སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཏེ་སྙེ་མོའི་བོད་ཤོག
སྤེལ་དུས། 2012-12-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྱུར།


མེ་ཏོག་ར་དུག་རེ་ལྕག་གི་རྩ་ཤན་གཤུ་པ་ནི་བོད་ཤོག་བཟོ་བའི་གོམ་པ་དང་པོ་ཡིན།

        དགུན་ཁའི་དྲོད་ལམ་ལམ་གྱི་ཉི་ཟེར་འོག་ཏུ་ལོ་ན་བགྲེས་པོའི་རྒད་པོ་ཞིག་དང་སྐལ་བཟང་བསྟན་འཛིན་གཉིས་སྒོ་ཁར་བཙོག་ཏེ་གྲི་ཆས་ཁྱད་པར་བ་ཞིག་སྤྱད་དེ་མེ་ཏོག་ར་དུག་རེ་ལྕག་གི་རྩ་ཤུན་བཤུས་ཏེ་སྙིང་བོ་ལེན་བཞིན་ཡོད། དེ་ནི་བོད་ཤོག་བཟོ་པའི་ལས་ལ་མཇུག་པའི་རྨང་གཞི་ཐོག་མ་ཡིན།

  སྐལ་བཟང་བསྟན་འཛིན་ནི་མཚན་སྙན་ཆེ་བའི་ཞོལ་རའི་བོད་ཤོག་ཐོན་སྐྱེད་བྱེད་ཡུལ་ཏེ་སྙེ་མོ་རྫོང་དར་གྲོང་གྲོང་རྡལ་གྱི་ཞོལ་ར་སྡེ་བའི་མི་ཡིན། ཡབ་ཀྱི་མིང་ལ་ཚེ་རིང་རྡོ་རྗེ་ཟེར་ཞིང་། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་ཞིག་ཡིན། སྐལ་བཟང་བསྟན་འཛིན་གྱི་ཁྱིམ་རྒྱུད་ནི་བོད་ཤོག་བཟོ་ལས་པའི་རྒྱུད་འཛིན་པ་ཞིག་ཡིན་པས་ཁོའི་འགན་འཁྲི་དེ་འཁུར་ཏུ་འཁྱེར་བའི་སེམས་ཤུགས་གཞན་ལས་ལྷག ། ཁོ་ན་རེ། བདག་གི་ཨ་མེས་ཕ་ལགས་ལ་རྒྱུད། ཕ་ལགས་ཀྱིས་ང་ལ་རྒྱུད། ངས་ཀྱང་རང་ཉིད་ཀྱི་བུ་ལ་རྒྱུད་དེ་བོད་ཤོག་བཟོ་རྩལ་དེ་ངེས་པར་དུ་མི་རབས་ནས་མི་རབས་ལ་རྒྱུད་འཛིན་བྱེད་དུ་འཇུག་དགོས་ཟེར།

 
བོད་ཤོག་གི་བཟོ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་སྐལ་བཟང་བསྟན་འཛིན་ལགས་ཀྱི་རེ་འདུན་ཉག་ཅིག་ཡིན།

  ང་ཚོའི་རླངས་འཁོར་དེ་ལྷ་ས་ནས་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་ཆགས་པའི་སྙེ་མོ་རྫོང་གི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས་རུ་འབྱོར་ཞིང་། ཡུལ་དེའི་བོད་སྤོས་དང་། བོད་ཤོག  པར་བརྐོས་བཅས་ལ་འགྲན་ཟླ་མེད་པ་གསུམ་ཞེས་གྲགས། དེ་དག་ལས་སྙེ་མོ་རྫོང་དར་གྲོང་གྲོང་བརྡལ་ཞོལ་ར་སྡེ་བའི་ཞོལ་རའི་བོད་ཤོག་ནི་མཚན་སྙན་ཕྱོགས་བཞིར་ཁྱབ་པའི་བོད་ཤོག་མཆོག་ཏུ་གྱུར་བ་ཞིག་ཡིན། རྒྱུ་མཚན་ནི་སྙེ་མོའི་ཞོལ་རའི་བོད་ཤོག་ནི་བོད་ཀྱི་བོད་ཤོག་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། རྒྱུ་ར་དུག་རེ་ལྕག་གི་རྩ་བ་ལས་གྲུབ་པས། བྱི་བ་དང་འབུས་མི་བཟའ་བ་དང་། རུད་སྐྱོན་མི་འབྱུང་བ། ཁ་དོག་མི་ཡལ་བ་ལ་སོགས་པའི་དགེ་མཚན་དུ་མ་ལྡན་ཕྱིར་ནང་བསྟན་གྱི་གསུང་འབུམ་དང་། དཔོན་ཕྱོགས་ཀྱི་ཡིག་ཆ་ལ་སོགས་པར་སྤྱོད་ཆེ་ལ། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོ་ཡང་བོད་ཤོག་འདིའི་སྟེང་བཀོད་ནས་ཉར་ཚགས་བྱས་འདུག།

        སྙེ་མོ་བོད་ཤོག་འདི་ལ་ད་བར་དུ་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན་ཞིང་། སྔོན་ཆད་ལྗོངས་ཕྱི་ནང་དུ་མཚན་སྙན་ཆེ་ལ། ད་ལྟའང་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་ཁྱབ་ཡོད། དེ་བས་ སྙེ་མོའི་ཞོལ་རའི་སྡེ་མི་མང་ཤོས་ཀྱིས་སྔོན་ཆད་བོད་ཤོག་བཟོ་རྩལ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་མོད། འོན་ཀྱང་དུས་རབས་སྔོན་མའི་ལོ་རབས་༨༠བའི་ནང་ཤོག་བུ་གསར་བ་དར་ཆེ་བ་དང་། བོད་ཤོག་གི་རྒྱུ་ཆ་དཀོན་པ། མ་རྩ་ཇེ་མཐོར་སོང་བ་ལ་སོགས་པའི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ཞོལ་རའི་སྡེ་བའི་མི་མི་ཉུང་བ་ཞིག་གིས་བོད་ཤོག་བཟོ་མཚམས་བཞག་ཏེ་ས་ཆ་གཞན་དུ་ཞོར་ལས་བྲེལ་བར་བརྩམས། དགའ་འོས་པ་ཞིག་ལ། ད་ཆ་ཞོལ་ལྷ་སྡེ་བར་བོད་ཤོག་བཟོ་བའི་ཁྱིམ་ཚང་གཅིག་ཡོད་ལ། དེ་ནི་ཏག་ཏག་བོད་ཤོག་བཟོ་རྩལ་པའི་ཁྱིམ་རྒྱུད་རེད། ཡབ་ཀྱི་མིང་ལ་ཚེ་རིང་རྡོ་རྗེ་ཟེར་ཞིང་། བུ་གཉིས་ཏེ་སྐལ་བཟང་བསྟན་འཛིན་དང་། བློ་ཆུང་བཅས་སོ། །

      ༢༠༡༠ལོར་སྙེ་མོ་རྫོང་གིས་དབུལ་སྐྱོར་གསར་སྤེལ་གྱི་ལག་ཤེས་བཟོ་རྩལ་ར་བ་ཞིག་ཆེད་དུ་བཙུགས་ཤིང་། ཁོ་ཚོར་མཚོན་ན་ཁྱིམ་ཚང་གི་ལས་ཤག་ཁོ་ན་ཞིག་ལས་མ་འདས་ན་ཡང་། སྐལ་བཟང་བསྟན་འཛིན་དང་། ཁོའི་ཡབ་དང་ནུ་བོ་བཅས་ལས་ཤག་དེར་གནས་སྤར་ཏེ། སྨི་གྲུ་བཞི་མ་༢༠༠ལྷག་ཡོད་པའི་གཞི་ཁྱོན་བེད་སྤྱོད་གང་ལེགས་བྱས་ནས་འགྲེམ་སྟོན་ཁང་དང་། བོད་ཤོག་བཟོ་ལས་ཁང་། མགྲོན་ཁང་བཅས་སུ་བཀོད་སྒྲིག་བྱས་པ་དང་། ཁང་ཕྱིའི་ས་སྟོང་ཡང་བོད་ཤོག་སྐམ་ས་རུ་སྤྱད་དེ་ལས་ཤག་ལ་བཀོད་སྒྲིག་འོས་འཚམ་གནང་འདུག།
     ༢༠༠༦ལོར་བོད་ཤོག་ཐོན་སྐྱེད་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་ཁག་དང་པོའི་མིང་ཐོའི་གྲས་སུ་བཞག་པ་དང་། ༢༠༠༩ལོར་རིག་གནས་པུའུ་ཡིས་ཚེ་རིང་རྡོ་རྗེ་ཉིད་ལ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྒྱུན་འཛིན་པའི་མཚན་སྙན་གསོལ་བ་མ་ཟད། མ་དངུལ་གྱི་ཁ་གསབ་རོགས་རམ་ངེས་ཅན་ཐོབ། སྐལ་བཟང་བསྟན་འཛིན་གྱིས་འདི་སྐད། བོད་ཤོག་གི་ལག་རྩལ་འདི་ནི་མི་རབས་ནས་མི་རབས་ལ་རྒྱུད་དགོས་པའི་རིག་གནས་ཤིག་ཡིན་ཕྱིར་ མུ་མཐུད་ནས་རྒྱུད་འཛིན་བྱ་རྒྱུ་ནི་རེ་བ་ཡིན་ལ་ལྡོག་ཏུ་མེད་པའི་སེམས་འདུན་ཉག་ཅིག་ཀྱང་ཡིན་ཟེར།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060