སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཡོན་རྒྱལ་རབས་ཀྱི་གཅིག་གྱུར་ཆེན་མོ་དང་སྐབས་དེའི་བོད་ཀྱི་ས་སྐྱའི་གྲུབ་མཐའ་གཉིས་བར་གྱི་འབྲེལ་བར་དཔྱད་པ།
སྤེལ་དུས། 2017-12-01   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  བཀྲ་ཤིས་རྒྱལ། ༼རྨ་ལྷོ༽
          [ནང་དོན་གནད་བསྡུས། ] ཡོན་རྒྱལ་རབས་ཀྱི་གཅིག་གྱུར་ཆེན་མོ་དེ་ལ་ཕྱི་ནང་གི་རྐྱེན་གཉིས་ཚང་དགོས་པ་ལས།  ནང་གི་རྐྱེན་ཏེ། སྲིད་གཞུང་རང་ཉིད་ཀྱིས་ལག་བསྟར་བྱས་པའི་ལམ་ལུགས་ཕུད།  ད་དུང་ཉེ་འབྲེལ་གྱི་མི་རིགས་ཏེ།  བོད་མི་རིགས་ཀྱི་སེམས་ཁམས་རིག་གནས་སམ་སྐབས་དེའི་ས་སྐྱའི་གྲུབ་མཐས་ནུས་པ་གལ་ཆེན་ཐོན་ཡོད། 
          [གནད་འགག་མིང་བརྡ། ] ཡོན་རྒྱལ་རབས།  གཅིག་གྱུར་ཆེན་མོ།  ས་སྐྱའི་གྲུབ་མཐའ། 
གླེང་སློང་བ། 
          རྒྱལ་ཁབ་གང་དང་མི་རིགས་གང་ཞིག་གི་ཆགས་འཇིག་གམ་དར་རྒུད་དེ།  རང་ལ་ཡོད་པའི་ཆ་རྐྱེན་ནམ་རང་གིས་བསྒྲུབས་པའི་ལས་འབྲས་ཕུད།  ད་དུང་དེའི་ཉེ་འབྲེལ་དུ་གནས་པའི་རྒྱལ་ཁབ་དང་མི་རིགས་གཞན་གྱི་ཤུགས་རྐྱེན་ལ་འབྲེལ་བ་ཡོད་པ་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད། 
སེ་ཆེན་རྒྱལ་བོས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དང་།  རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་བསྐྱེད་པའམ་སྔར་བས་གཅིག་གྱུར་ཡོང་ཆེད།  ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་རེད།  སེ་ཆེན་རྒྱལ་བོ་རྒྱལ་ཁབ་ཀྱི་ཆེས་མཐོའི་སྲིད་སྟེགས་སྟེང་བུད་རྗེས།  སྲིད་ལུགས་ཀྱི་སྒྲིག་གཞིའི་བཅོས་བསྒྱུར་ཡོད་དོ་ཅོག་རྒྱ་རིགས་ལ་ལད་ཟློས་བྱས་པ་ཅུང་ཟད་མངོན་གསལ་རེད།  ཆབ་སྲིད་ཀྱི་ཕྱོགས་ནས།  སེ་ཆེན་རྒྱལ་བོས་ཚད་མཐོན་པོས་ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་བྱེད་ཆེད།  སྔོན་ཆད་ཀྱི་ས་བགོས་དབང་སྤྲོད་ལམ་ལུགས་བསྒྱུར་ནས། སྐུ་དྲག་ངོ་ཆེན་དག་གི་སྟོབས་ཤུགས་ཉམས་དམས་སུ་བཏང་སྟེ་སྤྱིར་བཏང་གི་ས་བདག་གྲལ་རིམ་དུ་གྱུར་ཞིང་ །  ཀྲུང་དབྱང་གི་དབང་ཆ་ཚད་མཐོན་པོས་གཅིག་སྡུད་ཀྱི་རྣམ་པ་བྱུང་།  དཔལ་འབྱོར་གྱི་ཐད་དུ།  སེ་ཆེན་རྒྱལ་བོས་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་ལ་སྲུང་སྐྱོབ་བྱས་ཤིང་།  ཞིང་ལས་འཕེལ་རྒྱས་ཀྱི་བྱ་བ་གནད་འགག་ཏུ་བཟུང་ནས།  དམངས་རྣམས་སོ་ནམ་གྱི་ལས་ལ་སྐུལ། 
གྲངས་ཉུང་མི་རིགས་ས་ཁུལ་དུ།  ཡོན་སྲིད་གཞུང་གིས་བབ་བསྟུན་གྱིས་དབང་བསྒྱུར་བྱེད་ཐབས་སྣ་མང་སྤྱད་པ་རེད།  བོད་ལ་སྲིད་སྒྲོག་གླིང་བཙུགས་ཤིང་དེ་ནས་བཟུང་བོད་འདི་དངོས་སུ་རང་རྒྱལ་གྱི་མངའ་ཁོངས་ནང་ཚུད་པ་རེད། 
ཡོན་རྒྱལ་རབས་ཀྱི་ཚད་མཐོའི་གཅིག་གྱུར་ལ་གོང་གསལ་གྱི་རང་སྟེང་གི་ཆ་རྐྱེན་དག་འཛོམས་པ་ཕུད།  ད་དུང་བོད་ཀྱི་སྐབས་དེའི་ཆོས་ལུགས་གྲུབ་མཐའ་ཡིས་ཀྱང་བྱེད་ནུས་གལ་ཆེན་ཐོན་ཡོད་པ་རེད། 
          དང་པོ།  ཡོན་རྒྱལ་རབས་དང་དེའི་གཅིག་གྱུར་ཆེན་མོ། 
          བོད་ཀྱི་ལོ་རྒྱུས་ལས་ཧོར་ཞེས་གྲགས་པ་འདི་ལ་དུས་སྐབས་སོ་སོར་གོ་བ་ཐ་དད་དུ་ལེན་རྒྱུ་ཡོད་ཀྱང་།  ཡོངས་གྲགས་སུ་ས་སྐྱ་པཎ་ཆེན་ཐོག་མར་གདན་འདྲེན་མཁན་གྱི་ཧོར་རྒྱལ་བོ་ཞེས་པ་དེ་ནི་རྒྱའི་སྐད་དུ་ཡོན་རྒྱལ་རབས་སུ་འབོད་པ་དེ་དེང་གི་སོག་པོ་མི་རིགས་ཀྱི་མེས་པོ་ལ་ཟེར་ཞིང་།  ཧོར་ཞེས་ཐོགས་དོན་ཡང་སྔོན་བོད་བཙན་པོའི་དུས་སྐབས་སུ་བྱང་ཕྱོགས་མི་རིགས་ཀུན་གྱི་སྤྱི་མིང་ལ་ཧོར་ཏེ་རྒྱའི་སྐད་དུ་ཧུའུ་བྱ་བར་གྲགས་ཤིང་།  སོག་པོ་མི་རིགས་འདི་ཡང་རང་རྒྱལ་བྱང་ཕྱོགས་སུ་ཡོད་པས་མིང་དེ་ལྟར་ཆགས་ལ།  མོང་གོལ་བྱ་བ་ནི་མི་རིགས་རང་ཉིད་ཀྱིས་འཛིན་པའི་མིང་ལས་སྒྲ་བསྒྱུར་གྱིས་བྱུང་བ་དང་།  སོག་པོ་ནི་དེང་དུས་ཀྱི་མཁས་པ་འགའ་རེས་སྔར་མི་རིགས་འདིའི་མེས་པོ་དུམ་བུ་ཞིག་ལ་རྒྱའི་སྐད་དུ་ཙོའུ་ཕུ་(阻卜)ཟེར་བའི་མིང་དེ་ལས་ཟུར་ཆགས་ཀྱིས་བྱུང་བར་བཞེད་པ་བདེན་ཤས་ཆེ་སྙམ། 
          ཡང་བོད་ཀྱི་ངག་རྒྱུན་ནམ་སྲིད་པ་ཆགས་གླུ་ལས།  “སྲིད་པའི་བུ་ཆུང་བཤའ་དུས་ལ།  །  སོག་པ་བླངས་ནས་སོག་པོར་བཞག།  ས་སོག་པོ་ཟེར་དོན་དེ་ཡིན་ནོ། ། ”ཞེས་སོགས་བཤད་སྲོལ་འདུག་ཀྱང་བརྟག་པའི་གནས་ཙམ་མོ། ། 
སོག་པོ་མི་རིགས་འདིའི་རིགས་རྒྱུད་ཀྱི་ཐོག་མ་ནི་སྤྱི་ལོ་སྔོན་གྱི་དུས་རབས་ཉི་ཤུ་ཡས་མས་ནས་བྱུང་ཚུལ་གྱི་ངག་རྒྱུན་ཡོད་ཅིང་།  དེང་སང་སོག་རིགས་གཏན་སྡོད་ཀྱི་ཡུལ་གྲུ་རྒྱ་ཆེ་བ་འདིར་སྤྱི་ལོ་དུས་རབས་ལྔ་བའི་ཡན་ལ་སོག་པོ་གཙོས་པའི་མི་རིགས་མང་པོ་བསྡད་ཡོད་པ་དང་།  དེ་དུས་རྒྱའི་སྐད་དུ་ཞུང་ནུའུ་དང་ཧོར་བྱ་བའི་མིང་བྱུང་ཡོད་པར་འདུག 
          རྒྱའི་ཧན་རྒྱལ་རབས་སྐབས་སུ་ཞུང་ནུའུ་མི་རིགས་དེ་ཤིན་ཏུ་དར་ཞིང་སྟོབས་ཤུགས་ཆེ་བས་རྒྱ་དང་འཐབ་འབྲེལ་བྱས་པའི་ལོ་རྒྱུས་ད་བར་ཡང་བརྗོད་རྒྱུ་ཡོད་པ་ལྟར་དང་། 
          རྗེས་སུ་རྒྱའི་སའེ་དང་ཐང་རྒྱལ་རབས་ནས་བཟུང་གྲུ་གུ་དང་ཡུ་གུར་ཧོར།  ཆིས་ཏན་སོགས་ཀྱིས་རང་རང་ས་ནས་དབང་བསྒྱུར་སྲིད་དབང་བཙུགས་ཤིང་དེ་ལས་ཧོར་དང་གྲུ་གུ་གཉིས་རྒྱ་བོད་དང་འབྲེལ་བ་ཟབ་ཅིང་སོག་པོ་ཡང་ཕལ་ཆེར་དེ་དག་གི་ཁོངས་སུ་འདུས། 
          སྤྱི་ལོ་དུས་རབས་བཅུ་གསུམ་ཙམ་ན་བོད་ཀྱིས་ཧོར་ཇིང་གིར་རྒྱལ་བོ་ཟེར་བ་རྒྱའི་སྐད་དུ་ཁྲིན་ཅི་སི་ཧན་ནམ་མིང་དངོས་ཐེ་མུ་ཀྲིན་བྱ་བའི་སྐྱེས་བུ་དཔའ་སྙིང་དང་དྲག་རྩལ་ལྡན་པ་དེ་བྱོན་ནས་ཡུལ་གྲུ་རྒྱ་ཆེན་པོ་གཅིག་གྱུར་བྱས་པར་བརྟེན།  ད་གཟོད་སོག་པོ་མི་རིགས་འདི་འཛམ་གླིང་ན་སྐད་གྲགས་ཆེ་བར་གྱུར། 
          བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུའང་སོག་རིགས་དང་དེའི་རྒྱལ་རབས་སྐོར་གྱི་བྱུང་བ་མང་པོ་བཀོད་ཡོད་པ་དེས་བོད་སོག་མི་རིགས་གཉིས་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ནང་འབྲེལ་བ་དམ་ཟབ་ཡིན་པ་མཚོན།  བོད་ཀྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།  དང་དེབ་དམར།  དེབ་སྔོན།  བཅས་སུ་སོག་པོའི་རྒྱལ་རྒྱུད་དང་དེ་དག་གིས་སྲིད་བསྐྱངས་ཚུལ་གྱི་ལོ་རྒྱུས་ཞིབ་མོར་བཀོད་ཡོད་པ་ལས་རྒྱལ་བོའི་མིང་དང་ལོ་གྲངས་སོགས་འགའ་རེ་དེང་སང་རྒྱ་སོག་ཡི་གེའི་ལོ་རྒྱུས་རྣམས་དང་མི་མཐུན་པ་རེ་ཟུང་འབྱུང་ནའང་སྤྱི་ཁོག་ཕལ་ཆེར་གཅིག་རེད། 
          སྤྱི་ལོ་༡༢༠༦ལོར་སོག་ཡུལ་གྱི་མི་དཔོན་རྣམས་ཨ་ནན་གཙང་བོ་ཞེས་པའི་འགྲམ་དུ་ཚོགས་འདུ་འཚོགས་ནས་ཇིང་གིར་རྒྱལ་བོ་སོག་ཡུལ་ཡོངས་ཀྱི་རྒྱལ་བོ་ཆེན་པོར་བསྐོས་ནས་མོང་གོལ་ཧན་ཞེས་པའི་ཧོར་ཆེན་པོའི་རྒྱལ་ཁབ་བཙུགས།  ཇིང་གིར་ཧན་གྱིས་སོག་ཡུལ་གཅིག་གྱུར་བྱས་རྗེས་ཕྱི་ཕྱོགས་ལ་དམག་ཤུགས་འདྲེན་པའི་མགོ་བརྩམས་ཏེ་སྤྱི་ལོ་༡༢༢༧ལོ་ནས་མི་ཉག་ཡུལ་དུ་དམག་དཔུང་ལན་གསུམ་ཙམ་དྲངས་མཐར་མི་ཉག་རྒྱལ་རབས་བཅོམ་ཞིང་།  སྤྱི་ལོ་༡༢༣༤ལོར་མན་ཇུ་རིགས་ཀྱི་མེས་པོ་ཅིན་རྒྱལ་རབས་ཕམ་པར་རྒྱབ།  དེ་ནས་རིམ་གྱིས་སུང་བྱང་མ་དང་བཅས་པའི་རྒྱལ་ཕྲན་དུ་མ་མངའ་ཞབས་སུ་བསྡད་ནས་སྲིད་དབང་རྒྱ་བསྐྱེད།  དེར་མ་ཟད་སོག་དམག་གིས་མཐའ་བཞིའི་རྒྱལ་ཁབ་ཁག་ལ་དཔུང་འཇུག་བྱས་ཏེ།  ཡ་གླིང་དཀྱིལ་མ་དང་ཡོ་རོབ་གླིང་གི་ཤར་ངོས་སོགས་འཛམ་གླིང་གི་ཡུལ་གྲུ་རྒྱ་ཆེན་པོ་བཙན་བཟུང་བྱས་ཏེ་སྲས་རྣམས་ཡུལ་ཁམས་རེ་རེར་བགོས་ཏེ།  སོ་སོར་དབང་བསྒྱུར་བྱེད་དུ་བཅུག
          སྲས་ཆུང་བ་གོ་དན་ནི་བྱང་ཕྱོགས་ཡུལ་གྱི་རྒྱལ་བོ་བྱས་ཏེ།  ལང་གྲུ་མཁར་ཏེ་དེང་གི་ཀན་སུའུ་ཞིང་ཆེན་བུའུ་བེ་ས་ཆར་བསྡད་ཡོད་སྟབས་བོད་དང་དངོས་སུ་འབྲེལ་གཏུག་བྱེད་མཁན་དང་ས་སྐྱ་པཎ་ཆེན་གདན་འདྲེན་མཁན་གྱི་སོག་རྒྱལ་ཨང་དང་བོར་གྱུར། 
          སྤྱི་ལོ་༡༢༦༠ལོར།  བོད་ཀྱིས་སེ་ཆེན་རྒྱལ་བོར་འབྲེལ་བ་ཆེས་ཆེར་བྱས། 
          སེ་ཆེན་རྒྱལ་བོའི་སྐབས་ཀྱི་ཡོན་རྒྱལ་རབས་ནི་རྒྱལ་ཤུགས་དར་ཞིང་མངའ་ཁོངས་ཆེ་བ།  དམངས་སྲིད་ཅུང་བདེ་འཇགས་ཡིན་ཞིང་ཀྲུང་དབྱང་གི་དབང་ཆ་ཚད་མཐོན་པོས་གཅིག་གྱུར་ཡིན་པའི་རང་རྒྱལ་རྒྱལ་ཡོངས་རང་བཞིན་གྱི་སྲིད་དབང་སྟོབས་པོ་ཆེ་དེ་ཡིན་འདུག
          གཉིས་པ།  བོད་དང་བོད་ཀྱི་ས་སྐྱའི་གྲུབ་མཐའ། 
          བོད་རིགས་ནི་རང་རྒྱལ་གྲངས་ཉུང་མི་རིགས་ནང་ནས་ལོ་རྒྱུས་རིང་ཞིང་མི་གྲངས་ཀྱང་ཅུང་ཟད་མང་བའི་མི་རིགས་ཤིག་ཡིན།  དུས་རབས་བདུན་པའི་སྟོད་ཀྱི་ཆར། ཐུ་བྷོད་རྒྱལ་རབས་ཞེས་པའི་གཅིག་གྱུར་གྱི་སྲིད་དབང་ཞིག་འཛུགས་ཐུབ་བྱུང་ལ།  མི་རིགས་རང་གི་ཡི་གེའང་རིམ་བཞིན་གསར་དུ་སྤེལ།  དུས་རབས་དགུ་བར་གཅིག་གྱུར་གྱི་རྒྱལ་རབས་འདི་ཉིད།  ཁ་ཐོར་དགུ་ཐོར་དུ་གྱུར་ཞིང་རྒྱལ་རྒྱུད་རྒྱལ་ཕྲན་དག་གིས་སོ་སོར་ས་ཁུལ་བཅད་བཟུང་གི་རྣམ་པས་དབང་བསྒྱུར་བ་རེད།  རྗེས་སུ་གྲུབ་མཐའ་སྣ་མང་གིས་དབང་བསྒྱུར་གྱི་རྣམ་པ་བྱུང་ཞིང་།  གཅིག་གྱུར་གྱི་གྲུབ་མཐའི་དབང་བསྒྱུར་ནི་ས་སྐྱ་བ་ནས་མགོ་བརྩམས་པ་ཡིན། 
          ས་སྐྱ་བས་དབང་སྒྱུར་བྱེད་པའི་སྐབས་དེར་བོད་ལ་གྲུབ་མཐའ་མང་བོ་ཞིག་ཡོད་དེ། རྙིང་མ་བ་དང་བཀའ་བརྒྱུད་པ། བཀའ་གདམས་པ། དགེ་ལུགས་པ་དང་ཇོ་ནང་བ་སོགས་མཆིས། གྲུབ་མཐའ་རེ་རེར་ཡང་རང་སོ་སོའི་གྲུབ་མཐའི་གཞུང་དང་གྲུབ་མཐའ་མཁན་པོ། བཀུར་བསྟི་བྱ་ཡུལ་གྱི་ལྷའི་སྐུ་བརྙན་ལ་སོགས་མཆིས།  དེ་བས། སྐབས་དེའི་བོད་ནང་ཁུལ་དུ་ཅུང་སྣ་མང་རང་བཞིན་གྱི་བསམ་བློའི་འདུ་ཤེས་ཤིག་ཆགས་ཡོད་པ་གསལ་བོར་ཤེས་ཐུབ། 
          གོང་དུ་བཤད་པ་བཞིན་གྲུབ་མཐའ་སོ་སོར་རང་རང་གི་མ་གཞི་དང་རྒྱབ་རྟེན་ཡོད་པས་གཅིག་གཅིག་གི་ཁོངས་སུ་མི་འདུ་ལ་དེ་འདུའང་ཤིན་ཏུ་དཀའ་མོ་ཞིགརེད། 
          ས་སྐྱ་བས་རང་གི་ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་བཙན་ཤེད་ཀྱིས་གྲུབ་མཐའ་གཞན་དག་རྨེག་མེད་དུ་མ་བཏང་མོད།  འོན་ཀྱང་གྲུབ་མཐའི་ཕྱོགས་ཞེན་གྱི་འདུ་ཤེས་སྔར་བཞིན་མཆིས་པ་ཤུགས་སུ་ཚོར་ཐུབ དཔེར་ན། ས་པཎ་གྱི་ 《ས་སྐྱ་ལེགས་བཤད》གཙོས་གསུང་རྩོམ་གྲགས་ཅན་མང་བོའི་མགོར་རྩོམ་མཁན་རང་ཉིད་ཀྱིས་དད་པ་བྱ་ཡུལ་གྱི་གྲུབ་མཐའ་གང་དེའི་མིང་སྦྱར་ཡོད་པ་སོགས་གྲུབ་མཐའི་ཕྱོགས་ཞེན་གྱི་འདུ་ཤེས་དེ་ཤེས་ཡོན་པའི་སྡེ་ནའང་ཕལ་ཆེར་མངོན་གསལ་རེད།  གཞན་ཡང་ས་པཎ་གྱི་《ང་བརྒྱད་མ》ལྟ་བུར་མཚོན་ན། ཕྱི་ཚུལ་དུ་རང་ཉིད་ལ་བསྟོད་པ་བྱས་ཡོད་པ་འདྲ་ཡང་དོན་དམ་དུ་ཉིད་ཀྱི་སེམས་ནང་གི་གྲུབ་མཐར་བསྟོད་བསྔགས་ཆེན་པོ་བྱས་འདུག སྐབས་དེའི་ས་སྐྱ་བར་རྒྱབ་རྟེན་དྲག་པོ་ཞིག་ཡོད་ནའང་། ནང་སེམས་ཀྱི་འཁྱེར་སོ་མི་གཅིག་པའི་གྲུབ་མཐའ་ཁག་གི་ཤུགས་ཀྱི་འགལ་བ་དེ་ཡེ་ནས་སེལ་ཐབས་མ་བྱུང་། 
གྲུབ་མཐའི་དགོངས་དོན་ནམ་མཐོ་རིམ་རིག་གནས་དང་སྤྱི་དམངས་གཉིས་ཀྱི་བར་ཐག ས་སྐྱའི་ཐུན་མོང་མ་ཡིན་པའི་ལྟ་བ་ནི་ལམ་འབྲས་ཀྱི་ལྟ་བ་སྟེ། “གསལ་སྟོང་འཛིན་མེད”དམ་“འཁོར་འདས་དབྱེར་མེད་ཀྱི་ལྟ་བ”འདི་ཡིན། འདིར་མདོ་ལུགས་ཀྱི་ལྟ་བ་དང་སྔགས་ལུགས་ཀྱི་ལྟ་བ་གཉིས་ཡོད་པ་ལས་དང་བོ་མདོ་          ལུགས་ལྟར་ན།  བདེན་འཛིན་གྱི་སྤྲོས་པ་གཅོད་པ་དང་བདེན་མེད་ཀྱི་སྤྲོས་པ་གཅོད་པ་གཉིས་སུ་བཞེད།  དེའང་དང་བོས་ནི་ལྟ་བའི་དྲན་ཤེས་ཀྱི་རྒྱུན་མ་ཉམས་པའི་ངང་ནས་ཡུན་རིང་བསྒོམ་ན་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ཐུབ་པར་གསུངས་པ་དང་། གཉིས་པས་ནི་ཆོས་ཐམས་ཅད་བཏང་ནས་འཛིན་མེད་ཀྱི་དབང་དུ་བཞག་ཅིང་མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་གཅོད་དགོས་པར་གསུངས།  སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་ནི་ལུགས་འདིའི་སྔགས་ལུགས་ཀྱི་ལྟ་བ་ཡིན།  དེ་ཡང་གོ་བ་ཙམ་མ་ཡིན་པར་མྱོང་སྟོབས་ཀྱིས་འཆར་བའི་ནུས་པ་ཐོན་པ་ན་འཁོར་འདས་དབྱེར་མེད་དུ་འཆར་བར་འཇོག་ལ། དེའི་ཚེ་སེམས་གསལ་སྟོང་ཟུང་འཇུག་གི་ཡོན་ཏན་ཆ་ཚང་བར་རྟོགས་པར་བཞེད་པ་སོགས་གོ་དཀའ་ཞིང་གཏིང་ཟབ་པའི་ཆོས་ཀྱི་དགོངས་པ་འདི་དག་ནི་ཡིག་ངོ་མི་ཆོད་ལ་ཆོད་ཀྱང་ཆུ་ཚད་ཞན་པའི་སྐྱེས་བུ་ཕལ་བ་ཞིག་གིས་ནི་ཤིན་ཏུ་ནས་ཀྱང་རྟོགས་དཀའ་བའོ།  རིག་གནས་གང་ཞིག་གི་རྒྱབ་རྟེན་གཙོ་བོ་ནི་མང་ཚོགས་ཡིན་པ་དང་དེའི་འཕེལ་རྒྱས་ཀྱི་གཞི་རྩའང་མང་ཚོགས་ལ་རག་ལས།  སྐབས་དེའི་བོད་མི་དམངས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་རང་རང་གི་དད་མོས་བྱ་ཡུལ་གྱི་གྲུབ་མཐར་དད་པ་རྩེ་གཅིག་ཏུ་བྱེད་བཞིན་ཡོད་ནའང་།  ཁོ་ཚོས་གྲུབ་མཐའ་གང་དེའི་དགོངས་དོན་ངོ་མ་རྟོགས་ཀྱིན་མེད་ལ་རྟོགས་ཀྱང་མི་སྲིད།  རྒྱུ་མཚན་ནི་སྐབས་དེར་མང་ཚོགས་ལ་ཆེད་དམིགས་ཀྱི་རིག་གནས་སྦྱོང་སའི་ཁོར་ཡུག་མེད་ལ་ཡིག་ངོ་ཆོད་པ་དག་ནི་སྐུ་དྲག་དང་དཔོན་རིགས་ཀྱི་བུ། དགོན་པའི་གྲྭ་བཙུན་དག་གོ ཕྱི་རྐྱེན་ནས་བལྟས་ན།  སྐབས་དེའི་ཡོན་རྒྱལ་རབས་ལ་མཁོ་བ་ནི་ནང་བསམ་པའི་འདུ་ཤེས་ཀྱི་རིག་གནས་ཡིན་པས།  ཁོས་མཐའ་གཅིག་ཏུ་ཆོས་ཕྱོགས་ལ་མཁས་པའི་ས་སྐྱ་བ་ཚང་ལ་རྒྱབ་སྐྱོར་ཆེན་པོ་བྱས།  འདིར་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་ཆོས་བཀོལ་ནས་ཆོས་ལ་དད་པའི་བོད་དམངས་དབང་བསྒྱུར་རྒྱུ་དེ་རེད།  གཉིས་ནི་རྒྱལ་ཡོངས་དབང་བསྒྱུར་བའི་བསམ་པའི་འདུ་ཤེས་ཀྱི་རིག་གནས་ཇེ་མཐོར་གཏོང་བའི་ཆེད་རེད། 
སྐབས་དེའི་བོད་དམངས་ཀྱི་སེམས་དབུས་སུ།  ཆོས་ལུགས་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཆེས་བླ་མེད་ཀྱི་ནང་སེམས་ཀྱི་གཏད་སོ་ཞིག་རེད།  ས་པཎ་མཆོག་གི་《དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་ཡོན་མཆོད་རྣམས་ལ་སྤྲིངས་པ》ཞེས་པའི་ནང་དུ་“ཡོད་ཚད་ཆོས་དོན་རྒྱ་ཆེར་སྤེལ་བའི་ཕྱིར”ཞེས་བྲིས་འདུག འདི་ལས་བོད་སོག་པོར་མགོ་འདོགས་པ་ནི་ཆོས་ལུགས་ཀྱི་རྐྱེན་གཙོ་བ་ལས་མི་རིགས་ཀྱི་གནས་སྟངས་ནི་ཕལ་བར་བཞག་འདུག འདི་ལས་བོད་ཤེས་ལྡན་པ་གཙོས་བོད་དམངས་ཀྱི་སེམས་པའི་གཏིང་སོ་རུ་ཆོས་ནི་ཆེས་མཆོག་ཏུ་གྱུར་བ་ཞིག་སྟེ། རང་གི་གཅེས་པའི་སྲོག་ལས་ཀྱང་གལ་ཆེ་བ་ཞིག་ཏུ་བརྩིས་ཡོད་པར་སྣང་།  མི་རྣམས་ཀྱིས་མཐའ་གཅིག་ཏུ་གཞུང་ལུགས་གང་ཞིག་གམ་སེམས་ཀྱི་རྒྱབ་རྟེན་གང་རུང་ཞིག་ལ་དད་པ་རྩེ་གཅིག་ཏུ་བྱེད་དུས།  ནམ་ཡང་གང་དེའི་ནག་ཕྱོགས་ཀྱི་ཆ་དེ་མཐོང་ཀིན་མི་འདུག བོད་མི་དམངས་ཀྱིས་ཆོས་ལུགས་ལ་བཟུང་བའི་ལྟ་སྟངས་དེ་ཚད་འདི་ལ་རེག་འདུག ཆོས་ལུགས་ནི་སྤྱི་ཚོགས་ཀྱི་ཐོན་དངོས་ཤིག་སྟེ།  མིས་གསར་གཏོད་བྱས་པའི་བསམ་བློ་དང་རིན་ཐང་གི་ལྟ་བ་ཞིག་རེད།  དེ་བས་དེར་མི་སྒེར་གྱི་རང་བདག་གི་རྐྱེན་ཀྱང་ཞུགས་ཡོད་པས།  ཆོས་ལུགས་ནི་དངོས་ཡོད་འཚོ་བ་ནས་བྱུང་ཞིང་དངོས་ཡོད་འཚོ་བ་ལས་བརྒལ་ཡོད།  བརྒལ་བའི་རྟགས་མཚན་གཙོ་བོ་ནི་དད་སེམས་ཀྱི་འཚོལ་སྙེགས་དེ་ཡིན་འདུག དད་སེམས་ནི་བསམ་པའི་སྟོབས་ཤུགས་དང་རྒྱབ་རྟེན་ཡིན།  ཡིན་ནའང་དེ་ནམ་ཡང་དངོས་ཡོད་འཚོ་བ་དང་ཅུང་ཐག་རིང་། འདི་ནི་ཆོས་ལུགས་དང་དངོས་ཡོད་གཉིས་མ་ཟད། མི་དང་མིའི་བར་ཐག་ཅིག་ཀྱང་ཡིན་ནོ།  ཕྱོགས་ཆེ་ས་ནས་བཤད་ན། སྐབས་དེའི་བོད་ཀྱི་གཙོ་ཆེ་རིག་གནས་ནི་ཆོས་ལུགས་ཡིན་འདུག སྐབས་དེའི་གསུང་རྩོམ་གྲགས་ཅན་མང་བོ་ཞིག་གི་ནང་དོན་ནི་ཆོས་ལུགས་དང་འབྲེལ་བ་དམ་པོ་ཡོད་འདུག ཐ་ན་ས་པཎ་གྱི་སྲིད་ཕྱོགས་སྦྱགས་རྩོམ་ཡིན་ཟེར་བའི་《ས་སྐྱ་ལེགས་བཤད》་ཀྱིས་ཀྱང་ཤུགས་སུ་ཆོས་ཀྱིས་རྒྱལ་ཁམས་སྐྱོང་བ་དང་ཆོས་སྲིད་ཟུང་འབྲེལ་གྱི་ལུགས་དེ་བཏོན་ཡོད།  ཆོས་ལུགས་གང་ཡིན་ཡང་དེར་བཟང་ཆ་དང་ངན་ཆ་ཕྱོགས་གཉིས་འདུས།  ཡིན་ནའང་ཆོས་ལུགས་དེ་གཞན(དབང་བསྒྱུར་གྲལ་རིམ)་གྱི་བཀོལ་སྤྱོད་ཀྱི་དབང་དུ་ཚུད་དུས། དེ་ནི་གཉའ་གནོན་དང་བཤུ་གཞོག་གི་ལག་ཆ་ལྟ་བུ་ཞིག་ཏུ་འགྱུར་བར་ཡང་ཉེན་ཁ་ཤིན་ཏུ་ཆེ། 
          གསུམ་པ།  ཡོན་རྒྱལ་རབས་ཀྱི་གཅིག་གྱུར་ཆེན་མོ་དང་ས་སྐྱའི་གྲུབ་མཐའ་གཉིས་བར་གྱི་འབྲེལ་བ། 
          ཡོན་རྒྱལ་རབས་ཀྱི་ཚད་མཐོའི་གཅིག་གྱུར་དེ་སྲིད་གཞུང་རང་སྟེང་ནས་སྤེལ་བའི་ཆབ་སྲིད་ཀྱི་ལམ་ལུགས་དང་དཔལ་འབྱོར་གྱི་ལམ་ལུགས།  དམག་དོན་དང་རིག་གནས་སོགས་ལ་འབྲེལ་བ་དམ་པོ་ཡོད་པ་ཕུད།  ས་སྐྱའི་ཆོས་ལུགས་གྲུབ་མཐས་ཀྱང་དེ་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད།  དེ་ནི་གཙོ་བོ་ཕྱོགས་གསུམ་ནས་མཚོན་ཡོད་དེ། 
          ༡ ས་སྐྱའི་གྲུབ་མཐའ་རྒྱ་ཆེར་སྤེལ་བ་དེས་བོད་འདི་ཉིད་སྔོན་མེད་གོང་བུ་གཅིག་གྱུར་དང་ཡོན་རྒྱལ་རབས་ཀྱི་མངའ་ཞབས་སུ་ཚུད་པར་ནུས་པ་བླ་ལྷག་ཐོན་པ། 
          གོང་དུ་བཤད་པ་བཞིན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མགོ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་དང་བོད་སིལ་བུར་ཐོར་རྗེས་གྲུབ་མཐའ་ཁག་གི་སྟོབས་ཤུགས་ཆེས་ཆེར་རྒྱས་པའི་སྐབས་ནས་བཟུང་ཚུགས་ཡོད་ཅིང་།  བོད་སྤྱི་ལ་དབང་བསྒྱུར་གྱི་རྣམ་པ་བྱུང་བ་ནི་ས་སྐྱ་བའི་སྐབས་ཡིན། 
          ཡོན་རྒྱལ་རབས་ཀྱི་སེ་ཆེན་རྒྱལ་བོས་ཕྱི་ནང་གི་རྐྱེན་གང་མང་ལ་བསམ་གཞིགས་བཏང་ནས་ས་སྐྱ་བའི་གྲུབ་མཐའམ་ས་སྐྱ་བའི་ལྷ་སྡེ་དང་མི་སྡེ་ལ་རྒྱབ་རོགས་ཆེན་པོ་བྱས་རྐྱེན།  ས་སྐྱ་བས་རང་གི་གཞི་གྲུབ་ཀྱི་ཆོས་ལུགས་གྲུབ་མཐའ་དེ་དང་དཔུང་གི་རྒྱབ་རོགས་དྲག་པོར་བརྟེན་ནས་བོད་ཆོལ་ཁ་གསུམ་ལ་ཆོས་སྲིད་ཟུང་གིས་དབང་བསྒྱུར་བ་རེད། 
          ས་སྐྱ་བའི་གྲུབ་མཐའ་ནི་བོད་ཀྱི་ཆེས་ཐོག་མའི་གྲུབ་མཐའ་དེ་མིན་ཡང་།  སྟོབས་ཤུགས་ཤིན་ཏུ་རྒྱས་པ་ནི་ཆེས་ཐོག་མ་ཡིན།  ས་སྐྱ་བའི་གྲུབ་མཐའ་ཤིན་ཏུ་དར་བའི་ཕྱི་རྐྱེན་ནི་ཡོན་རྒྱལ་རབས་ཀྱི་རྒྱབ་རོགས་ཆེན་པོར་ཐད་ཀར་རག་ལས་ཡོད་མོད།  ཡིན་ནའང་།  བྱ་དངོས་གང་ཞིག་འཕེལ་རྒྱས་སུ་འགྲོ་བར་ནང་རྐྱེན་ནི་ཤིན་ཏུ་གཙོ་བ་སྨོས་མེད་རེད།  གྲུབ་མཐའ་གང་ཞིག་གི་འཕེལ་རྒྱས་ཀྱང་ཆོས་ཉིད་དེ་ལས་མ་འདས་པ་ཡིན། 
          གོང་གསལ་ལས་ཤེས་པ་ལྟར།  ས་སྐྱ་བའི་གྲུབ་མཐའ་དེས་གཙོ་བོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚད་རིམ་གསུམ་འཆད་ཀྱིན་གདའ་སྟེ།  ཐོག་མར་ལེ་ལོ་དང་སྒྱིད་ལུག བྱ་ངན་སྤྱོད་ངན་སོགས་མི་དགེ་བའི་ལས་རིང་དུ་དགོས་པ།  དེ་ནས་བདག་གཅེས་འཛིན་གྱི་བསམ་བློ་ཡལ་བར་དོར་དགོས་པ།  མཐའ་མར་དངོས་ཡོད་ཀྱི་འདུ་ཤེས་ཀྱང་དོར་དགོས་པ་བཅས།  མདོར་ན།  དངོས་ཡོད་འཇིག་རྟེན་དང་ཅུང་རྒྱང་གྱེས་ཏེ་མ་འོངས་པའི་བདེ་སྐྱིད་ཀྱི་སེམས་ཁམས་ཤིག་ལ་འཚོལ་སྙེག་བྱེད་ཀྱིན་ཡོད་པས།  བསམ་བློ་འདིའི་ཤུགས་རྐྱེན་འོག་སྐབས་དེའི་བོད་འབངས་ལ་དངོས་ཡོད་འཚོ་བའི་འགྲན་རྩོད་དང་འཕེལ་རྒྱས།  གྱོད་སྣ་ཁ་མཆུ་སོགས་ཀྱང་ཅུང་ཟད་ཉུང་བར།  ཞི་བདེ་དང་བབ་ཆགས་ཀྱིས་འཚོ་བ་རོལ་བཞིན་ཡོད་ཕྱིར།  མི་རིགས་ནང་ཁུལ་དུ་ལྟོས་བཅས་ཀྱིས་བདེ་འཇགས་ཡིན་ཞིང་།  བོད་འབངས་ཀུན་གྱིས་འདི་ལྟ་བུའི་ཞི་བདེ་དང་བདེ་འཇགས་ཀྱི་འཚོ་བ་ཞིག་ལ་རེ་སྙེག་བྱེད་དོན་ནི།  སྐབས་དེའི་བོད་ཀྱི་སྤྱི་ཚོགས་རྒྱབ་ལྗོངས་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་དེ།  བོད་སིལ་བུར་ཐོར་རྗེས།  རྒྱལ་ཕྲན་དང་རྒྱལ་ཕྲན་ཁག གྲུབ་མཐའི་ཕྱོགས་ཁག་ཕན་ཚུན་བར་བཅས་ལ་རྩོད་གླེང་དང་གཡུལ་འགྱེད་མང་དུ་བཤམས་པས།  འདི་ལྟ་བུའི་རྙོག་དྲ་དང་སྡུག་བསྔལ་གྱི་འཚོ་བར་ཞེ་མེར་བ་དེའོ།  ཡོན་རྒྱལ་རབས་ནི་བོད་མི་གོང་འོག་བར་གསུམ་ཚང་མས་ཅུང་ཟད་བཀུར་སྟི་དང་ཡི་རང་བྱེད་པའི་ས་སྐྱའི་གྲུབ་མཐའ་སྐབས་དེར་བོད་ནང་ཁུལ་དུ་སྙན་གྲགས་ཆེ་བ། འདིའི་ཡོན་བདག་གམ་རྒྱབ་རྟེན་ཆེས་གཙོ་བོ་དེ་ཡིན་ཕྱིས།  བོད་འདི་ངང་ངམ་ཤུགས་ཀྱིས་རྒྱལ་རབས་འདིའི་མངའ་ཁོངས་སུ་འདུས།  དེ་བས་བོད་འདི་ཡོན་རྒྱལ་རབས་ཀྱི་མངའ་ཞབས་སུ་ཚུད་རྐྱེན་དམག་དོན་གྱི་དྲག་ཤུགས་ཁོ་ན་མིན་པར་སེམས། 
          ༢ ས་སྐྱའི་གྲུབ་མཐའི་ཁྱབ་སྤེལ་གྱིས་བོད་དང་ཉེ་འབྲེལ་གྱི་མི་རིགས་འགའ་ཞིག་ཞི་བདེ་ངང་ཡོན་རྒྱལ་རབས་ཀྱི་མངའ་ཁོངས་སུ་འདུ་བར་བྱས་རྗེས་མི་དམན་པ་བཞག་པ། 
          སྐབས་དེར་མཚོན་ན་བོད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པས་སྲིད་སྐྱོང་ཀིན་ཡོད།  བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་ཁྱད་ཆོས་ཤིག་མངོན་པར་མངའ་བ་ནི།  ཆོས་དོན་གཙོ་བོ་ལས་མི་དོན་སྲིད་དོན་གཙོ་བོ་མིན་པ་དེ་རེད།  དེ་ན་ཆོས་དོན་གཙིགས་སུ་འཛིན་དགོས་ན།  ཐོག་མར་ཆོས་ཀྱི་དགོངས་དོན་ནམ་གྲུབ་མཐའི་ནང་དོན་རྒྱ་ཁྱབ་ཏུ་སྤེལ་བ་ནས་མགོ་ཚུགས་པ་རེད། 
          ས་སྐྱའི་དཔོན་སློབ་དག་གིས་གོ་སྐབས་བཟང་བོ་འདི་དང་བསྐལ་བ་བཟང་བོ་འདི་བེད་སྤྱད་ནས་རང་གི་གྲུབ་མཐའི་ཤུགས་རྐྱེན་ཆེ་རུ་བསྐྱེད་པར་འབད་པ་ལྷུར་ལེན་བགྱིས། 
          འགྲོ་མགོན་འཕགས་པ་ནི་སྐབས་དེའི་ཡོན་རྒྱལ་རབས་ཀྱི་དབུ་བླ་ཡིན་ཕྱིས།  རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་གྱི་དབང་ཆ་ཕལ་ཆེར་ཁོང་གིས་བདག་གིར་བཟུང་ཡོད།  དེ་བས།  སེ་ཆེན་རྒྱལ་བོས་ཀྱང་འགྲོ་མགོན་འཕགས་པར་མི་ཤུགས་དང་རྒྱུ་ཤུགས་གང་རུང་གི་མཐུན་རྐྱེན་བླ་མེད་སྦྱར་ཞིང་།  བོད་ས་གནས་དང་བོད་དང་ཉེ་འབྲེལ་གྱི་ས་གནས་ཁག་ཏུ་དགོན་སྡེ་མང་དུ་བཏབ་ཅིང་།  འཆད་ཉན་གྱི་ལས་དོན་ཡང་རྒྱ་ཆེར་སྤེལ། 
          ས་སྐྱ་བས་རང་གི་གྲུབ་མཐའི་དགོངས་དོན་ཤུགས་ཆེར་དྲིལ་སྒྲོག་བྱེད་པ་དང་མཉམ་དུ་རྒྱ་གར་སོགས་ནས་ཀྱང་འབྲེལ་ཡོད་ནང་དོན་སྐོར་ཞིག་བོད་བསྒྱུར་བྱས་ཏེ་རང་ཕྱོགས་ཀྱི་གྲུབ་མཐའ་རིམ་བཞིན་འཐུས་སྒོ་ཇེ་ཚང་དང་རྒྱ་ཁྱོན་ཆེ་རུ་བཏང་། 
          སྐབས་དེར་པར་དུ་བཏབ་པའི་ཆོས་ཀྱི་གླེགས་བམ་ནི་བགྲང་གིས་མི་ལངས་ཏེ།  ད་ལྟའང་ས་སྐྱ་དགོན་པ་སོགས་ན་གླེགས་བམ་ལྕགས་ཐག་མ་ཞེས་མཚན་སྙན་ཤིན་ཏུ་ཆེ། 
          འདི་ལྟར།  ས་སྐྱ་བས་རང་གི་གྲུབ་མཐའི་དགོངས་དོན་ཆེས་ཆེར་སྤེལ་ཏེ།  བོད་འབངས་ཀུན་གྱི་བསམ་པའི་འདུ་ཤེས་དང་མི་ཚེའི་རིན་ཐང་ལྟ་ཚུལ་ལ་ཁ་ལོ་བསྒྱུར་བ་མ་ཟད།  བོད་དང་ཉེ་འབྲེལ་གྱི་མི་རིགས་ཀུན་ལའང་བསམ་བློའི་ཤུགས་རྐྱེན་ཆེས་ཆེར་བཏང་སྟེ།  དེ་དག་ཞི་བདེ་དང་སྟབས་བདེའི་ངང་སྔར་བས་ཡོན་རྒྱལ་རབས་ཀྱི་མངའ་ཞབས་སུ་ཚུད་པར་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་འདུག 
          ༣ ས་སྐྱའི་གྲུབ་མཐའ་ཉིད་ནང་ལོག་ཏུ་སྤེལ་བ་དེས་ཚད་ངེས་ཅན་ཞིག་ནས་སོག་རིགས་དང་རྒྱ་རིགས་ཀྱི་འཆམ་མཐུན་ལ་སྐུལ་འདེད་བགྱིས་པ། 
ཡོན་རྒྱལ་རབས་ཏེ་སེ་ཆེན་རྒྱལ་བོའི་དབང་བསྒྱུར་གྱི་སྐབས་སུ།  སྤྱིར་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ནའང་།  ཀྲུང་དབྱང་དང་མི་རིགས་བར།  མི་རིགས་དང་མི་རིགས་བར་བཅས་ལ་གནད་དོན་འདྲ་མིན་སྣ་ཚོགས་ཤིག་མཆིས།  དཔེར་ན།  སོག་པོའི་རྒྱལ་རབས་ཀྱི་རྒྱའི་སུང་རྒྱལ་རབས་ཀྱི་མགོ་རྟིང་བསློགས་རྗེས།  ཀྲུང་དབྱང་གིས་སྤེལ་བའི་བཀའ་སྲིད་གང་མང་རྒྱ་མི་རིགས་ཀྱི་ཕྱོགས་ནས་དང་ལེན་བྱེད་དཀའ་བར་བརྟེན།  རྒྱན་དུ་མངོན་ཤུགས་གང་རུང་ན་འགལ་བ་དྲག་པོ་ཡོད་པ་རེད། 
          འགྲོ་མགོན་འཕགས་པས་སེ་ཆེན་རྒྱལ་བོས་ཆོག་མཆན་ཐོབ་པའི་འོག རྒྱ་མི་རིགས་ཀྱི་གནས་འགའ་ཞིག་ཏུའང་དགོན་པ་འགའ་བཏབ་སྟེ།  རྒྱ་བོད་སོག་གསུམ་གྱི་སློབ་བུ་མང་དུ་བསྐྱངས་ཤིང་།  མི་རིགས་སོ་སོའི་རིག་གནས་དང་བསམ་བློ་བརྗེ་རེས་ལ་སྐུལ་འདེད་བགྱིས་པས།  འདིས་ཕྱོགས་ངེས་ཅན་ཞིག་ནས་ཤེསས་ཡོན་པའི་སྡེ་གཙོ་བྱས་པའི་རྒྱ་སོགས་མི་རིགས་བར་གྱི་འཆམ་མཐུན་ལ་བཟང་ཕྱོགས་ཀྱི་ནུས་པ་མི་དམན་པ་ཐོབ། 
          ལྷག་པར་དུ་ས་སྐྱའི་གྲུབ་མཐའ་ཉིད་མི་རྣམས་ཀྱི་སེམས་ཁོང་དུ་ཅུང་ཟད་རྒྱུས་མངའ་ཡོད་པར་བྱས་པ་དེས།  ཕན་ཚུན་གྱི་བསམ་བློའི་འཁྱེར་སོ་དང་མི་ཚེ་ལྟ་སྟངས་གཞི་གཅིག་ཏུ་འཁེལ་ཏེ།  ཁྱོད་ཤི་ང་གསོན་གྱི་འཇིག་རྟེན་ངན་ལུགས་དང་ཅུང་ཟད་རྒྱང་གྱེས་པར་བྱས། 
          འགྲོ་མགོན་འཕགས་པས་སེ་ཆེན་རྒྱལ་བོར་དབང་བསྐུར་སྐབས།  རྒྱལ་བོས་དབང་ཡོན་ལ་བོད་ཁྲི་སྐོར་བཅུ་གསུམ་དང་བོད་ཆོལ་ཁ་གསུམ་ཕུད།  འགྲོ་མགོན་ཁོང་གི་རེ་བ་ལྟར།  རྒྱའི་མི་ཡུར་ཆེན་མོ་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་བྱ་སྤྱོད་དེ་མེད་པར་བཏང་།  འགྲོ་མགོན་འཕགས་པར་མཚོན་ན།  འདི་ལྟར་སྒྲུབ་པའི་དམིགས་ཡུལ་ནི་རང་གི་མཚན་སྙན་གྲགས་ཁོ་ན་ཞིག་ལ་བསམ་པ་མ་ཡིན་པར།  དེ་ནི་ཡོད་ཚད་དང་སྤྱི་བསམ་པའི་གྲུབ་མཐའ་འདི་ཉིད་ཀྱི་ཀུན་སློང་ལས་བྱུང་བའི་བྱ་སྤྱོད་ཅིག་ཡིན་ལ།  འདིས་ཚད་ངེས་ཅན་ཞིག་ནས་གྲུབ་མཐའི་ཁྱད་ཤུགས་དང་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་བདེ་འཇགས་ལ་བྱས་རྗེས་ངོ་མཚར་བཞག་ཡོད། 
          མཇུག་བསྡུའི་གཏམ།  སྔོན་དུ་བཤད་པ་བཞིན།  རྒྱལ་ཁབ་ཅིག་གི་དར་རྒུད་དང་ཆགས་འཇིག དེ་འཕེལ་རྒྱས་དང་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པ་ལ་རང་ཕྱོགས་ནས་རྒྱུ་རྐྱེན་གང་མང་ཞིག་ཚང་དགོས་པ་ཕུད།  གཞན་ཕྱོགས་ཀྱི་ཤུགས་རྐྱེན་ཡང་གཙོ་ཆེ་བར་སེམས་ཏེ།  ཡོན་རྒྱལ་རབས་ཀྱི་གཅིག་གྱུར་ཆེན་མོ་ལ་ས་སྐྱའི་གྲུབ་མཐས་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་པ་ནི་ལོ་རྒྱུས་ལས་ངེས་ཐུབ་པ་ཞིག་རེད།  དེ་ལས་རྒྱལ་ཁབ་ཅིག་གམ།  ལྷག་པར་དུ་མི་རིགས་མང་བའི་རྒྱལ་ཁབ་ཅིག་ལ་མཚོན་ན་ནང་བསམ་པའི་འདུ་ཤེས་ཀྱི་གཅིག་གྱུར་རམ།  བསམ་བློའི་ཁ་ཕྱོགས་འཁྱེར་སོ་ཅུང་ཟད་གཅིག་ཏུ་གཞོགས་དགོས་པ་ནི་གནད་ཀྱི་དམ་པ་ཡིན་སྲིད་པ་ཤེས་པའོ། 
          རྒྱུ་ཆ།  (བོད་ཡིག་གི་སྐོར། )
          «བོད་སྤྱི་བཤད། »བཀྲ་ཤིས་ཚེ་རིང་སོགས་ཀྱིས། 
          «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། »རྒྱལ་མོ་འབྲུག་པ།  
          «བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་མེ་ལོང་། »རིན་ཆེན་ནོར་བུ།  པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༦
          «བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། »ནོར་བྲང་ཨོ་རྒྱན།  བོད་ལྗོངས་མི་དམངས་དཔེ་སྤྲུན་ཁང་།  ༡༩༩༡
          (རྒྱ་ཡིག་གི་སྐོར། )
          蒙藏民族关系史略 王辅仁 陈庆英著
          中国社会科学出版社
          蒙藏关系史研究 樊保良著 青海人民出版社 1992.8
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716