་ཚུལ་དེ་གསལ་ལེར་མངོན་འོངས་ལ།  དེ་ལྟར་ཡང་ཡིན་ངེས་ཏེ།  ཤེས་ཡོན་ཅན་ཟེར་བ་ནི་རང་རྐྱ་ཕེར་བའི་ཐོབ་ཐང་གིས་ཤེས་བྱ་དང་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས།  སྤྱི་ཚོགས་ཡོངས་ལ་དོ་ཁུར་ཡོད་པ་དང་།  སྤྱི་ལ་འགན་ཁུར་བ།  རྒྱུ་འབྲས་བློ་མིག་ཆེ་བ།  དགག་སྒྲུབ་འདུ་ཤེས་ལྡན་པ།  མི་གཤིས་རང་རྐྱ་ཕེར་བ་བཅས་ཀྱི་རིག་གནས་པའི་ཚོགས་པ་ཞིག་ལ་རྗོད་ཀྱིན་ཡོད་པས།  ཆོས་རྗེ་ས་པཎ་གྱི་འཇིག་རྟེན་ལྟ་ཚུལ་དེ་ནི་ཚན་རིག་དང་མཐུན་པའི་ཡང་དག་པའི་ལྟ་བ་ཞིག་སྟེ།  རྒྱུ་མཚན་ནི།  ཤེས་ཡོན་ཅན་ནི་དུས་རབས་ཀྱི་ཤེས་རབ་དང་མི་རིགས་ཀྱི་རྣམ་ཤེས་ཡིན་པར་མ་ཟད། འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱང་ཡིན་པས་སོ།  །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716