སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྩོམ་གྱི་བདག་དབང་སྐོར་གྱི་བཅའ་ཁྲིམས།
སྤེལ་དུས། 2017-10-27   ཡོང་ཁུངས། མཚོ་སྔོན་ཁྲིམས་ཚགས།   རྩོམ་པ་པོ།  
ལེའུ་དང་པོ། སྤྱིའི་དོན་ཚན།

          དོན་ཚན་དང་པོ། རྩོམ་རིགས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རྩོམ་རིགས་ཀྱི་རྩོམ་པ་པོའི་རྩོམ་གྱི་བདག་དབང་དང་དེ་བཞིན་རྩོམ་གྱི་བདག་དབང་དང་འབྲེལ་བ་ཡོད་པའི་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་སྤེལ་བར་ཕན་པའི་རྩོམ་རིག་གསར་རྩོམ་དང་དར་ཁྱབ་ཡོང་བར་བསྐུལ་མ་གཏོང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དང་ཚན་རིག་གི་བྱ་གཞག་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཆེད་དུ་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་ཉིད་བཟོ་འགོད་བྱས་པ་ཡིན།

          དོན་ཚན་གཉིས་པ། ཀྲུང་གོའི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གི་རྩོམ་རིགས་འགྲེམས་སྤེལ་བྱས་མིན་ལ་མི་ལྟོས་པར་ཚང་མར་བཅའ་ཁྲིམས་འདི་གཞིར་བཟུང་ནས་རྩོམ་གྱི་བདག་དབང་ལོངས་སུ་སྤྱོད་རྒྱུ།
          ཕྱི་རྒྱལ་བ་དང་རྒྱལ་ཁོངས་མེད་པའི་མི་ཡི་རྩོམ་རིགས་ཐོག་མར་ཀྲུང་གོའི་རྒྱལ་ཁོངས་སུ་པར་སྐྲུན་བྱས་པས་ན་བཅའ་ཁྲིམས་འདི་གཞིར་བཟུང་ནས་རྩོམ་གྱི་བདག་དབང་ལོངས་སུ་སྤྱོད་རྒྱུ།

          ཀྲུང་གོ་དང་གྲོས་མཐུན་བཞག་མེད་པའམ་ཡང་ན་རྒྱལ་སྤྱིའི་ཆིངས་ཡིག་ནང་མཉམ་དུ་ཞུགས་མེད་པའི་རྒྱལ་ཁབ་ཀྱི་རྩོམ་པ་པོ་དང་དེ་བཞིན་རྒྱལ་ཁོངས་མེད་པའི་མི་ཡི་རྩོམ་རིགས་ཐོག་མར་ཀྲུང་གོ་ཞུགས་པའི་རྒྱལ་སྤྱིའི་ཆིངས་ཡིག་གི་ཁོངས་ཞུགས་རྒྱལ་ཁབ་ཏུ་པར་སྐྲུན་བྱེད་པའམ་ཁོངས་ཞུགས་རྒྱལ་ཁབ་དང་ཁོངས་ཞུགས་མིན་པའི་རྒྱལ་ཁབ་ཏུ་དུས་གཅིག་ལ་པར་སྐྲུན་བྱས་ན་བཅའ་ཁྲིམས་འདི་ཉིད་ལས་སྲུང་སྐྱོབ་བྱ་རྒྱུ།

          དོན་ཚན་གསུམ་པ། བཅའ་ཁྲིམས་འདིར་གསལ་རྩོམ་རིགས་ཞེས་པར་གཤམ་གསལ་གྱི་རྣམ་པའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས་དང་སྒྱུ་རྩལ། རང་བྱུང་ཚན་རིག་དང་། སྤྱི་ཚོགས་ཚན་རིག བཟོ་སྐྲུན་ལག་རྩལ་སོགས་སྐོར་གྱི་རྩོམ་རིགས་འདུས་ཡོད་པ་སྟེ།

          གཅིག ཡིག་ཐོག་གི་རྩོམ་རིགས་དང་། གཉིས། ངག་ཐོག་གི་རྩོམ་རིགས། གསུམ། རོལ་མོ་དང་ཟློས་གར། གཞས་མ་གཏམ། ཞབས་བྲོ། རྩལ་རྩེད་སྒྱུ་རྩལ་བཅས་ཀྱི་རྩོམ་རིགས། བཞི། མཛེས་རིག་དང་བཟོ་སྐྲུན་གྱི་རྩོམ་རིགས། ལྔ། པར་ལེན་རྩོམ་རིགས།  དྲུག  གློག་བརྙན་རྩོམ་རིགས་དང་གློག་བརྙན་པར་རྒྱག་བཟོ་སྐྲུནབྱེད་ཐབས་དང་འདྲ་བའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས།  བདུན། བཟོ་སྐྲུན་ཇུས་འགོད་དང་ཐོན་རྫས་ཇུས་འགོད་དཔེ་རིས། ས་བཀྲ་དོན་མཚོན་དཔེ་རིས་སོགས་ཀྱི་དཔེ་རིས་རྣམ་པའི་རྩོམ་རིགས་དང་མ་དཔེ་རྩོམ་རིགས།  བརྒྱད། རྩིས་འཁོར་གྱི་མཉེན་ཆས། དགུ བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་གཏན་འབེབས་བྱས་པའི་རྩོམ་རིགས་གཞན་དག་བཅས་ཡིན།

          དོན་ཚན་བཞི་པ། རྩོམ་གྱི་བདག་དབང་འཛིན་མཁན་གྱིས་རྩོམ་དབང་ལོངས་སུ་སྤྱོད་སྐབས་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་མི་རུང་དང་། སྤྱིའི་ཁེ་ཕན་ལ་གནོད་རིགས་བྱས་མི་ཆོག་ཅིང་། རྒྱལ་ཁབ་ཀྱིས་རྩོམ་རིགས་པར་སྐྲུན་དང་ཁྱབ་སྤེལ་གཏོང་པར་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་བྱ་རྒྱུ།
 
          དོན་ཚན་ལྔ་པ། བཅའ་ཁྲིམས་འདི་སྤྱོད་གོ་མི་ཆོད་ས་གཤམ་གསལ་ཏེ།

          གཅིག བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་གྲོས་ཆོད་དང་། ཆོད་དོན། བཀའ་རྒྱ་བཅས་ཁྲིམས་འཛུགས་དང་། སྲིད་འཛིན། ཁྲིམས་འཛིན་གྱི་ངོ་བོ་ལྡན་པའི་ཡིག་ཆ་གཞན་དག་དང་གཞུང་ཕྱོགས་ཀྱི་དངོས་གཞིའི་བསྒྱུར་ཡིག་དང་།

          གཉིས། སྐབས་དོན་གསར་འགྱུར།

          གསུམ། ལི་ཐོ་དང་། ཀུན་སྤྱོད་རྩིས་ཀྱི་རེའུ་མིག ཀུན་སྤྱོད་རེའུ་མིག་དང་སྤྱི་འགྲོས་བཅས་ཡིན།

          དོན་ཚན་དྲུག་པ། དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་རིགས་བདག་དབང་སྲུང་སྐྱོང་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།

          དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་རྩོམ་གྱི་བདག་དབང་གི་སྲིད་འཛིན་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩོམ་གྱི་བདག་དབང་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱ་རྒྱུ་དང་། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག ཐད་སྐྱོང་གྲོང་ཁྱེར་ཁག་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་རྩོམ་གྱི་བདག་དབང་གི་སྲིད་འཛིན་དོ་དམ་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རྩོམ་གྱི་བདག་དབང་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱ་རྒྱུ།

          དོན་ཚན་བརྒྱད་པ། རྩོམ་གྱི་བདག་དབང་འཛིན་མཁན་དང་རྩོམ་གྱི་བདག་དབང་འབྲེལ་བ་ཡོད་པའི་དབང་ཆ་མངའ་མཁན་གྱིས་རྩོམ་གྱི་བདག་དབང་ཐུན་མོང་དོ་དན་རྩ་འཛུགས་ནས་རྩོམ་གྱི་བདག་དབང་ངམ་ཡང་ན་རྩོམ་གྱི་བདག་དབང་དང་འབྲེལ་བ་ཡོད་པའི་དབང་ཆ་སྤྱོད་དབང་སྤྲད་ཆོག རྩོམ་གྱི་བདག་དབང་ཐུན་མོང་དོ་དམ་རྩ་འཛུགས་ལ་དབང་ཆ་ཐོབ་རྗེས་རང་ཉིད་ཀྱི་མིང་ཐོག་ནས་རྩོམ་གྱི་བདག་དབང་འཛིན་མཁན་དང་རྩོམ་གྱི་བདག་དབང་དང་འབྲེལ་ཡོད་དབང་ཆ་མངའ་མཁན་ལ་དབང་ཆ་སྤེལ་རོགས་བྱས་ཆོག་པ་མ་ཟད། དོ་བདག་བྱས་ནས་རྩོམ་གྱི་བདག་དབང་ངམ་འབྲེལ་ཡོད་ཀྱི་དབང་ཆའི་སྐོར་གྱི་གཏུག་བཤེར་དང་འདུམ་གཅོད་བྱེད་སྒོ་སྤེལ་ཆོག

          རྩོམ་གྱི་བདག་དབང་ཐུན་མོང་དོ་དམ་རྩ་འཛུགས་ནི་ཁེ་བཟང་གཉེར་བ་མིན་པའི་རྩ་འཛུགས་ཤིག་ཡིན་པ་དང་། དེའི་འཛུགས་སྟངས་དང་། བདག་ཆ་དང་འོས་འགན། རྩོམ་གྱི་བདག་དབང་སྤྱད་འཐུས་གྲོས་དངུལ་བསྡུ་ལེན་དང་བགོ་བཤའ་རྒྱག་དང་དེ་བཞིན་དེར་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་སོགས་རྒྱལ་སྲིད་སྤྱི་ཁྱབ་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།
  
ལེའུ་གཉིས་པ། རྩོམ་གྱི་བདག་དབང་སྐོར།

ས་བཅད་དང་བོ། རྩོམ་གྱི་བདག་དབང་འཛིན་མཁན་དང་དེའི་ཁེ་དབང་།

          དོན་ཚན་དགུ་པ། རྩོམ་གྱི་བདག་དབང་འཛིན་མཁན་གཤམ་གསལ་ཏེ།

          གཅིག རྩོམ་པ་པོ་དང་།

          གཉིས། བཅའ་ཁྲིམས་འདིར་གཞིགས་ཏེ་རྩོམ་གྱི་བདག་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཚུད་ཡོད།

          དོན་ཚན་བཅུ་པ། རྩོམ་གྱི་བདག་དབང་ཁོངས་སུ་ལུས་ཁམས་ཀྱི་ཐོབ་དབང་དང་རྒྱུ་ནོར་བདག་དབང་ཚུད་ཡོད་པ་གཤམ་གསལ་ཏེ།

          གཅིག འགྲེམས་འགོད་བྱེད་དབང་སྟེ་རྩོམ་རིགས་གང་དེ་མང་ཚོགས་ལ་ཡོངས་བསྒྲགས་བྱེད་མིན་ཐག་གཅོད་པའི་དབང་ཆ་དང་།

          གཉིས། མིང་འགོད་དབང་སྟེ་རྩོམ་པ་པོའི་ཐོབ་ཐང་གསལ་སྟོན་གྱིས་རྩོམ་རིགས་ཐོག་མིང་འགོད་པའི་དབང་ཆ།

          གསུམ། བཟོ་བཅོས་བྱེད་དབང་སྟེ་རྩོམ་རིགས་བཟོ་བཅོས་བྱེད་པའམ་བཟོ་བཅོས་བྱེད་དབང་མི་གཞན་ལ་སྐུར་བའི་དབང་ཆ།

          བཞི། རྩོམ་རིགས་ཆ་ཚང་ཡོང་བར་སྲུང་སྐྱོང་བྱེད་དབང་སྟེ་རྩོམ་རིགས་ལ་འཁྱོག་བཤད་དང་ཟོལ་བཅོས་མི་ཡོང་བའི་སྲུང་སྐྱོང་བྱེད་པའི་དབང་ཆ།

          ལྔ། འདྲ་བཟོས་བྱེད་དབང་སྟེ་པར་སྐྲུན་དང་བསྐྱར་དཔར།ངོ་བཤུས་སྒྲ་ཕབ། བརྙན་ཕབ།བསྐྱར་ཕབ། པར་སློག་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་རྩོམ་རིགས་གཅིག་གམ་མང་དུ་བཟོ་བའི་དབང་ཆ།

          དྲུག འགྲེམས་སྤེལ་བྱེད་དབང་སྟེ་འཚོང་བའམ་ཡང་ན་སྐྱེས་འབུལ་གྱི་བྱེད་སྟངས་ཐོག་ནས་སྤྱི་དམངས་ལ་རྩོམ་རིགས་ཀྱི་མ་ཡིག་གམ་འདྲ་བཟོས་དངོས་རིགས་སྤྲོད་རྒྱུའི་དབང་ཆ།

          བདུན། བོགས་མར་གཏོང་དབང་སྟེ་རིན་དོད་ཡོད་པའི་སྒོ་ནས་མི་གཞན་ལ་གནས་སྐབས་གློག་བརྙན་རྩོམ་རིགས་དང་གློག་བརྙན་པར་ལེན་བཟོ་སྐྲུན་བྱེད་ཐབས་དང་འདྲ་བའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས་དང་རྩིས་འཁོར་གྱི་མཉེན་ཆས་བཅས་སྤྱད་ཆོག་པའི་དབང་ཆ། རྩིས་འཁོར་གྱི་མཉེན་ཆས་བོགས་མར་གཏོང་བའི་དམིགས་བྱ་གཙོ་བོ་ཡིན་མིན་པ་འདིའི་ཁོངས་སུ་མི་གཏོགས།

          བརྒྱད། འགྲེམས་སྟོན་བྱེད་དབང་སྟེ་མཛེས་རྩལ་རྩོམ་རིགས་དང་།པར་ལེན་རྩོམ་རིགས་ཀྱི་མ་རྩོམ་མམ་ཡང་ན་འདྲ་བཟོས་དངོས་པོ་ཡོངས་གྲགས་སུ་བཤམས་སྟོན་བྱེད་པའི་དབང་ཆ།

          དགུ འཁྲབ་སྟོན་བྱེད་དབང་སྟེ་རྩོམ་རིགས་ཡོངས་གྲགས་སུ་འཁྲབ་སྟོན་བྱས་པ་དང་དེ་བཞིན་བྱེད་ཐབས་སྣ་ཚོགས་སྤྱད་ནས་རྩོམ་རིགས་འཁྲབ་སྟོན་བྱས་པ་ཡོངས་གྲགས་ཁྱབ་གཏོང་བྱེད་པའི་དབང་ཆ།

          བཅུ། གློག་བརྙན་སྟོན་དབང་སྟེ་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་དང་སྒྲོན་བརྙན་སྟོན་ཆས་སོགས་ལག་རྩལ་སྒྲིག་ཆས་ལ་བརྟེན་ནས་མཛེས་རྩལ་དང་། པར་རྒྱག་གློག་བརྙན་དང་གློག་བརྙན་པར་ལེན་བཟོ་སྐྲུན་བྱེད་ཐབས་དང་འདྲ་བའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས་ཡོངས་གྲགས་སུ་བསྐྱར་སྟོན་བྱེད་པའི་དབང་ཆ།

          བཅུ་གཅིག རྒྱང་བསྒྲགས་གཏོང་དབང་སྟེ་སྐུད་མེད་ཀྱི་རྣམ་པའི་ཐོག་ནས་རྩོམ་རིགས་ཡོངས་གྲགས་སུ་རྒྱང་བསྒྲགས་གཏོང་བའམ་ཁྱབ་སྤེལ་བྱས་པ་དང་། སྐུད་ཡོད་ཁྱབ་གཏོང་ངམ་ཡང་ན་བརྒྱུད་གཏོང་གི་རྣམ་པའི་ཐོག་ནས་སྤྱི་དམངས་ལ་ཀུན་ཁྱབ་རླུང་འཕྲིན་གྱི་རྩོམ་རིགས་ཁྱབ་གཏོང་བྲེད་པ་དང་དེ་བཞིན་སྒྲ་སྐྱེད་འཕུལ་ཆས་སམ་ཡང་ན་ཨང་རྟགས་དང་། སྐད་སྒྲ། པར་རིས་བཅས་སྐྱེལ་གཏོང་བྱེད་པ་དང་འདྲ་བའི་ཡོ་བྱད་གཞན་དག་གིས་སྤྱི་དམངས་ལ་ཀུན་ཁྱབ་རུལ་འཕྲིན་གྱི་རྩོམ་རིགས་ཁྱབ་གཏོང་པའི་དབང་ཆ།

          བཅུ་གཉིས། ཆ་འཕྲིན་དྲ་བའི་ཁྱབ་གཏོང་དབང་ཆ་སྟེ་སྐུད་ཡོད་དམ་སྐུད་མེད་ཀྱི་རྣམ་པའི་ཐོག་ནས་སྤྱི་དམངས་ལ་རྩོམ་རིགས་མཁོ་འདོན་བྱས་ནས་སྤྱི་དམངས་ཀྱིས་རང་སྒེར་གྱིས་བདམས་པའི་དུས་ཚོད་དང་ས་ཆར་རྩོམ་རིགས་ཐོབ་ཐུབ་པའི་དབང་ཆ།

          བཅུ་གསུམ། པར་ལེན་བརྙན་ཕབ་ཀྱི་དབང་ཆ་སྟེ་གློག་བརྙན་པར་ལེན་བརྙན་ཕབ་བམ་ཡང་ན་གློག་བརྙན་པར་ལེན་བཟོ་སྐྲུན་བྱེད་ཐབས་དང་འདྲ་བའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས་གདོས་བཅས་གང་ཞིག་གི་ཐོག་གཏན་འགོད་བྱས་པའི་དབང་ཆ།

          བཅུ་བཞི། བསྐྱར་སྒྲིག་བྱེད་དབང་སྟེ་རྩོམ་རིགས་བཟོ་བཅོས་བྱས་ནས་ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་ལྡན་པའི་རྩོམ་རིགས་གསར་པ་གསར་རྩོམ་བྱེད་པའི་དབང་ཆ།

          བཅོ་ལྔ། ཡིག་བསྒྱུར་བྱེད་དབང་སྟེ་རྩོམ་རིགས་སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་བའི་དབང་ཆ།

          བཅུ་དྲུག ཕྱོགས་བསྒྲིགས་བྱེད་དབང་སྟེ་རྩོམ་རིགས་སམ་རྩོམ་རིགས་ཀྱི་དུམ་བུ་ཞིག་འདེམས་སྒྲུག་གམ་ཡང་ན་སྒྲིག་བསྡུས་བྱས་པར་བརྟེན་ནས་རྩོམ་རིགས་གསར་པ་ཕྱོགས་སྒྲིག་བྱེད་པའི་དབང་ཆ།

          བཅུ་བདུན། རྩོམ་གྱི་བདག་དབང་འཛིན་མཁན་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དབང་ཆ་གཞན་དག་སྟེ།

          རྩོམ་གྱི་བདག་དབང་འཛིན་མཁན་གྱིས་མི་གཞན་ལ་ནང་གསེས་དོན་ཚན་གོང་ཚན་གོང་མའི་ཡང་ཚན(ལྔ)ནས་ཡང་ཚན(བཅུ་བདུན)བར་གཏན་འབེབས་བྱས་པའི་དབང་ཆ་སྤྱད་ཆོག་ཏུ་བཅུག་པ་མ་ཟད། ཁ་ཆད་དམ་ཡང་ན་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཐོབ་ཆ་ལེན་རྒྱུ།

          རྩོམ་གྱི་བདག་དབང་འཛིན་མཁན་གྱིས་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན(ལྔ)ནས་ཡང་ཚན(བཅུ་བདུན)བར་གཏན་འབེབས་བྱས་པའི་དབང་ཆ་ཚང་མའམ་ཡང་ན་ཁ་ཤས་བཤུག་སྤྲོད་བྱས་ཆོག་པ་མ་ཟད། ཁ་ཆད་དམ་ཡང་ན་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་ཐོབ་ཆ་ལེན་རྒྱུ།
  
ས་བཅད་གཉིས་པ། རྩོམ་གྱི་བདག་དབང་གཏོགས་ཁོངས།

          དོན་ཚན་བཅུ་གཅིག་པ། བཅའ་ཁྲིམས་འདིར་ལོགས་སུ་གཏན་འབེབས་བྱས་པ་ཕུད་རྩོམ་གྱི་བདག་དབང་རྩོམ་པ་པོ་རང་ལ་དབང་རྒྱུ།

          རྩོམ་རིགས་གསར་རྩོམ་བྱེད་མཁན་སྤྱི་དམངས་ནི་རྩོམ་པ་པོ་ཡིན།

          ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་གཙོ་སྐྱོང་བྱེད་ཅིང་། ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་བསམ་འདུན་མཚོན་པའི་གསར་རྩོམ་བྱས་པ་དང་འབྲེལ་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་འགན་འཁུར་བའི་རྩོམ་རིགས་རྣམས་ཁྲིམས་མིའམ་རྩ་འཛུགས་གཞན་དག་རྩོམ་པ་པོར་བརྩི་རྒྱུ།

          གལ་ཏེ་ལྡོག་ཕྱོགས་ཀྱི་དཔང་རྟགས་མེད་ན་རྩོམ་རིགས་ཐོག་མིང་བཀོད་པའི་སྤྱི་དམངས་དང་། ཁྲིམས་མིའམ་རྩ་འཛུགས་གཞན་དག་རྩོམ་པ་པོར་བརྩི་རྒྱུ།

          དོན་ཚན་བཅུ་གཉིས་པ། སྔར་ཡོད་རྩོམ་རིགས་བཅོས་སྒྲིག་དང་།

          ཡིག་བསྒྱུར། མཆན་འགྲེལ། ལེགས་སྒྲིག་བཅས་བྱས་ནས་བྱུང་བའི་རྩོམ་རིགས་དེའི་རྩོམ་གྱི་བདག་དབང་བཅོས་སྒྲིག་དང་། ཡིག་བསྒྱུར་། མཆན་འགྲེལ། ལེགས་སྒྲིག་བཅས་བྱེད་མཁན་གྱིས་ལོངས་སུ་སྤྱོད་རྒྱུ། འོན་ཀྱང་རྩོམ་གྱི་བདག་དབང་ལོངས་སུ་སྤྱོད་པའི་སྐབས་སུ་མ་རྩོམ་གྱི་བདག་དབང་ལ་ཕོག་ཐུག་བཏང་མི་ཆོག

          དོན་ཚན་བཅུ་གསུམ་པ། མི་གཉིས་ཡན་གྱིས་མཉམ་རྩོམ་བྱས་པའི་རྩོམ་རིགས་ཀྱི་བདག་དབང་མཉམ་རྩོམ་བྱེད་མཁན་རྩོམ་པ་པོ་ཐུན་མོང་ནས་ལོངས་སུ་སྤྱོད་རྒྱུ། གསར་རྩོམ་གྱི་བྱ་བའི་ནང་ཞུགས་མེད་མཁན་ནི་མཉམ་རྩོམ་གྱི་རྩོམ་པ་པོར་བརྩི་མི་རུང་།

          མཉམ་རྩོམ་གྱི་རྩོམ་རིགས་ལས་ཁ་ཕྲལ་ནས་བེད་སྤྱད་ཆོག་པ་དག་རྩོམ་པ་པོས་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་ཆ་ཤས་དེའི་བདག་དབང་ཁེར་གཙང་རང་གཅིག་པུས་ལོངས་སུ་སྤྱད་འཐུས། འོན་ཀྱང་རྩོམ་གྱི་བདག་དབང་དེ་ལོངས་སུ་སྤྱོད་སྐབས་མཉམ་རྩོམ་གྱི་རྩོམ་རིགས་ཧྲིལ་པོའི་བདག་དབང་ལ་ཕོག་ཐུག་བཏང་མི་ཆོག

          དོན་ཚན་བཅུ་བཞི་བ། རྩོམ་རིགས་འགའ་ཞིག་དང་རྩོམ་རིགས་ཀྱི་དུམ་བུའམ་རྩོམ་རིགས་སུ་མ་གྲུབ་པའི་གཞི་གྲངས་སམ་དཔྱད་གཞིའི་ཡིག་རིགས་གཞན་དག་བཅས་ཕྱོགས་བསྒྲིགས་བྱས་ནས་འདིའི་ནང་དོན་འདེམས་སྒྲུག་བྱ་རྒྱུའམ་སྒྲིག་པར་གསར་གཏོད་དམིགས་བསལ་ཅན་མཚོན་པའི་རྩོམ་རིགས་ནི་ཕྱོགས་བསྒྲིགས་རྩོམ་རིགས་ལ་བརྩི་བ་དང་།འདིའི་རྩོམ་གྱི་བདག་དབང་ཕྱོགས་བསྒྲིགས་བྱེད་མཁན་ལ་ལོངས་སུ་སྤྱོད་རྒྱུ་ཡོད།འོན་ཀྱང་རྩོམ་གྱི་བདག་དབང་ལོངས་སུ་སྤྱོད་སྐབས་མ་རྩོམ་གྱི་བདག་དབང་ལ་ཕོག་ཐུག་བཏངམི་ཆོག དོན་ཚན་བཅོ་ལྔ། གློག་བརྙན་རྩོམ་རིགས་དང་གློག་བརྙན་པར་རྒྱག་བཟོ་སྐྲུན་བྱེད་ཐབས་དང་འདྲ་བའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས་ཀྱི་བདག་དབང་གློག་བརྙན་བཟོ་མཁན་ལ་ལོངས་སུ་སྤྱོད་རྒྱུ་ཡོད། འོན་ཀྱང་འཁྲབ་གཞུང་རྩོམ་མཁན་དང་། འཁྲབ་ཁྲིད་པ། པར་རྒྱག་མཁན། གཞས་ཚིག་རྩོམ་མཁན་སོགས་ཀྱི་རྩོམ་པ་པོར་མིང་དབང་ཡོད་པ་མ་ཟད། གློག་བརྙན་བཟོ་མཁན་དང་བཞག་པའི་གན་རྒྱ་གཞིར་བཟུང་སྟེ་རྩོམ་ཡོན་ཐོབ་དབང་ཡོད།
          དོན་ཚན་བཅུ་དྲུག་པ།

          སྤྱི་དམངས་ཀྱིས་ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་ལས་འགན་སྒྲུབ་ཕྱིར་གསར་རྩོམ་བྱས་པའི་རྩོམ་རིགས་ནི་ལས་ཐོག་གི་རྩོམ་རིགས་ཡིན། དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པ་ཕུད་དེ་བྱིངས་རྩོམ་དག་གི་བདག་དབང་རྩོམ་པ་པོར་ལོངས་སུ་སྤྱོད་རྒྱུ་ཡོད། འོན་ཀྱང་ཁྲིམས་མིའམ་རྩ་འཛུ གས་གཞན་དག་ལ་རང་གི་ལས་སྒོའི་ཁྱབ་ཁོངས་ནང་ཁོངས་སུ་སྔོན་ལ་བེད་སྤྱོད་བྱེད་པའི་དབང་ཆ་ཡོ་ཅིང་། རྩོམ་རིགས་གྲུབ་པ་ནས་བཟུང་བའི་ལོ་གཉིས་ནང་ཚུན་སྡེ་ཚན་གྱི་མོས་མཐུན་མ་བྱས་པར་རྩོམ་པ་པོས་མི་གསུམ་པར་སྡེ་ཚན་གྱི་བེད་སྤྱོད་བྱེད་སྟངས་དང་འདྲ་བའི་ཐབས་ཚུལ་ལྟར་རྩོམ་རིགས་འདི་ཉིད་བེད་སྤྱོད་བྱེད་དུ་བཅུག་མི་ཆོག

          གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པའི་ལས་ཐོག་གི་རྩོམ་རིགས་ཡིན་ཕྱིར་རྩོམ་པ་པོར་མིང་འགོད་པའི་དབང་ཆ་ཡོད། རྩོམ་གྱི་བདག་དབང་ཁོངས་སུ་གཏོགས་པའི་ཁེ་དབང་གཞན་རྣམས་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་ལོངས་སུ་སྤྱོད་རྒྱུ་དང་། ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་རྩོམ་པ་པོར་བྱ་དགའ་སྤྲད་ཆོག་པ་སྟེ།

          གཅིག ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་དངོས་པོ་དང་ལག་རྩལ་གྱི་ཆ་རྐྱེན་གཙོར་བཟུང་སྟེ་བེད་སྤྱད་ནས་གསར་རྩོམ་བྱས་པ་མ་ཟད། ཁྲིམས་མིའམ་རྩ་འཛུགས་གཞན་དགགིས་འགན་འཁུར་བའི་བཟོ་སྐྲུན་ཇུས་འགོད་དང་། ཐོན་རྫས་ཇུས་འགོད་ཀྱི་དཔེ་རིས་དང་། ས་བཀྲ། རྩིས་འཁོར་གྱི་མཉེན་ཆས་སོགས་ཀྱི་ལས་ཐོག་གི་རྩོམ་རིགས་དང་།

          གཉིས། ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་ལོངས་སུ་སྤྱོད་རྒྱུ་ཞེས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའམ་གན་རྒྱ་བཞག་ནས་ཁ་ཆད་བྱས་པའི་ལས་ཐོག་གི་རྩོམ་རིགས་ཡིན།

          དོན་ཚན་བཅུ་བདུན་པ།

          མངག་བཅོལ་ཁས་ལེན་གྱིས་གསར་རྩོམ་བྱས་པའི་རྩོམ་རིགས་ཀྱི་བདག་དབང་སུའི་ཡིན་མིན་ནི་མངག་བཅོལ་བྱེད་མཁན་དང་མངག་བཅོལ་བྱ་ཡུལ་གཉིས་ཀྱིས་གན་རྒྱའི་ཐོག་ནས་ཁ་ཆད་བྱ་རྒྱུ། གན་རྒྱའི་ཁ་ཆད་གསལ་པོ་བྱས་མེད་པའམ་གན་རྒྱ་བཞག་མེད་ན་རྩོམ་གྱི་བདག་དབང་མངག་བཅོལ་དང་ལེན་བྱེད་མཁན་གྱི་ཡིན།

          དོན་ཚན་བཅོ་བརྒྱད་པ།

          མཛེས་རྩལ་སོགས་ཀྱི་རྩོམ་རིགས་ཀྱི་མ་རྩོམ་བདག་འཛིན་བྱེད་དབང་སྤོ་སྒྱུར་བྱས་པ་རྩོམ་དེའི་བདག་དབང་སྤོ་སྒྱུར་བྱས་པར་མི་བརྩི་རྒྱུ། འོན་ཀྱང་མཛེས་རྩལ་གྱི་མ་རྩོམ་གྱི་མ་རྩོམ་བཤམས་སྟོན་བྱེད་དབང་ནི་མ་རྩོམ་བདག་འཛིན་བྱེད་མཁན་ལ་ལོངས་རྒྱུ་ཡོད།

          དོན་ཚན་བཅུ་དགུ་པ།

          རྩོམ་གྱི་བདག་དབང་སྤྱི་དམངས་ལ་གཏོགས་པ་ཡིན་ཕྱིན་སྤྱི་དམངས་ཚེ་ལས་འདས་རྗེས་བཅའ་ཁྲིམས་འདིའི་དོན་ཚན་བཅུ་པའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན་ལྔ་ནས་ཡང་ཚན་བཅུ་བདུན་བར་དུ་གཏན་ལ་ཕབ་པའི་དེའི་དབང་ཆ་ནི་བཅའ་ཁྲིམས་འདི་ཉིད་གཏན་ལ་ཕབ་པའི་སྲུང་སྐྱོང་ཡུན་ཚད་ནང་ཚུན་ཤུལ་འཛིན་སྐོར་གྱི་བཅའ་ཁྲིམས་ནང་གསལ་སྟོན་གཏན་འབེབས་ལྟར་སྤོ་སྒྱུར་བྱ་རྒྱུ།

          རྩོམ་གྱི་བདག་དབང་ཁྲིམས་མིའམ་རྩ་འཛུགས་གཞན་དག་ལ་གཏོགསཔ་ཡིན་ཕྱིན་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་དེ་བསྒྱུར་བ་དང་མཚམས་བཞག་པ་ཡིན་ན། བཅའ་ཁྲིམས་འདི་ཉིད་དུ་དོན་ཚན་བཅུ་པའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན་ལྔ་ནས་ཡང་ཚན་བཅུ་བདུན་བར་དུ་གཏན་འབེབས་བྱས་པའི་དེའི་དབང་ཆ་བཅའ་ཁྲིམས་འདི་ཉིད་དུ་གཏན་འབེབས་བྱས་པའི་སྲུང་སྐྱོང་དུས་ཡུན་ནང་ཚུན་དུ་དེའི་དབང་ཆ་དང་འོས་འགན་བསྟུད་འཛིན་བྱེད་པའི་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་ལོངས་སུ་སྤྱོད་རྒྱུ་དང་། དེའི་དབང་ཆ་དང་འོས་འགན་བསྟུད་འཛིན་བྱེད་མཁན་ཁྲིམས་མིའམ་རྩ་འཛུགས་གཞན་དག་མེད་ཕྱིན་རྒྱལ་ཁབ་གཞུང་ནས་ལོངས་སུ་སྤྱོད་རྒྱུ།

ས་བཅད་གསུམ་པ། ཁེ་དབང་སྲུང་བའི་དུས་ཡུན།

          དོན་ཚན་ཉི་ཤུ་པ། རྩོམ་པ་པོའི་མིང་འགོད་དབང་དང་།བཟོ་བཅོས་བྱེད་དབང་།རྩོམ་རིགས་ཆ་ཚང་ཡོང་བའི་སྲུང་སྐྱོང་བྱེད་དབང་བཅས་ལ་སྲུང་སྐྱོང་བྱེད་པའི་དུས་ཡུན་ལ་ཚད་བཀག་མེད།

          དོན་ཚན་ཉེར་གཅིག་པ།

          སྤྱི་དམངས་ཀྱི་རྩོམ་རིགས་གང་དེའི་འགྲེམས་བྱེད་དབང་དང་།བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་བཅུ་བའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན(ལྔ)ནས་ཡང་ཚན(བཅུ་བདུན)བར་དུ་གཏན་འབེབས་བྱས་པའི་དབང་ཆ་སྲུང་སྐྱོང་དུས་ཡུན་ནི་རྩོམ་པ་པོའི་མི་ཚེ་ཧྲིལ་པོ་དང་དེ་ཚེ་ལས་འདས་རྗེས་ཀྱི་ལོ་ལྔ་བཅུ་བར་ཡིན་ཞིང་། རྩོམ་པ་པོ་ཚེ་ལས་འདས་རྗེས་ཀྱི་ལོ་ལྔ་བཅུ་པའི་ཟླ12ཚེས31ཉིན་སྲུང་མཚམས་འཇོག་རྒྱུ། གལ་ཏེ་མཉམ་རྩོམ་གྱི་རྩོམ་རིགས་ཡིན་ན་དེའི་མཚམས་འཇོག་དུས་ཚད་ནི་མཐའ་མཇུག་ཏུ་ཚེ་ལས་འདས་པའི་རྩོམ་པ་པོ་དེ་ཚེ་ལས་འདས་རྗེས་ཀྱི་ལོ་ལྔ་བཅུ་པའི་ཟླ12ཚེས31ཉིན་ཡིན།

          ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་རྩོམ་རིགས་དང་རྩོམ་གྱི་བདག་དབང་(དེའི་ནང་མིང་འགོད་དབང་ཕུད)ཁྲིམས་མའི་རྩ་འཛུགས་གཞན་དག་གིས་ལོངས་སུ་སྤྱོད་པའི་ལས་ཐོག་རྩོམ་རིགས་དག་འགྲེམས་འགོད་བྱེད་དབང་དང་། བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་བཅུ་པའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན(ལྔ)ནས་ཡང་ཚན(བཅུ་བདུན)བར་དུ་གཏན་འབེབས་བྱས་པའི་དབང་ཆ་སྲུང་སྐྱོང་དུས་ཡུན་ལོ་ལྔ་བཅུ་ཡིན་ཞིང་། རྩོམ་རིགས་ཐོག་མར་འགྲེམས་འགོད་བྱས་རྗེས་ཀྱི་ལོ་ལྔ་བཅུ་པའི་ཟླ12ཚེས31ཉིན་སྲུང་མཚམས་འཇོག་རྒྱུ། འོན་ཀྱང་བརྩམས་ཟིན་ནས་ལོ་ལྔ་བཅུའི་ནང་ཚུན་འགྲེམས་སྤེལ་བྱས་མེད་པའི་རྩོམ་རིགས་དག་བཅའ་ཁྲིམས་འདི་ཡིས་སྲུང་སྐྱོང་མི་བྱ་རྒྱུ། གློག་བརྙན་གྱི་རྩོམ་རིགས་དང་གློག་བརྙན་པར་ལེན་བཟོ་སྐྲུན་བྱེད་ཐབས་དང་འདྲ་བའི་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིགས་དང་། པར་ལེན་རྩོམ་རིགས་དག་གི་འགྲེམས་འགོད་བྱེད་དབང་དང་། བཅའ་ཁྲིམས་འདིའི་དོན་ཚན་བཅུ་པའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན(ལྔ)ནས་ཡང་ཚན་(བཅུ་བདུན)བར་དུ་གཏན་འབེབས་བྱས་པའི་དབང་ཆ་སྲུང་སྐྱོང་དུས་ཡུན་ལོ་ལྔ་བཅུ་ཡིན་ཞིང་། རྩོམ་རིགས་ཐོག་མར་འགྲེམས་འགོད་བྱས་རྗེས་ཀྱི་ལོ་ལྔ་བཅུ་པའི་ཟླ12ཚེས31ཉིན་སྲུང་མཚམས་འཇོག་རྒྱུ། འོན་ཀྱང་བརྩམས་ཟིན་ནས་ལོ་ལྔ་བཅུའི་ནང་ཚུན་འགྲེམས་འགོད་བྱས་མེད་པའི་རྩོམ་རིགས་དག་བཅའ་ཁྲིམས་འདི་ཡིས་སྲུང་སྐྱོང་མི་བྱ་རྒྱུ།

ས་བཅད་བཞི་པ། ཁེ་དབང་གི་ཚད་བཀག

          དོན་ཚན་ཉེར་གཉིས་པ། གཤམ་གསལ་གྱི་གནས་ཚུལ་འོག་རྩོམ་རིགས་བེད་སྤྱོད་བྱེད་པར་རྩོམ་གྱི་བདག་དབང་འཛིན་མཁན་གྱི་མོས་མཐུན་ཐོབ་མི་དགོས་པ་དང་དེར་གླ་ཡོན་ཡང་སྤྲོད་མི་དགོས། འོན་ཀྱང་རྩོམ་པ་པོའི་མིང་དང་རྩོམ་རིགས་ཀྱི་མིང་གསལ་སྟོན་བྱ་དགོས་པ་མ་ཟད། རྩོམ་གྱི་བདག་དབང་འཛིན་མཁན་གྱི་བཅའ་ཁྲིམས་འདི་ལྟར་ལོངས་སུ་སྤྱོད་པའི་དབང་ཆ་གཞན་དག་ལ་གནོད་འཚེ་བཏང་མི་ཆོག་སྟེ།

          གཅིག རང་གིས་སློབ་སྦྱོང་དང་ཞིབ་འཇུག་གམ་ཡང་ན་ལྟ་མཁན་བཅས་ཀྱི་ཆེད་དུ་འགྲེམས་འགོད་བྱས་ཟིན་པའི་མི་གཞན་གྱི་རྩོམ་རིགས་བེད་སྤྱོད་པ་དང་།

          གཉིས རྩོམ་རིགས་ག་གེ་མོ་ཞིག་ངོ་སྤྲོད་དང་དཔྱད་གཏམབརྗོད་པའམ་ཡང་ན་གནད་དོན་ག་གེ་མོ་ཞིག་གསལ་བཤད་བྱེད་ཆེད་རང་གི་རྩོམ་རིགས་ནང་མི་གཞན་པའི་འགྲེམས་འགོད་བྱས་ཟིན་པའི་རྩོམ་རིགས་ལས་འོས་འཚམ་འདྲེན་པ།

          གསུམ སྐབས་དོན་གསར་འགྱུར་འགོད་གཏོང་བྱེད་པའི་ཆེད་དུ་ཚགས་པར་དང་། དུས་དེབ། ཀུན་ཁྱབ་རླུང་འཕྲིན། བརྙན་འཕྲིན་སོགས་ཀྱི་ཆ་འཕྲིན་མཚམས་སྦྱོར་སྡེ་ཚན་གྱིས་འགྲེམས་སྤེལ་བྱས་ཟིན་པའི་རྩོམ་རིགས་གཡོལ་ཐབས་མེད་པའི་སྒོ་ནས་བསྐྱར་སྟོན་ནམ་ལུང་དུ་འདྲེན་པ།

          བཞི རྩོམ་པ་པོས་འགོད་སྤེལ་མི་ཆོག་པའི་གསལ་བསྒྲགས་བྱད་རིགས་ཕུད། ཚགས་པར་དང་དུས་དེབ། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་སོགས་ཀྱི་ཆ་འཕྲིན་མཚམས་སྦྱོར་སྡེ་ཚན་གཞན་དག་གིས་འགྲེམས་འགོད་བྱས་ཟིན་པའི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས་བཅས་ཀྱི་གནད་དོན་སྐོར་གྱི་སྐབས་དོན་རང་བཞིན་གྱི་རྩོམ་ཡིག་འགོད་པའམ་འགྲེམས་གཏོང་བྱེད་པ།

          ལྔ རྩོམ་པ་པོས་འགོད་སྤེལ་མི་ཆོག་པའི་གསལ་བསྒྲགས་བྱས་རིགས་ཕུད། ཚགས་པར་དང་། དུས་དེབ། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་སོགས་ཀྱི་ཆ་འཕྲིན་མཚམས་སྦྱོར་སྡེ་ཚན་གྱིས་མི་མང་འཛོམས་སར་སྤེལ་བའི་གཏམ་བཤད་འགོད་པའམ་འགྲེམས་གཏོང་བྱེད་པ།

          དྲུག སློབ་གྲྭའི་སློབ་ཁང་དུ་སློབ་ཚན་ཁྲིད་པའམ་ཚན་རིག་ཞིབ་འཇུག་ངྱེད་པའི་ཆེད་དུ་འགྲེམས་འགོད་བྱས་ཟིན་པའི་རྩོམ་རིགས་ཡིག་བསྒྱུར་རམ་ཉུང་ཤས་འདྲ་བཟོས་བྱས་ནས་སློབ་ཁྲིད་དམ་ཚན་རིག་ཞིབ་འཇུག་པའི་སྤྱོད་བྱར་མཁོ་འདོན་བྱེད་པ། འོན་ཀྱང་དཔེ་སྐྲུན་འགྲེམས་འགོད་གཏོང་བྱས་མི་ཆོག

          བདུན རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་གཞུང་དོན་སྒྲུབ་ཕྱིར་ལུགས་མཐུན་གྱི་ཁྱབ་ཁོངས་ནང་དུ་འགྲེམས་སྤེལ་བྱས་ཟིན་པའི་རྩོམ་རིགས་བེད་སྤྱོད་པ།

          བརྒྱད དཔེ་མཛོད་དང་། ཡིག་ཚགས་ཁང་། དྲན་གསོ་ཁང་། དངོས་མང་བཤམས་སྟོན་ཁང་། མཛེས་རྩལ་ཁང་སོགས་ཀྱིས་པར་མ་སྒྲིག་གཤོམ་དང་ཉར་ཚགས་ཀྱི་དགོས་མཁོའི་ཆེད་དུ་སོ་སོས་བསྡུ་ཉར་བྱས་པའི་རྩོམ་རིགས་འདྲ་བཟོ་བྱེད་པ།

          དགུ འགྲེམས་འགོད་བྱས་ཟིན་པའི་རྩོམ་རིགས་གླ་ཡོན་མི་དགོས་པར་འཁྲབ་སྟོན་བྱེད་པ་དེ་ཡིས་སྤྱི་དམངས་ནས་རིན་དངུལ་བསྡུས་མེད་ལ། འཁྲབ་སྟོན་པར་ཡང་གླ་ཡོན་སྤྲད་མེད་པ།

          བཅུ ཁང་པའི་ཕྱི་ལོགས་ཀྱི་མི་མང་འདུ་འཛོམས་བྱེད་སར་སྒྱུ་རྩལ་གྱི་རྩོམ་རིགས་བསྒྲིགས་པའམ་བཤམས་སྟོན་བྱས་རིགས་འདྲ་བཤུས་དང་། རི་མོ་འབྲི་བ། པར་ལེན། བརྙན་ཕབ་བཅས་བྱེད་པ།

          བཅུ་གཅིག ཀྲུང་གོའི་སྤྱི་དམངས་དང་། ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་འགྲེམས་འགོད་བྱས་ཟིན་པའི་རྒྱ་ཡིག་གི་རྩོམ་རིགས་དག་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་སུ་བསྒྱུར་ནས་རྒྱལ་ནང་དུ་པར་སྐྲུན་འགྲེམས་སྤེལ་བྱེད་པ།

          བཅུ་གཉིས འགྲེམས་འགོད་བྱས་ཟིན་པའི་རྩོམ་རིགས་ལོང་ཡིག་ཏུ་བསྒྱུར་ནས་པར་དུ་སྐྲུན་པ་བཅས་སོ །

          གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་དག་པར་སྐྲུན་མཁན་དང་། འཁྲབ་སྟོན་པ། སྒྲ་ཕབ་བརྙན་ཕབ་བྱེད་མཁན། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་བཅས་ཀྱི་དབང་ཚད་ལ་སྤྱོད་གོ་ཆོད་པ་ཡིན།

          དོན་ཚན་ཉེར་གསུམ་པ།

          རྩོམ་པ་པོས་སྔོན་ལ་བེད་སྤྱོད་བྱས་མི་ཆོག་པའི་གསལ་བསྒྲགས་སྤེལ་བ་ཕུད། ལོ་དགུའི་འོས་འགན་སློབ་གསོ་དང་རྒྱལ་ཁབ་ཀྱི་སློབ་གསོའི་འཆར་འགོད་ལག་ལེན་བསྟར་ཕྱིར་རྩོམ་བྲིས་དཔེ་སྐྲུན་བྱས་པའི་སློབ་དེབ་ཡིན་ཕྱིན་རྩོམ་གྱི་བདག་དབང་འཛིན་མཁན་གྱི་མོས་མཐུན་མ་ཐོབ་པར་སློབ་དེབ་ནང་འགྲེམས་འགོད་བྱས་ཟིན་པའི་རྩོམ་རིགས་ཆ་ཤས་སམ་རྩོམ་ཡིག་ཐུང་གྲས། རོལ་དབྱངས་སམ་མཛེས་རིས་ཁེར་མ། པར་རིགས་བཅས་ཕྱོགས་སྒྲིག་བྱས་ཆོག་མོད། འོན་ཀྱང་གཏན་འབེབས་ལྟར་རྩོམ་ཡོན་སྤྲོད་དགོས་པ་དང་། རྩོམ་པ་པོའི་མིང་དང་། རྩོམ་རིགས་ཀྱི་ཁ་བྱང་གསལ་པོར་འགོད་དགོས་པ་མ་ཟད། རྩོམ་གྱི་བདག་དབང་འཛིན་མཁན་གྱིས་བཅའ་ཁྲིམས་འདི་གཞིར་བཟུང་སྟེ་ལོངས་སུ་སྤྱོད་རུང་བའི་དབང་ཆ་གཞན་དག་ལ་བཙན་གནོད་གཏོང་མི་ཆོག

          ནང་གསེས་དོན་ཚན་གོང་མའི་གཏན་འབེབས་དག་པར་སྐྲུན་མཁན་དང་། འཁྲབ་སྟོན་པ། སྒྲ་ཕབ་བརྙན་ཕབ་བྱེད་མཁན། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་བཅས་ཀྱི་དབང་ཚད་ལ་སྤྱོད་གོ་ཆོད་པ་ཡིན།
   
ལེའུ་གསུམ་པ། རྩོམ་གྱི་བདག་དབང་བེད་སྤྱོད་དང་བཤུག་སྤྲོད་བྱས་འཐུས་ཀྱི་གན་རྒྱའི་སྐོར།

          དོན་ཚན་ཉེར་བཞི་པ། བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་འཁྲོལ་མཆན་ཞུ་མི་དགོས་པའི་རིགས་ཕུད། མི་གཞན་གྱི་རྩོམ་རིགས་བེད་སྤྱོད་པར་རྩོམ་གྱི་བདག་དབང་འཛིན་མཁན་དང་བེད་སྤྱོད་ཆོག་པའི་གན་རྒྱ་འཇོག་དགོས།

          བེད་སྤྱོད་བྱས་འཐུས་ཀྱི་གན་རྒྱའི་ནང་དུ་གཤམ་གསལ་གྱི་ནང་དོན་གཙོ་བོ་དག་ཚུད་ཡོད་པ་སྟེ།

          གཅིག བེད་སྤྱོད་བྱས་འཐུས་ཀྱི་ཁེ་དབང་གི་རིགས་དང་།

          གཉིས བེད་སྤྱོད་བྱས་འཐུས་ཀྱི་ཁེ་དབང་གཅིག་པུར་དབང་བའི་སྤྱོད་དབང་ཡིན་ནམ་གཅིག་པུར་དབང་བ་མིན་པའི་སྤྱོད་དབང་ཡིན་པ།

          གསུམ བེད་སྤྱོད་བྱས་འཐུས་ཀྱི་ཁྱབ་ཁོངས་དང་དུས་ཡུན།

          བཞི ཐོབ་ཆ་སྤྲོད་པའི་ཚད་གཞི་དང་སྤྲོད་ཐབས།

          ལྔ གན་རྒྱ་དང་འགལ་བའི་ཁག་འགན།

          དྲུག ཕྱོགས་གཉིས་ཀས་ཁ་ཆད་བྱ་དགོས་ངེས་འདུག་སྙམ་པའི་ནང་དོན་གཞན་དག་བཅས་ཡིན །

          དོན་ཚན་ཉེར་ལྔ་པ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་པའི་ནང་གསེས་དོན་ཚན་དང་པོའི་ཡང་ཚན(ལྔ)ནས་ཡང་ཚན(བཅུ་བདུན)བར་དུ་གཏན་འབེབས་བྱས་པའི་ཁེ་དབང་བཤུག་སྤྲོད་བྱེད་པར་ཡིག་ཐོག་གི་གན་རྒྱ་འཇོག་དགོས།

          ཁེ་དབང་བཤུག་སྤྲོད་ཀྱི་གན་རྒྱའི་ནང་དུ་གཤམ་གསལ་གྱི་ནང་དོན་གཙོ་བོ་དག་གཏོགས་ཡོད་པ་སྟེ།

          གཅིག རྩོམ་རིགས་ཀྱི་མིང་དང་།

          གཉིས། བཤུག་སྤྲོད་བྱེད་པའི་ཁེ་དབང་གི་རིགས་དང་ས་ཁོངས།

          གསུམ། བཤུག་སྤྲོད་རིན་གོང་།

          བཞི། བཤུག་སྤྲོད་རིན་གོང་སྤྲོད་པའི་དུས་ཚོད་དང་སྤྲོད་ཐབས།

          ལྔ། གན་རྒྱ་དང་འགལ་བའི་ཁག་འགན།

          དྲུག ཕྱོགས་གཉིས་ཀས་ཁ་ཆད་བྱ་དགོས་ངེས་འདུག་སྙམ་པའི་ནང་དོན་གཞན་དག་བཅས་ཡིན།

          དོན་ཚན་ཉེར་དྲུག་པ།

          རྩོམ་གྱི་བདག་དབང་གཏའ་མར་འཇོག་པར་། གཏའ་མ་འདོན་མཁན་དང་གཏའ་དབང་འཛིན་མཁན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩོམ་གྱི་བདག་དབང་སྲིད་འཛིན་དོ་དམ་སྡེ་ཁག་ལ་གཏའ་འདོན་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམས་དགོས།

          དོན་ཚན་ཉེར་བདུན་པ།

          རྩོམ་གྱི་བདག་དབང་འཛིན་མཁན་གྱིས་བེད་སྤྱོད་བྱས་འཐུས་ཀྱི་གན་རྒྱ་དང་བཤུག་སྤྲོད་གན་རྒྱའི་ནང་དུ་མོས་མཐུན་དང་བཤུག་སྤྲོད་ཁ་གསལ་བྱས་མེད་པའི་དབང་ཆ་རྣམས་རྩོམ་གྱི་བདག་དབང་འཛིན་མཁན་གྱི་མོས་མཐུན་མ་ཐོབ་པར་དོ་བདག་ཅིག་ཤོས་ཀྱིས་བེད་སྤྱོད་བྱས་མི་ཆོག

          དོན་ཚན་ཉེར་བརྒྱད་པ།

          རྩོམ་རིགས་སྤྱད་ཡོན་གྱི་ཚད་གཞི་དོ་བདག་གིས་ཁ་ཆད་བྱས་ན་ཆོག་ལ། རྒྱལ་སྲིད་སྤྱི་ཁབ་ཁང་ཁོངས་རྩོམ་གྱི་བདག་དབང་སྲིད་འཛིན་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱས་པའི་རྩོམ་རིགས་སྤྱད་ཡོན་གྱི་ཚད་གཞི་ལྟར་ཐོབ་ཆ་སྤྲད་ཀྱང་ཆོག དོ་བདག་གིས་ཁ་ཆད་བྱས་མེད་རིགས་ལ་རྒྱལ་སྲིད་སྤྱི་ཁབ་ཁང་ཁོངས་རྩོམ་གྱི་བདག་དབང་སྲིད་འཛིན་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱས་པའི་རྩོམ་རིགས་སྤྱད་ཡིན་གྱི་ཚད་གཞི་ལྟར་ཐོབ་ཆ་སྤྲོད་རྒྱུ།

          དོན་ཚན་ཉེར་དགུ་པ། པར་སྐྲུན་བྱེད་མཁན་དང་། འཁྲབ་སྟོན་པ། སྒྲ་ཕབ་བརྙན་ཕབ་བྱེད་མཁན། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་སོགས་ཀྱིས་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྐྱེ་བོ་གཞན་པའི་རྩོམ་རིགས་བེད་སྤྱོད་བྱས་རིགས་ལ་། རྩོམ་པ་པོའི་མིང་འགོད་དབང་དང་ བཟོ་བཅོས་བྱེད་དབང་། རྩོམ་རིགས་ཆ་ཚང་ཡོང་བའི་སྲུང་སྐྱོབ་བྱེད་དབང་། ཐོབ་ཆ་ཐོབ་དབང་བཅས་ལ་བཙན་གནོད་བཏང་མི་ཆོག
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716