སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཉིས་པ་གཙོ་སྐྱོང་གནང་བ།
སྤེལ་དུས། 2017-07-27   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་པ་པོ།  མིག་དམར་རྒྱ་མཚོ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༤ཉིན་ཀྲུང་གྲུང་ཀྲུང་དབྱང་ཆབ་སྲིད་ཅུས་ནས་དམག་དཔུང་གི་གཞི་ཁྱོན་སྒྲིག་གཞི་དང་སྟོབས་ཤུགས་སྒྲིག་འཛུགས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་བསྐྱར་དུ་འཛུགས་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་ཞེ་གཉིས་པ་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་འགག་སྒྲོལ་གཡུལ་འགྱེད་ཅིག་ཡིན་པས། དམག་དཔུང་གིས་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ནས་ཤུགས་ཆེའི་རྒྱབ་སྐྱོར་བྱེད་དགོས་ཤིང་། དམག་དཔུང་དང་ས་གནས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་དང་། ཕྱར་བ་གྲུ་འདེགས་བྱས་ནས་དམག་དཔུང་དང་ས་གནས་བརྒལ་བའི་བསྒྱུར་བཅོས་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ཏེ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་ཆབ་སྲིད་བཟང་ཆ་དེ་བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་པའི་གྲོས་འདྲི་ཚོགས་ཆུང་གི་འགོ་འཛིན་གཞོན་པ་བློ་མཐུན་ཚའེ་ཧུང་ཧྲོ་ནས་གནད་དོན་དེའི་ཐད་འགྲེལ་བཤད་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུངས་བཤད་གནང་བ་དང་། ཁོང་གིས། ཐེངས་འདིའི་མཉམ་སྡེབ་སློབ་སྦྱོང་ནང་དམག་དཔུང་གི་གཞི་ཁྱོན་སྒྲིག་གཞི་དང་སྟོབས་ཤུགས་སྒྲིག་འཛུགས་བསྒྱུར་བཅོས་ཀྱི་ནང་དོན་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་བསྒྱུར་བཅོས་བྱས་རྗེས་ཀྱི་རང་དམག་སྟོབས་ཤུགས་མ་ལག་གི་རྣམ་པ་ཤེས་རྟོགས་བྱ་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་ཐད་ཞིབ་འཇུག་སྔར་ལས་ལྷག་པ་བྱེད་ཆེད་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཐད་ཁྱབ་ཁོངས་གཙོ་བོའི་ནང་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགག་གཏོར་བྱུང་བ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཐེངས་འདིའི་བསྐྱར་འཛུགས་བསྐྱར་བསྒྲིགས་བྱས་པ་བརྒྱུད་རང་དམག་གི་སྒྲིག་གཞི་དང་གྲུབ་ཆ་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་པ་དང་། དམག་དཔུང་གི་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཡོད་ཅེས་ནན་སྟོན་གནང་བ་དང་།

ཞི་ཅིན་ཕིང་གིས། རང་དམག་གི་གཞི་ཁྱོན་སྒྲིག་གཞི་དང་སྟོབས་ཤུགས་སྒྲིག་འཛུགས་ལེགས་སུ་གཏོང་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་གོང་འཕེལ་ལ་འཆིང་རྒྱ་བཟོ་བའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་བྱེད་རྒྱུ་ནི། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཀྱི་གལ་ཆེའི་ནང་དོན་ཞིག་ཡིན། ང་ཚོས་བསྒྱུར་བཅོས་ཀྱི་དམིགས་འབེན་ལ་མདོ་བསྡུས་ནས། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསྒྱུར་བཅོས་ཀྱི་སྤྱི་ཡོངས་ཇུས་འགོད་དོན་འཁྱོལ་གཏིང་ཟབ་བྱས་ནས། བྱེད་ཐེངས་གཅིག་ལ་བསྒྱུར་བཅོས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ལེགས་སྒྲིག་བྱས་རྗེས། རང་དམག་གི་གཞི་ཁྱོན་སྔར་བས་ཧྲག་བསྡུས་ཡིན་པ་དང་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ། སྒྲིག་འཛུགས་བྱེད་སྟངས་སྔར་བས་ཚན་རིག་དང་མཐུན་པ་བྱུང་ཞིང་། རྩ་བའི་ཐོག་ནས་ཡུན་རིང་ནང་སྐམ་འཐབ་རང་བཞིན་གྱི་སྟོབས་ཤུགས་སྒྲིག་གཞི་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་འགོག་སྲུང་རང་བཞིན་གྱི་དམག་ཤུགས་བཀོད་སྒྲིག་བྱེད་སྟངས། དཔུང་ཆེན་ཚོགས་པ་དང་། འབོར་གྲངས་ཀྱིས་རྒྱལ་ཁ་ལེན་པའི་རྣམ་པ་བཅས་ལ་འགྱུར་བ་བཏང་བ་དང་། གྲངས་འབོར་གཞི་ཁྱོན་ནས་སྤུས་ཚད་ཕན་ནུས་རང་བཞིན་དང་། མི་ཤུགས་གཅིག་སྡུད་རང་བཞིན་ནས་ཚན་རྩལ་གཅིག་སྡུད་རང་བཞིན་ལ་འགྱུར་རྒྱུའི་ཐད་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད་པ་དང་། གོ་ཧྲག་དམག་འཐབ་སྟོབས་ཤུགས་ཀྱིས་གཙོ་བོ་བྱེད་པའི་མཉམ་འབྲེལ་དམག་འཐབ་སྟོབས་ཤུགས་མ་ལག་ཅིག་ཆགས་བཞིན་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་ནི་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་འཕོ་འགྱུར་ཐེངས་ཤིག་ཡིན་པ་དང་། ཤུགས་ཚད་དང་གཏིང་ཟབ་ཚད། རྒྱ་ཆེ་ཚད་བཅས་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བྱུང་མྱོང་མེད་པ་ཞིག་ཡིན། ང་ཚོས་བློ་རྩ་བརྟན་པོས་བསྒྱུར་བཅོས་བྱེད་པའི་ཆོད་སེམས་དང་སེམས་ཤུགས་རྒྱུན་འཁྱོངས་དང་། དཀའ་གནད་འགག་སྒྲོལ་བྱེད་པའི་བློ་སྟོབས་རྒྱུན་འཁྱོངས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་རྒྱུན་འཁྱོངས་བཅས་བྱས་ནས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་བྱེད་པར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས། བསམ་བློ་ངོས་འཛིན་གཅིག་གྱུར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ་དང་། དམག་ཡོངས་ཀྱིས་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་བཀོད་སྒྲིག་གི་རྗེས་སུ་འབྲངས་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཀྱི་མདུན་སྐྱོད་གོམ་སྟབས་ཀྱི་རྗེས་སུ་འབྲངས་རྒྱུར་ཁྲིད་སྟོན་བྱས་ནས། བསྒྱུར་བཅོས་ཀྱིས་དམག་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཆགས་པ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ་དང་། གཏིང་ཟབ་སའི་འགལ་ཟླ་དང་གཙོ་གནད་གནད་དོན་དང་དཀའ་གནད་བཅས་ཀྱི་ཐད་ཤུགས་མུ་མཐུད་འདོན་པ་དང་གནད་ལ་འཕིགས་པའི་སྒོ་ནས་ཤུགས་བཏོན་ཏེ། བསྒྱུར་བཅོས་ལ་འགག་གཏོར་ཟམ་མི་ཆད་པ་ཡོང་བའི་འགན་སྲུང་བྱེད་དགོས། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ་དང་། བསྒྱུར་བཅོས་ཀྱི་ཁ་ཕྱོགས་དམ་འཛིན་བྱས་ཏེ། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་པ། འཕེལ་རིམ་ཚོད་འཛིན་བྱེད་པ། ཞིབ་བཤེར་དང་ལྟ་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བསྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ། འབྲེལ་ཡོད་ལས་དོན་ལས་ཁུངས་བཅས་ཀྱིས་དམག་དམངས་ཟུང་འབྲེལ་ཐོག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྟག་དཔྱད་ཞིབ་འཇུག་དང་། འཆར་འགོད་ཇུས་འགོད། བསྒྱུར་བཅོས་ཚོད་ལྟ་སོགས་ཀྱི་ལས་དོན་སྒྲུབ་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཐོག་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་པ་བྱེད་དགོས། སྲིད་ཇུས་ལམ་ལུགས་ལེགས་སྒྲིག་དང་བསྒྱུར་བཅོས་བྱ་རྒྱུ་དེ་རྒྱ་ཆེའི་དཔོན་དམག་གི་བདེ་རྩར་ཐུག་པའི་ཁེ་ཕན་དང་། དཔུང་སྡེའི་དམག་སེམས་དང་ངར་ཤུགས། དམག་དཔུང་གོང་འཕེལ་གྱི་གསོན་ཤུགས་བཅས་དང་འབྲེལ་བ་ཡོད་པ་དང་། བསྒྱུར་བཅོས་ཀྱི་སྤྱིའི་ཕན་འབྲས་དང་འབྲེལ་བ་ཡོད་པས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་དང་། མ་ལག་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་ཇུས་འགོད་བྱས་ནས། དཔོན་དམག་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ལ་རིག་གཞུང་གྲུབ་འབྲས་དང་ལག་ལེན་དངོས་ཀྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད་པས། དུས་ཐོག་ཏུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྒྲིག་གཞི་གསར་པ་དང་འཚམ་པའི་ལས་ཀའི་ཁོར་རྒྱུག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། དམག་དོན་ཁྲིམས་སྲོལ་འཛུགས་པ་དང་བསྒྱུར་བཅོས་བྱེད་པ། མེད་པ་བཟོ་བ་སོགས་ཀྱི་འགྲེལ་བཤད་ལས་དོན་ཡག་པོ་སྒྲུབ་ནས། སྒྲིག་གཞི་གསར་པ་དང་སྡེབ་སྒྲིག་གསར་པའི་བཟང་ཆ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས། དམག་དོན་དོ་དམ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གལ་འགངས་ཆེ་བའི་གནས་བབ་ཐོག་འཇོག་དགོས་པ་དང་། ནུས་ཤུགས་ཆེན་པོས་དོ་དམ་འདུ་ཤེས་གསར་བརྗེ་དང་དོ་དམ་བརྒྱུད་རིམ་ལེགས་གྱུར། དོ་དམ་མ་དཔེ་བརྗེ་འགྱུར་བཅས་བྱས་ནས། རང་དམག་གི་ཁྱད་ཆོས་ལྡན་པའི་དེང་རབས་དོ་དམ་སྒྲིག་གཞི་གོང་འཕེལ་གཏོང་བ་དང་། དམག་དོན་དོ་དམ་སྒྲིག་གཞི་གསར་པ་འཛུགས་པའི་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོ་དགོས། འབྲེལ་ཡོད་ཕྱོགས་ཁག་གི་ཐད་དང་ལྷག་པར་དུ་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་དཔོན་དམག་ལ་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716