|
བོད་རིགས་ཀྱི་ཟས་སུ་གཙོ་བོ་རྩམ་པ་དང་ཤ་མར། སྐོམ་ལ་གཙོ་བོ་ཇ་བསྲུབས་མ་དང་། ཆང་། ཞོ་ལ་སོགས་པ་བསྟེན་པ་ཡིན།

རྩམ་པ་ནི་བོད་རིགས་ལ་དམིགས་བསལ་དུ་ཡོད་པའི་ཟས་གཙོ་བོ་ཞིག་ཡིན། རྩམ་པའི་རིགས་ལ་སྤྱིར་ནས་རྩམ་དང་སྲན་རྩམ་གཉིས་སུ་ཕྱེ་ཡང་ཞིབ་ཏུ་དབྱེ་ན་དྲུས་བརྒྱབ་སྟེ་ཆེས་ཞིབ་མོར་བཏགས་པའི་ནས་རྩམ་སྤུས་ལེགས་ལ་ཞིབ་རྩམ་དང་སྲན་ལྤགས་ཕུད་པའི་ཆེས་ཞིབ་མོར་བཏགས་པའི་སྲན་རྩམ་སྤུས་ལེགས་ལ་སྲན་ཞིབ་ཅེས་དང་། ད་དུང་ནས་སྲན་འདྲེས་མར་བཏགས་པ་ལ་རྩམ་པ་སྤེལ་སྲན་ཟེར། རྩམ་པ་ཟ་སྟངས་ནི་ཇ་ཆང་ཕྱུར་ཁུ་སོགས་ཁུ་བ་གང་འདོད་སྦྱར་ནས་སྤགས་བརྫིས་ཏེ་ཤ་རིགས་དང་ཚལ་རིགས་ཞོ་འོ་མ་སོགས་རྒྱགས་རུར་སྤྱད་ནས་ཟོས་ན་འགྲིག་ལ། ཡང་མར་ཕྱུར་ཐུད་ལ་སོགས་པ་བཏབ་ནས་ཟོས་ཀྱང་འགྲིག་པ་ཡིན། ད་དུང་གཞི་རྩམ་པར་བརྟེན་ནས་ཐུག་པའི་རིགས་ཀྱང་འཐུང་བ་སྟེ་རྩམ་ཐུག་གམ་འཇམ་ཐུག་སོགས་ལྟ་བུ་ཡིན། ཇ་བསྲུབས་མ་ནི་བོད་རིགས་ཀྱི་བཏུང་བྱའི་རིགས་ཙོག་བོ་ཞིག་ཡིན་པ་དང་། དེ་ཡང་སྤྱིར་ན་ཞོགས་པ་མལ་ལས་ལངས་རྗེས་ཞོགས་ཇ་ཞེས་ཆད་དུ་མི་རུང་བར་འཐུང་བ་དང་ཉིན་རེར་ལྟོ་དུས་གསུམ་གྱི་དུས་སུ་འཐུང་བ་ཡིན་ལ་བར་སེང་དུ་གང་འདོད་ཆད་མེད་དུའང་འཐུང་བ་ཡིན། ཚོད་རྩིས་བྱས་ན་ཉིན་རེར་མི་རེས་ཇ་ཕོར་པ་སུམ་ཅུ་བཞི་བཅུ་ཙམ་འཐུང་བ་ཡིན། དེའི་རྒྱུ་རྐྱེན་ཡང་སྡོད་གནས་ཀྱི་ས་བབ་སྐམ་ཤས་ཆེ་བ་དང་ཟས་ནང་ཤ་རིགས་ཤས་ཆེ་བའི་རྐྱེན་པས་ཡིན་ཤས་ཆེ་སྙམ། མདོར་ན་ཇ་བསྲུབས་མ་ནི་བོད་རིགས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བའི་བཏུང་བྱ་ཞིག་ཡིན། གཞན་ཡང་བོད་རིགས་ནི་སྐུ་མགྲོན་ལ་དགའ་བོ་ཡོད་པས་གལ་ཏེ་དབུལ་ཕོངས་ཉམ་ཐག་ཅིག་མིན་ཕྱིན་སྐུ་མགྲོན་འབྱོར་ན་སྔོན་ལ་ཇ་བསྲུབས་མ་ཞུ་བ་དེ་ཡང་གང་འཐུང་རྒྱག་པ་དཔེར་མི་རུང་བས་ཉུང་ཐར་ཡང་ཇ་ཕོར་དོ་གསུམ་ཙམ་འཐུང་དགོས་པ་ཡིན།

ཇ་བསྲུབས་མ་ཕུད་པའི་བོད་རིགས་ཀྱི་བཏུང་བྱའི་རིགས་ཤིག་ནི་ཆང་ཡིན། ལྷག་པར་དུ་དབུས་གཙང་དུ་ཆང་དེ་བས་དར་པོ་ཡོད། འཇིག་རྟེན་བྱ་བ་ལེགས་ཉེས་གང་ཞིག་ལ་མཚོན་ནས་བཤད་ནའང་ཆང་ནི་མེད་དུ་མི་རུང་པའི་བཏུང་བྱ་མཆོག་ཏུ་གྱུར་བ་ཞིག་ཡིན།
འབྲོག་ཁུལ་དུ་འབྲུ་རིགས་མི་ཐོན་སྟབས་རྩམ་པ་དང་གྲོ་ཞིབ་ལ་སོགས་པར་གཙུགས་ཆེ་བ་བྱེད་པ་དང་རྒྱུན་ཟས་ནང་ཤ་མར་ཐུད་ལ་སོགས་པ་ཧ་ལམ་འབྲུ་རིགས་ལས་ཤས་ཆེ་བར་བསྟེན་པ་ཡིན། འོན་ཀྱང་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ནོར་ཕྱུགས་མང་ཆེ་བ་འབྲོག་བདག་དང་མངའ་བདག་ལ་དབང་བས་རྒྱ་ཆེའི་འབྲོག་གཡོག་རྣམས་ལ་ནོར་ཕྱུགས་ཉུང་ཤས་ལས་མེད་སྟབས་གཅོད་སྒོ་བྱེད་མི་ནུས་པར་རང་ཉིད་དར་བ་ཕྱུར་ཁུ་དང་། སྔོ་ཚལ། སྐབས་རེར་རི་དྭགས་རེ་གཉིས་རྔོན་པ་བཅས་ལ་བརྟེན་ནས་ལྟོ་གོ་སྤྱོད་པ་ཡིན།
ཟས་སྤྱོད་ཡོ་བྱད་ཐད་ནས་བཤད་ན་འབྲོག་ཁུལ་དང་ཞིང་ཁུལ་གང་ཡིན་ཡང་ཚང་མར་ཤིང་ཕོར་དང་། ཐང་ཁུག རྩམ་ཁུག་སོགས་ཡོད་པ་དང་། སྐེད་པར་གྲི་ཆུང་བཅས་བཏགས་ཡོད་པ་ཡིན་པས་ཕྱོགས་ལ་འགྲོ་སྐབས་ཟས་སྦྱོར་སྤྱོད་སྟངས་ཤིན་ཏུ་བདེ་པོ་ཡོད།
གྲོང་ཁྱེར་གྱི་མི་དམངས་རྣམས་ཟས་སུ་རྩམ་པ་གྲོ་ཞིབ་དང་ཤ་མར་སོགས་སྤྱོད་པ་ཕུད། ད་དུང་འབྲས་དང་སྔོ་ཚལ་གྱི་རིགས་སུ་ཞོག་གོག་དང་ལ་ཕུག པད་ཚལ། ཨོ་ཟུན། མེ་ཏོག་པད་ཚལ། སོ་ལོ་སྔོན་པོ་ལ་སོགས་པ་སྤྱོད་པ་ཡིན།
རྒྱ་ཆེའི་དབུལ་ཕོངས་མང་ཚོགས་དང་བསྡུར་ན་མངའ་བདག་ཆེན་པོ་གསུམ་གྱི་འཚོ་བ་སྤྱོད་སྟངས་རྒྱས་སྤྲོས་ཤིན་ཏུ་ཆེན་པོ་ཡིན་པ་སྟེ། འབྲུ་རིགས་ཐད་རྩམ་པའི་ཆ་ནས་བཤད་ན་གསོལ་ཞིབ་ཨང་དང་དང་། སྨན་འབྲས། གྲོ་ཞིབ་སྤུས་ལེགས་བཅས་དང་། བཏུང་བྱའི་ཆ་ནས་བཤད་ན་ཇ་བསྲུབས་མངར་དང་། ཁཱ་ཧྥི། ཕྱི་རྒྱལ་གྱི་ཨ་རག་གྲགས་ཅན་སྣ་ཚོགས་བཅས་སྤྱོད་པ་ཡིན། རྒྱ་ལུགས་གསོལ་ཚུགས་སྒྲིག་གཤོམ་བྱ་རྒྱུར་དགའ་པོ་བྱེད་ཅིང་། མངའ་བདག་ཕལ་ཆེ་བའི་ཁྱིམ་དུ་རྒྱ་ཟས་མ་བྱན་ཡོད་པ་དང་དེས་རྒྱ་ལུགས་དང་ཕྱི་ལུགས་གཉིས་ཀའི་ཟས་རིགས་བཟོ་ཤེས་པ་ཡིན། |