སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞང་བོད་རྩིས་ཀྱི་ལོ་རྒྱུས་གཤེན་གྱི་ཞལ་ལུང་།
སྤེལ་དུས། 2012-11-20   ཡོང་ཁུངས། ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས།   རྩོམ་པ་པོ།  འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

སྤྱི་ལོ༡༩༩༥ལོའི་དང་ཐོག་ཕྲན་གྱིས་དངོས་གཞིའི་ལོ་རྒྱུས་མ་བྲིས་གོང་མཁས་མང་མཉམ་འཛོམས་ཀྱི་གྲལ་དུ་དྲན་པའི་ཡིད་ཀྱི་ཕོ་ཉས་ཉེ་བར་བསྐུལ་ནས་འགོག་མེད་ཐོལ་བྱུང་གི་རྨོངས་འཆར་ཞིག་གླེང་བར་འདོད། འདས་པའི་དུས་རབས་རིམ་བྱུང་ནང་བོན་གྱི་བསྟན་པ་དར་ནུབ་གྲངས་མང་བྱུང་བའི་རྐྱེན་གྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་རྣལ་མ་རྣམས་རང་ཤུགས་ཀྱིས་དར་ནུབ་དང་འཕེལ་འགྲིབ་ཤིན་ཏུ་རྒོད། དེའི་འགལ་རྐྱེན་གཙོ་བོ་ནི་དུས་རབས་བདུན་པའི་དུས་སུ་སྤུ་རྒྱལ་བཙན་པོས་ཤར་ནས་མཛེས་མ་མ་བཟང་བུ་མོ་རྒྱ་བཟའ་མགྲོན་དུ་བསུས། ལྷོ་ནས་ཐུབ་པའི་དམ་ཆོས་བོད་དུ་གདན་དྲངས་ནས་སྲིད་པ་ཆགས་ཀྱི་ཕ་མྱེས་བོན་རྒན་རྒད་པོ་སྒོ་ལ་ཕུད་པའི་དུས་ནས་བཟུང་བན་བོན་གཉིས་དབར་འཐབ་རྩོད་རྣོ་ངར་ལྡན་པ་ཞིག་ཆགས་ནས་ད་བར་སྲོལ་ངན་རྒྱུན་འཇགས་སུ་སོང་བའི་རྐྱེན་དེ་རེད་སྙམ། འདས་པའི་དུས་རབས་དེ་ནས་བཟུང་འགལ་རྐྱེན་གྱིས་གཤེན་གྱི་བསྟན་པའི་མངའ་ཐང་ཉམས་གུད་དུ་འགྲོ་བའི་འགོ་བརྩམས་པ་དང་མཐུན་པའི་རྐྱེན་གྱིས་ཐུབ་པའི་བསྟན་པ་འཕེལ་རྒྱས་སུ་འགྲོ་བའི་དུས་རབས་གསར་པའི་འགོ་ཚུགས་ནས་རི་བོ་གངས་ཅན་པའི་ཆོས་རིག་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། ལངས་ཕྱོགས། ལམ་ཕྱོགས། ལྟ་བའི་འཁྱེར་སོ་དང་བཅས་པ་མཐའ་དག་རྒྱ་དཀར་ནག་གཉིས་ཀྱི་ཕྱོགས་ལ་དེངས་པར་གྱུར། ལྟ་བ་དེ་ལས་མ་འདས་པའི་ལོ་རྒྱུས་མཁན་རྣམས་ཆོས་ལུགས་ཀྱི་རྗེས་འཛིན་ཤ་སྟག་སོང་སྟབས། ཁོང་རྣམས་ཀྱིས་སྲོང་བཙན་ཡར་སྔོན་གྱི་བོད་པའི་ཤེས་རིག་ལོ་རྒྱུས་ལ་ཐུགས་བསམ་བཞེས་མེད་པ་མ་ཟད། བོད་ཡུལ་དེའང་ཤེས་རིག་ལོ་རྒྱུས་གང་ཡང་མེད་པ་མུན་པའི་བསྐལ་བ་ལྟ་བུ་ཞིག་དང་། དེ་ཚུན་ཤེས་རིག་ལོ་རྒྱུས་ཕུན་སུམ་ཚོགས་པ་སྒྲོན་མེའི་བསྐལ་བ་ཤར་བ་ལྟ་བུའི་གསུང་རྒྱུན་དེས་མི་ལོ་ཆིག་སྟོང་ལྷག་གི་རིང་བོད་མིའི་འདུ་ཤེས་ཁ་ལོ་བསྒྱུར་ནས་སྲིད་དབང་ཟིན་ཡོད་པ་གསལ་བོར་ཤེས་ཐུབ་པ་ཡིན། བཞེད་ཚུལ་དེ་དོན་ལ་གནས་མིན་དཔྱད་གཞི་ཆེ། དུས་རབས་ཉི་ཤུ་བའི་དུས་དཀྱིལ་ན་སྤྱིར་འཛམ་གླིང་གི་འགྱུར་བ་དང་། ཁྱད་པར་དུ་བོད་ལ་དུས་འགྱུར་གྱིས་བོད་མི་མང་པོ་ཞིག་གངས་རིའི་ར་བས་བསྐོར་བའི་ས་མཚམས་ལས་བརྒལ་ཏེ་ཕྱི་རོལ་གཡར་པོའི་ཕ་ཡུལ་གྱི་ཡུལ་གྲུ་ཁག་ཏུ་འབྱོར་ནས། གཅེས་པའི་རང་ཡུལ་གྱི་ཤེས་རིག་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་སྐབས། ཡབ་མེས་གོང་མའི་ཤེས་རིག་ལོ་རྒྱུས་ཀྱི་ལམ་ཆེན་ཐོག་ལ། དུས་རབས་བདུན་པའི་གནམ་རྡོ་ཞིག་ས་ལ་ལྷུང་ནས་བོད་རིག་པའི་ཕ་ཡུལ་གྱི་ལམ་ཆེན་འགོག་པའི་བཀག་རྡོ་དེ་རྒྱལ་ཁབ་ཅིག་ཆགས་འཇིག་ལ་ཐུག་པའི་ལོ་རྒྱུས་ཀྱི་འགག་སྒོ་ཡིན་པར་མཐོང་ནས། མཐོང་རྒྱ་ཅན་གྱི་མཁས་པ་དང་ཡར་ཐོན་གྱི་གཞོན་ནུ་མང་པོ་ཞིག་འཇིགས་མེད་སྙིང་སྟོབས་ཀྱི་སྤོབས་པས་རང་སེམས་ལྐོག་ཏུ་མ་གྱུར་ནས་མི་རིགས་ཀྱི་བླ་ཡིད་སེམས་གསུམ་ལོ་རྒྱུས་ཀྱི་རི་མོ་ཡིད་ལ་ཤར་བས། འཛམ་གླིང་འགྱུར་འཕྲོས་དང་མཐུན་པའི་བགྲོད་ལམ་གསར་པའི་ལམ་ཆེན་ཐོག་ཏུ་དྲང་བདེན་གྱི་ལོ་རྒྱུས་ཆེན་མོའི་གད་རྒྱངས་སྒྲོགས་པས། གངས་རིའི་ར་བས་བསྐོར་བའི་ཁྲོན་པའི་ནང་གི་འཕར་འགྲོའི་རྟུལ་ཞུགས་འཛིན་པའི་ཕྱོགས་འཛིན་པ་འགའ་ཞིག་གི་ཐུགས་ལ་ཤིན་ཏུ་གཟན་མོད་ཀྱང་། དེ་ནི་རང་སྐྱོན་ཡིན་ལ་གཞན་སྐྱོན་མིན་པ་ར་འཕྲོད་དེ་སྔར་ཡང་གངས་རིའི་ཁྲོད་དུ་སྨྲ་ཤེས་དོན་མ་གོ། ད་ཡང་དེ་ལས་མི་འདའ་དངོས་པོའི་རང་གཤིས་སུ་ལགས་ཤིང་གནད་འདི་ལྟ་བུ་ལ་དགོངས་ནས་སྟོན་པ་སངས་རྒྱས་ཀྱིས། ཉི་མའི་དཀྱིལ་འཁོར་འོད་འབར་བ། སྒོ་འགག་དབང་པོས་མཐོང་བ་མིན། ཞེས་གསུངས་པ་ཅི་མི་བདེན། སྤྱིར་དུས་ཀྱི་འགྱུར་ལྡོག་དང་། འཇིག་རྟེན་གྱི་རང་འགྲོས་ལ་དུས་ཀྱི་འགྱུར་མཚམས་རེ་ལ་འཛམ་གླིང་འུར་ལངས་ཀྱི་བསྐལ་བ་ཁོལ་བུ་ཆུང་རེ་འབྱུང་གི་ཡོད་སྟབས། དེང་དུས་འཛམ་གླིང་གི་འགྱུར་འགྲོས་ལ་གཞིག་ན་རི་བོ་གངས་ཅན་པའི་ཤེས་རིག་ལོ་རྒྱུས་གྱེར་བའི་དུས་གྱི་བགོ་སྐལ་ཞིག་མིན་ནམ་སྙམ། དེར་བརྟེན་ད་ལྟའི་དུས་འདིར་ཁ་སོང་འདས་པའི་ལོ་རྒྱུས་ཀྱི་གོད་ཆགས་རྣམས་དབྱིངས་སུ་ཐིམ་ནས། དེ་རིང་འཛམ་བུ་གླིང་གི་གདུགས་ཀྱི་རྩེ་ནས་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་འོད་སྣང་གསར་བའི་གཟི་འོད་འཕྲོས་ཏེ་གླིང་ཆེན་པོ་འདི་ཡི་མི་རིགས་མང་པོར་མཁྱེན་རབ་པད་མོ་འཛུམ་པའི་མོད་ལ། རི་བོ་གངས་ཅན་པ་རྣམས་ད་དུང་ཉི་འོད་ཀྱིས་ཟུམ་པའི་ཀུ་མུད་དང་། འབྱུང་བྱའི་དཔེ་ཟླར་གྱུར་ན་ཤིན་ཏུ་སྐྱེངས་དགོས་པ་ཞིག་ཡིན། དེས་ན་མཁྱེན་སྤྱན་ཡངས་པའི་མཁས་དབང་རྣམས་ཀྱིས་དཔའ་ངར་གྱི་སྙིང་སྟོབས་དང་། ཤ་ཞེན་གྱི་བརྩེ་གདུང་། རྣམ་དཔྱོད་ཀྱི་གོ་ཆ་གྱོན་ཏེ་མི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཕུགས་རྒྱང་རིང་པོར་བགྲོད་ཐུབ་པའི་དམིགས་ཡུལ་གྱི་བསྒྲུབ་བྱ་གཅིག་ཐོག་ལ། ལུགས་སོ་སོའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། ལུང་རིག་གི་སྒྲུབ་བྱེད་མང་པོར་དགོས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་ལྡེམ་པོ་བ་མིན་པའི་གཡེར་པོ་བ་རྣམས་ཀྱི་སྤྱན་སྔར། ཕྲན་གྱིས་བོན་གྱི་ལོ་རྒྱུས་ལས་འཕྲོས་པའི་གཙུག་ལག་རྩིས་ཀྱི་བྱུང་རབས། རང་བློས་གང་དཔོག་ཙམ་ཞིག་ཞུས་ན། མཁས་པ་བརྒྱ་ཡི་དྲུང་དུ། བླུན་པོ་གཅིག་གིས་ཕན་ཐོགཅེས་པའི་དཔེ་ཟླ་རུ་འགྱུར་སྲིད་སྙམ་ནས། སྐབས་བབས་བཤད་བྱའི་དོན་ལ་འཇུག་པར་སྤྲོ།
              ཞང་བོད་ཀྱི་ཤེས་རིག་ནོར་བུའི་བང་མཛོད་ནང་དུ་ངོམས་རིན་ཆོག་པའི་ལོ་རྒྱུས་ཆེས་གནའ་བོའི་དུས་ཙམ་ནས་དར་ཁྱབ་བྱུང་བའི་སྲོལ་རྒྱུན་རྒྱུད་རིམ་ལྡན་པའི་ནང་ནས་གཙུག་ལག་རྩིས་འདི་ལོ་རྒྱུས་རང་རྐྱ་ཐུབ་པ་གདེང་འཇོག་མཛད་དགོས་པ་གཅིག་ཡིན། སྤྱིར་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་པའི་གནས་བཅུ་ཞེས་བོད་ཁ་བ་ཅན་གྱི་ལྗོངས་ལ་མཚན་སྙན་གྱི་གྲགས་དཀར་དབྱར་རྔའི་སྒྲ་བཞིན་ལྡིར་ཞིང་། དེའི་ཁྲོད་དུ་གཙུག་ལག་རྩིས་དེ་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཡིན་ཞེས་ཕྱིས་བྱུང་གི་ལོ་རྒྱུས་ཁག་དང་། མང་ཐོས་མཁས་དབང་རྣམས་ཀྱི་ཞལ་ནས་ཐོས་མོད་ཀྱང་བོན་གྱི་ལོ་རྒྱུས་ལྟར་ན། བཟོ་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ། ནང་རིག་པ་རྣམས་རིག་པའི་གནས་ཆེན་ལྔ་ཞེས་ཡོངས་སུ་གྲགས་པ་ལས། རིག་གནས་ཆུང་བ་ལྔ་དེ་སྡེ་སྣོད་ཁག་ནང་དེ་ཙམ་གྱིས་གྲགས་མི་ཆེ་ལ། གཙུག་ལག་རྩིས་དེའང་ཕྱི་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འདོད། ཕྱི་རིག་པའི་ལོ་རྒྱུས་འཕྲོས་ཚུལ་དེ་ཐོག་མར་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་ཞེས་བྱ་བ་སྲིད་པ་ཐམས་ཅད་ཀྱི་མེས་པོ་དེ་ཡི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་སྤྲུལ་པ་རིག་པའི་གནས་ཆེན་ལྔའི་འབྱུང་ཁུངས་གཡུང་དྲུང་ཡེ་དབངརིགས་ལྔར་སྤྲུལ་ཏེ། སྐུའི་སྤྲུལ་པ་གཡུང་དྲུང་ཡེ་རྗེ་སྨན་ལྷའི་རྒྱལ་པོར་སྤྲུལ་ནས་གསོ་རིག་ལུས་ཀྱི་མཚན་ཉིད་སྨྲ་བ་དང་། གསུང་གི་སྤྲུལ་པ་གཡུང་དྲུང་ཡེ་སྲིད་སྒྲ་བླའི་རྒྱལ་པོར་སྤྲུལ་ནས་སྒྲ་རིག་ངག་གི་མཚན་ཉིད་སྨྲ་བ་དང་། ཐུགས་ལས་སངས་པོ་འབུམ་ཁྲི་ཉིད་དུ་བྱུང་ནས་སྲིད་པ་ཐམས་ཅད་བཟོ་རིག་དོན་གྱི་མཚན་ཉིད་སྨྲ་བ་དང་། ཡོན་ཏན་གྱི་སྤྲུལ་པ་གཡུང་དྲུང་ཡེ་དབང་སའི་རྒྱལ་པོར་སྤྲུལ་ནས་ཕྱི་རིག་འབྱུང་བ་སྣོད་ཀྱི་མཚན་ཉིད་སྨྲ་བ་དང་། འཕྲིན་ལས་ཀྱི་སྤྲུལ་པ་གཡུང་དྲུང་ཡེ་དབལ་མཐུ་སྟོབས་རྒྱལ་པོར་སྤྲུལ་ནས་ནང་རིག་བཅུད་དང་སྔགས་ཀྱི་མཚན་ཉིད་སྨྲ་བའོ། །དེ་ལྟར་ཡེ་དབང་རིགས་ལྔ་ལས་གནས་ལྔ་བྱུང་ཚུལ་ཡེ་རྗེ་སྨན་ལྷའི་རྒྱལ་པོ་ལས་གསོ་བ་རིག་པ་དང་། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་ལས་སྒྲ་རིག་པ། ཡེ་སྲིད་སངས་པོ་འབུམ་ཁྲི་ལས་བཟོ་རིག་པ། ཡེ་དབང་སའི་རྒྱལ་པོ་ལས་ཕྱི་རིག་པ། ཡེ་དབལ་མཐུ་སྟོབས་རྒྱལ་པོ་ལས་ནང་རིག་པ་བཅས་བྱུང་བས་ལྷ་དེ་ལྔ་ལ་རིག་གནས་བྱུང་ཁུངས་ཀྱི་ལྷ་མཆོག་ལྔ་ཟེར། ལྷ་དེ་དག་ལས་བྱུང་བའི་བཟོ་སྒྲ་ཕྱི་ནང་གསོ་རིག་གནས་ཆེན་ལྔ་པོ་རེ་རེ་ལ་གཞུང་ལུགས་ཀྱི་སྡེ་སྣོད་འབུམ་སྡེ་དཀར་ནག་ཁྲ་གསུམ་རེ་ཡོད་པ་ཚང་མ་གཅིག་མཚུངས་ཡིན། དེ་ཡི་ནང་ནས་ཀྱང་གཡུང་དྲུང་ཡེ་དབང་སའི་རྒྱལ་པོ་དེ། སྐུ་སྲིད་པའི་རྒྱལ་པོ་སྤྲུལ་ནས་གསུང་བདེན་པའི་བོན་དུ་སྟོན་ཞིང་། ཐུགས་ཕྱི་རིག་པའི་གནས་ལ་གཟིགས་ཏེ་ཕྱི་སྣོད་ཐམས་ཅད་བརྟག་པས་འབྱུང་བ་ལྔ་ལ་ཐུག་ནས། འབྱུང་བ་ཆེན་པོ་ལྔ་ཡི་ལྷ་ལྔ་བྱུང་བ་ཡིན་ཏེ། ཀུན་འབུམ་གོ་འབྱེད་སའི་ལྷ་དང་། ཀུན་སྒྲོལ་དྲག་པོ་རླུང་གི་ལྷ་དང་། ཀུན་རིག་རྒྱས་པ་མེའི་ལྷ་དང་། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ་དང་། ཀུན་འཇོམས་རྒྱལ་པོ་ཆུའི་ལྷ་དང་ལྔ་རུ་སྤྲུལ་ནས་འགྲོ་བ་སེམས་ཅན་གྱི་དོན་ལ་བཞགས་ཞེས་ཀུན་སྒྲོལ་རླུང་ལྷའི་རྒྱུད་གཞུང་ལས་གསལ་བ་ལྟར་ཕྱི་རིག་པ་ཞེས་པ་དེ་གཙོ་བོར་རྟེན་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་གཏན་ལ་འབེབས་ཤིང་། དེའི་ནང་ནས་ཀྱང་མཐར་ཐུག་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་དེ་ཕྱི་རིག་པའི་རྩིས་ཀྱི་སྒྲོམ་གཞིར་གནད་དུ་འཛིན་ཡོད། འཇིག་རྟེན་ཆགས་འཇིག་ནི་འབྱུང་བ་དེ་དག་གི་ནུས་པ་ལ་རགས་ལས་ཀྱི་འབྲེལ་བ་ཞིག་གྲུབ་ཡོད་དེ། སྤྱིར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་། བྱེ་བྲག་ཏུ་སྣོད་བཅུད་འཇིག་རྟེན་འདི་ཉིད་གྲུབ་དུས་རྒྱུ་ནི་འབྱུང་བ་ལྔའི་ཁམས་དང་། རྐྱེན་ནི་སེམས་ཅན་གྱི་ལས་དང་བསོད་ནམས་ཆ་མཐུན་པ་ཞིག་སྟེ། འབྱུང་བ་རྣམས་ཀྱི་ནུས་པ་ཆ་མཉམ་པ་དང་སེམས་ཅན་གྱི་ལས་མ་ཟད། བསོད་ནམས་ཀྱི་ཆ་མ་འགྲིབ་པའི་དུས་སུ་འབྱུང་བ་རྣམས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འཇིག་རྟེན་གྱི་བརྟེན་གཞི་བྱེད་པ་དང་། སེམས་ཅན་གྱི་ལས་དང་བསོད་ནམས་ཟད་དེ་འབྱུང་བ་ཕན་ཚུན་ནུས་པ་འཁྲུགས་ན་འཇིག་རྟེན་ཆགས་པ་འཇིག་པར་བྱེད་པའི་རྐྱེན་དུ་འགྲོ་བའི་ཚུལ་ནི། མདོ་གཟེར་མིག་དེབ་ཨང་༢༠༠ལས། སྤྱིར་ན་འབྱུང་བ་ཞེས་བྱ་བ་ནི་གཅིག་ལ་གཅིག་བརྟེན་གྱིས་འབྱུང་བས་ན་འབྱུང་བ་ཞེས་བྱའོ། །ཞེས་དང་། འབྱུང་བ་ལྔའི་བྱེད་ལས་ནི། སེམས་ཅན་གྱི་ལས་དང་ཆ་མཐུན་ཏེ་སེམས་ཅན་ལས་མ་ཟད་བར་དུ་འབྱུང་བ་རླུང་གིས་དངས་སྙིགས་འབྱེད་ཅིང་ཐམས་ཅད་འདེགས་པ་དང་། མེ་ཡིས་ཐམས་ཅད་སྐྱེད་ཅིང་སྨིན་པར་བྱེད། ཆུ་ཡིས་ཐམས་ཅད་སྡུད་ཅིང་གསོ་བར་བྱེད། ས་ཡིས་ཐམས་ཅད་འདེགས་ཤིང་བརྟན་པར་བྱེད། ནམ་མཁས་ཀུན་གསལ་གོ་རྣམས་འབྱེད་པར་བྱེད། སེམས་ཅན་གྱི་ལས་དང་བསོད་ནམས་ཟད་ན། འབྱུང་བ་རླུང་གིས་བཤིགས་ཤིང་གཏོར་བ་དང་། མེ་ཡིས་བསྲེགས་ཤིང་འཚིག་པ་དང་། ཆུ་ཡིས་བཤིགས་འཁྱེར་འཁྲུ་བ་དང་། ས་ཡིས་གཏིབ་ནས་དཀྲུགས་པ་དང་། དེ་ནས་གསལ་བའི་གོ་འབྱེད་ནམ་མཁར་ཐིམ་ནས་མུན་པར་འགྱུར་བའོ། ། ཞེས་དེ་ཡིས་འབྱུང་བའི་གོ་དོན་དང་བྱེད་ལས་རྣམས་གསལ་བོར་ཤེས་ཐུབ་པ་ཡིན། གཞུང་ལུགས་ཀྱི་ཆ་ནས་འབྱུང་བ་བཞག་སྟངས་རིགས་གཉིས་ཡོད་དེ། མདོ་མཛོད་ཕལ་ཆེ་བ་ལས་འབྱུང་བ་མེ་ཆུ་ས་རླུང་ནམ་མཁའ་ལྔ་བཤད་ལ། ཕྱི་རིག་རྩིས་ཀྱི་འབུམ་སྡེ་ཁག་ལས་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་བཅས་བཞེད་ཚུལ་གཉིས་བྱུང་ཡང་དོན་ལ་འགལ་བ་མེད་དེ། ཤིང་དང་རླུང་གཉིས་བྱེད་ལས་གཅིག་པའི་ཆ་ནས་མཐུན་པར་བཞེད་པ་མ་ཟད། རྒྱུད་ཀྱི་ཆ་ནས་ཀུན་སྒྲོལ་ཤིང་གི་རྒྱུད་དང་། ལྷའི་ཆ་ནས་ཀུན་སྒྲོལ་རླུང་གི་ལྷ་ཞེས་དོན་ལ་རླུང་ཤིང་གཉིས་གཅིག་པར་གསུངས་པ་དང་། འབྱུང་བ་ལྕགས་དང་ནམ་མཁའ་གཉིས་ནི་སྤྱིར་ཤ་ཁྲག་དྲོད་དབུགས་ལྟོས་ཏེ་འབྱུང་བ་བཞི་དང་། དེ་སྟེང་སེམས་ལ་ལྟོས་ཏེ་ནམ་མཁའ་དང་། རུས་པ་ལ་ལྟོས་ཏེ་ལྕགས་གསུངས། དོན་དངོས་ལྕགས་ནི་ནམ་མཁའི་ཁམས་ཡིན་པར་ཀུན་འདུལ་ལྕགས་ལྷའི་རྒྱུད་ལས་གསལ་བོར་གསུངས། གང་ལྟར་ཕྱི་སྣོད་འབྱུང་བ་དང་། ནང་བཅུད་འགྲོ་བ་སེམས་ཅན་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ལ། ཕྱི་ཡི་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་དང་། ནང་གི་ཤ་ཁྲག་དྲོད་དབུགས་རུས་པ་དང་སེམས། གསང་བའི་སྲོག་ལུས་དབང་ཀླུང་བླ་ལྔ་རྣམས་གཅིག་བརྟེན་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད་པའི་གནད་ཀྱིས། སྟོན་པ་སངས་རྒྱས་ཀྱིས་སྤྱིར་རིག་པའི་གནས་ལྔ་དང་། ཁྱད་པར་དུ་ཕྱི་རིག་རྩིས་ཀྱི་འཇུག་སྒོ་ལ་བཀའ་སྡེ་སྣོད་ཕུན་སུམ་ཚོགས་པ་རང་ཅག་རྗེས་འཇུག་པ་རྣམས་ཀྱི་རྣམ་དཔྱོད་ཀྱིས་གཞལ་ཐུབ་ན་ལོ་རྒྱུས་གཞུང་ལུགས་ཀྱི་ཆ་ནས་ངོམས་རིན་ཆོག་པ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་གསུངས་ཡོད་པ་ཡིན། འདིར་ལོ་རྒྱུས་ཀྱི་ཁུངས་བཙུན་ཞིང་། བཀྲ་ཤིས་པའི་དོན་ཅན་གྱི་ཚུལ་དུ་ཐོག་མར་ཕྱི་རིག་གཙུག་ལག་རྩིས་ཀྱི་འཕྲོས་གཞི་གཞུང་དོན་ཕྱོགས་མཚོན་མཚན་གཞི་ཙམ་ཞིག་དྲངས་ན། ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་དཔེ་ཨང་༤༦ལས། ཡེ་དབང་རྒྱལ་པོ་ལས་བྱུང་ཁྲིམས། །སྲིད་པའི་གཏོ་རྒྱུད་བདུད་རྩི་སྦྱོར། །སྦྱིན་པ་དབྱེར་མེད་རྣམ་པར་གཏོང་། །ཕྱི་རིག་མཁས་སྐྱོངས་སེམས་ཅན་བསྐྱངས། །ཀུན་འབུམ་རིགས་ལྔ་ཡོངས་སུ་སྦྱོངས། །དབང་པོ་དྲུག་གི་ཡེ་ཤེས་བསྒྲུབ། ། ཞེས་ཕྱི་རིག་པའི་འབྱུང་གནས་གཡུང་དྲུང་ཡེ་དབང་སའི་རྒྱལ་པོ་དང་། དེ་ལས་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀུན་འབུམ་རིགས་ལྔ་ཞེས་གསལ་བར་གསུངས་པ་དེ་ནི། ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་དཔེ་ཨང་༦༢ལས། ང་ཡིས་བཤད་པའི་བཀའ་རྒྱུད་འདི། །གཡུང་དྲུང་བོན་གྱི་རྒྱ་མཚོ་ལས། །ནོར་བུ་རིན་ཆེན་མཆོག་བླང་ལྟར། །ཡང་སྙིང་དམ་པ་ཉིད་ཁུ་ཡིན། །དེ་ཡང་གང་གི་ཕྱིར་ཞེ་ན། །རིག་པའི་གནས་ལྔ་མ་སྦྱངས་པར། །ཐམས་ཅད་མཁྱེན་པ་མི་འགྱུར་ཏེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །སྒོ་འགག་དབང་པོས་མཐོང་བ་མིན། །དེ་ཕྱིར་སངས་པོ་འབུམ་ཁྲི་ཡི། །སྐུ་གསུང་ཐུགས་དང་འཕྲིན་ལས་ཀྱི། །སྤྲུལ་པ་ཆེན་པོ་བཞིར་བསྐྱེད་ཏེ། །ཕྱི་རིག་བསྟན་པའི་ཡེ་དབང་ལས། །ཀུན་འབུམ་གོ་འབྱེད་སའི་ལྷ། །ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ། །ཀུན་འཇོམས་རྒྱལ་པོ་ཆུའི་ལྷ། །ཀུན་གྲོལ་དབྱིངས་ཕྱུག་རླུང་གི་ལྷ། །ཀུན་རིག་རྒྱས་པ་མེའི་ལྷ། །སྔར་བསྟན་འདི་ནི་ཡང་པ་ཅན། །ངེས་པའི་ལུང་ཡིན་རབ་ཏུ་བཟུངས། ། ཞེས་ཕྱི་རིག་པའི་ཀུན་འབུམ་རིགས་ལྔ་ནི། ཀུན་འབུམ་ས་དང་། ཀུན་འདུལ་ལྕགས་དང་། ཀུན་འཇོམས་ཆུ་དང་། ཀུན་སྒྲོལ་རླུང་དང་། ཀུན་རིག་མེ་དང་ལྔའི་བདག་ཉིད་ཀྱི་ལྷ་ལྔ་དང་། ཀུན་འབུམ་དེ་དག་ལས་འཕྲོས་པའི་ཕྱི་རིག་གཙུག་ལག་རྩིས་ཀྱི་ལོ་རྒྱུས་སྲོག་རྩ་དང་འདྲ་བའི་སྡེ་སྣོད་འབྱུང་ཆེན་ལྔ་ཡི་རྒྱུད་སྡེ་ཆེན་པོ་ལྔ་དང་འབུམ་སྡེ་དཀར་ནག་ཁྲ་གསུམ་སྟོན་པ་གཤེན་རབ་མི་བོས་གསུངས་ཡོད་པ་ནི། ཀུན་འཇོམས་ཆུ་ལྷའི་རྒྱུད་སྡེ་དཔེ་ཨང་༦༦ལས། ཕྱི་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ནི། ཕྱི་རོལ་གྱི་ཡུལ་ཐམས་ཅད་རིག་པའི་གནས་སུ་བཅད་ནས། སྣང་སྲིད་ཀྱི་བདེ་སྡུག་ལེགས་ཉེས་སིལ་བུར་སྟོན་ནུས་སོ། །ཞེས་པ་ནས། སྲིད་པ་རིན་ཆེན་སྤྱིའི་རྒྱུད་ནི་ཡང་དག་པའི་གཞུང་ལྔ་སྟེ་ཀུན་འབུམ་གོ་འབྱེད་སའི་རྒྱུད་དང་། ཀུན་སྒྲོལ་འཁོར་ལོ་ཤིང་གི་རྒྱུད། ཀུན་རིག་རྒྱས་པ་མེའི་རྒྱུད། ཀུན་འདུལ་ཆེན་པོ་ལྕགས་ཀྱི་རྒྱུད། ཀུན་འཇོམས་རྒྱལ་པོ་ཆུའི་རྒྱུད། ཀུན་འཇོམས་རྒྱལ་པོའི་ནང་ནས་འབུམ་གསུམ་གྱི་དགོངས་པ་དང་བསྟུན་ནས་བཤད་དེ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་བསྟུན་ཏེ་བླ་ན་མེད་པའི་འབྲས་བུ་བསྒྲུབ་པ་དང་། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ་དང་བསྟུན་ཏེ་གཞུང་དུ་བསྒྲུབ་པ་དང་། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ་དང་བསྟུན་ཏེ་གཏོ་ཐབས་སུ་བྱའོ། །ཞེས་གསལ་བའི་འབྱུང་ལྔའི་རྒྱུད་སྡེ་ཆེན་པོ་ལྔ་དང་། ཕྱི་རིག་པའི་འབུམ་སྡེ་གསུམ་ནི་ཞང་བོད་གངས་ཅན་ལྗོངས་ཀྱི་གཙུག་ལག་རྩིས་ཀྱི་མ་མ། ཤེས་རིག་ལོ་རྒྱུས་ཀྱི་དེད་དཔོན། མི་རིགས་ཀྱི་རིག་པའི་ཕ་ཡུལ་གྱི་ལམ་སྟོན་སྒྲོན་མེ། ཕྱོགས་སྟོན་གྱི་འཁོར་ལོ་ལྟ་བུའི་ཚུལ་དུ་ད་ལྟ་གཡུང་དྲུང་བོན་གྱི་ཤེས་རིག་ནོར་བུའི་བང་མཛོད་ནང་དུ་སྐུ་ཁམས་བདེ་མོར་བཞུགས་ཡོད་པས་སོ། གོང་གི་རྒྱུད་སྡེ་ཆེན་མོ་དེ་དག་ལས་གཙུག་ལག་རྩིས་ཀྱི་སྐོར་རྣམས་ཇི་ལྟར་འཕྲོས་པའི་ཚུལ་ནི། ཀུན་སྒྲོལ་རླུང་ལྷའི་རྒྱུད་གཞུང་དཔེ་ཨང་༧༦ལས། རིག་པའི་གཞུང་དེ་དག་ཇི་སྙེད་ཤེས་པར་བསྒྲུབ་ནས་སྣང་སྲིད་ཀྱི་གཏོ་འབུམ་ནག་པོས་ཕྱི་རོལ་གྱི་ཞི་བདེར་བཅོས། རིན་ཆེན་གྱི་ཀུན་འབུམ་ཁྲ་བོས་འབྱུང་ལྔ་ལྷ་རུ་བསྒྲུབ། གཙུག་ལག་གི་དཔལ་འབུམ་དཀར་པོས་ཡི་གེ་ཐིག་པ་ལ་བཀོད་པའོ། །དེ་ལ་ཡང་རང་རང་གི་ལྷ་ཚོགས་སྡེ་ཚན་དུ་གྱུར་པ་ཡོད་དེ། ཀུན་འབུམ་ཤ་དང་འདྲ་བས་ས་བདག་ལོ་དང་། ཁམས་དང་། བསྲུང་བའི་ལྷ་ཚོགས་ལ་མངའ་མཛད་དོ། །ཀུན་སྒྲོལ་དབུགས་དང་འདྲ་བས་རླུང་གི་དར་གུད་ཀྱི་ལྷ་མ་སྲིན་དྲེགས་པའི་ཚོགས་དྲུག་ཅུ་ལ་མངའ་མཛད་དོ། །ཀུན་རིག་དྲོད་དང་འདྲ་བས་མེའི་རང་བཞིན་གཟའ་སྐར་དང་། ལྷ་སྲིན་སྡེ་བརྒྱད་ལ་མངའ་མཛད་དོ། །ཀུན་འདུལ་རུས་པ་དང་འདྲ་བས་ལྕགས་ཀྱི་ལྷའམ་ས་བདག་ཀྱང་། རུས་པ་དང་མཚུངས་པ་ཟླ་བ་དང་། ཞག་དང་། དུས་ཚོད་ལ་མངའ་མཛད་དོ། །ཀུན་འཇོམས་ཁྲག་དང་འདྲ་བས་ཆུ་ལས་གྱུར་པ་སྨེ་བའི་ལྷ་ཚོགས་ལ་མངའ་མཛད་དོ། །སྤྱིར་ན་དེ་ལྟར་གནས་པ་ལ། ཁྱད་པར་དུ་ཀུན་སྒྲོལ་རླུང་གི་འཁོར་ལོ་ཆེན་པོ་འདི་བཞེངས་པ་ལ་ཡང་། གླིང་བཞི་དང་བསྐལ་སྲིད་ཀྱི་བཤད་པ་ཡོད་ཀྱང་། འདི་ནི་བསྡུས་པ་རྩ་བའི་མཆོད་གཞུང་བསྟན་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་དེ་དང་དགོངས་དོན་གཅིག་མཐུན་དུ་གྲུབ་པ། ཀུན་འདུལ་ལྕགས་ལྷའི་རྒྱུད་གཞུང་ལས། དེ་ཡང་རིག་པའི་གནས་ཆེན་འདི་ལ། འབྱུང་བའི་གཤེན་པོ་ལྔས་སྲིད་པའི་གནས་ལུགས་གཏན་ལ་དབབ་པ་ལ། ཕྱི་རོལ་གྱི་ཡུལ་སྣང་སྲིད་ཐམས་ཅད་འབྱུང་བར་བསྒྲུབ། འབྱུང་བ་ལྷ་རུ་བསྒྲུབ། ལྷ་ཡི་དབང་དུ་བསྒྲུབ། དེ་ཡང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་འབྱུང་བ་ཡིན་ཏེ། ཡེ་སངས་རྒྱས་པའི་གཡུང་དྲུང་ཡེ་དབང་དང་། ཐུགས་རྗེ་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། ཁམས་དང་། ལོ་དང་། ཞག་དང་། དུས་ཚོད་ཐམས་ཅད་ལ་ཡང་དབང་བསྒྱུར་བའི་ལྷ་དུ་མར་སྣང་བའི་ཕྱིར་ཏེ། ཞེས་པ་ནས་སའི་རྒྱལ་པོ་ཆེན་པོ་དེ་ལས་སྤྱིར་སྤྲུལ་པ་བཀྱེ་བ་ལ། སྲིད་པའི་རིགས་ལྔ་བྱུང་བ་ནི། ཀུན་སྒྲོལ་དབྱིངས་ཕྱུག་རླུང་ལས་གྲུབ་པས་དར་གུད་ཀྱི་ལྟང་གཅོད། ཀུན་རིག་རྒྱས་པ་མེ་ལས་གྲུབ་པས་གཟའ་སྐར་གྱི་གྲངས་བཟང་། ཀུན་འབུམ་གོ་འབྱེད་སའི་སྲིད་པས་གཙུག་ལག་གི་ཁོག་དབུབ། ཀུན་འཇོམས་རྒྱལ་པོ་ཆུའི་སྲིད་པས་སྨེ་མནོལ་གྱི་དུག་སྦྱངས། ཀུན་འདུལ་ཆེན་པོ་ལྕགས་ཀྱི་སྲིད་པས་ཞག་ཟླའི་ཁྲིམས་བཅའོ། །ཞེས་གསལ་བ་ལྟར་རིམ་བཞིན་ཀུན་སྒྲོལ་རླུང་ལས་འབྱུང་རྩིས་སུ་གྲགས་ཆེ་བའི་དར་གུད་བཅུ་གཉིས་ཀྱི་བྱུང་ཁུངས་དང་། དགོས་པ་བྱེད་ལས་གྲངས་རིམ་དང་བཅས་ཆ་ཚང་ཞིག་དང་། ཀུན་འབུམ་ས་ལས་གཙུག་ལག་རྩིས་ཀྱི་སྒྲོམ་གཞིའམ་ཁོག་དབུབ་གབ་རྩེ་འཕྲུལ་གྱི་མེ་ལོང་ངམ་སྲིད་པའི་རུས་སྦལ་འཁོར་ལོ་བྱུང་ཚུལ་དང་། ཀུན་འཇོམས་ཆུ་ལས་སྤར་ཁ་སྨེ་བའི་གླིང་སྐོར་ཏེ་སྤར་ཁ་བརྒྱད་དང་ཕྱི་ནང་གསང་བའི་སྨེ་བ་རྣམས་དགུ་རེ་འཕྲོས་ཚུལ་དང་། ཀུན་འདུལ་ལྕགས་ལས་འབྱུང་བ་དུས་ཀྱི་འཁོར་ལོའི་སྐོར་ཏེ། ལོ་འཁོར་བཅུ་གཉིས་ཀྱི་རྣམ་བཞག་དང་། ཟླ་བ་བཅུ་གཉིས་དང་། ཞག་རྩིས་བཅུ་གཉིས། དུས་ཚོད་བཅུ་གཉིས་བཅས་ཀྱི་རྣམ་བཞག་འཕྲོས་པ་སོགས་དེ་དག་གི་རྣམ་བཤད་རྒྱས་པ་འཆད་འགྱུར་གྱི་སྐབས་སུ་སྤྲོ་བའོ། །གཞུང་འདི་དག་གི་སྤྲོ་གཞི་གོང་ལྟར་ཕྱི་རིག་པའི་འབུམ་སྡེ་གསུམ་ལ་ཐུགས་ཡོད་པ་ནི། ཀུན་གྲོལ་རླུང་ལྷའི་རྒྱུད་གཞུང་དཔེ་ཨང་༡༡ལས། དང་པོ་ཕྱི་རིག་པ་ལ་ཡང་བཀའི་སྡེ་སྣོད་གསུམ་དུ་ཕྱེ་བ་ཡིན་ཏེ། སྣང་སྲིད་ཀྱི་གཏོ་འབུམ་གཏོ་རི་རབ་སྲིད་པའི་བོན་དང་། རིན་ཆེན་ཀུན་འབུམ་འབྱུང་ལྔ་རྩ་བའི་འབུམ་དང་། གཙུག་ལག་གི་དཔལ་འབུམ་རིག་པའི་འབྲས་བུར་བསྟན་ནོ། །དེ་དག་གི་ནང་ནས་ཀྱང་རིན་ཆེན་ཀུན་འབུམ་ལས་རྒྱུད་ལྔར་ཕྱེ་བའི་ནང་ནས། ཀུན་སྒྲོལ་རླུང་གི་རྒྱུད་ལས་གཟུངས་སྡེ་འདི། རྒྱས་པ་གླེགས་བམ་བཅུ་བ། རྒྱུད་སྐོར་ཉི་ཤུ་བ་དང་། འབྲིང་བ་གླེགས་བམ་གསུམ་པ་གཞུང་ལེའུ་བསྡེབ་པ་དང་། བསྡུས་པ་བཀའ་རྟགས་ཀྱི་ཕྱག་བརྒྱ་བཅུ་གསུམ་འདི་གསུངས་སོ། །ཞེས་ཕྱི་རིག་འབུམ་སྡེ་གསུམ་དང་ཀུན་སྒྲོལ་རླུང་གི་རྒྱུད་ལའང་གཞུང་ལུགས་རྒྱས་འབྲིང་བསྡུས་གསུམ་གསལ་བ་དེ་དང་གཞན་ཡང་རྣམ་རྒྱལ་ལས། ཕྱི་རིག་པ་ནི་ས་བདག་གསེར་གྱི་རུས་སྦལ་ལས་བྱུང་ངོ་། །ཞེས་པ་ནས། ཕྱི་རིག་པའི་བོན་སྡེ་གསུམ་ནི། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ་དང་རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ་རི་རབ་ཀྱི་རྩ་བར་གཏན་ལ་ཕབས་ཏེ། སྣོད་ནི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་བསྟན་ནོ། །ཞེས་ཡོངས་སུ་གྲགས་པའི་ཕྱི་རིག་པའི་འབུམ་སྡེ་དེ་དག་གི་སྐབས་སུ་གཙོ་བོར། སྣང་སྲིད་ཀྱི་གཏོ་འབུམ་དང་འབྲེལ་བ། གཏོ་ཐབས་ཀྱི་ལག་ལེན་ཆོ་ག་ཆ་ལག་ཆ་རྐྱེན་དང་བཅས་པ་མང་དག་ཅིག་བྱུང་བ་དང་། རིན་ཆེན་གྱི་ཀུན་འབུམ་དང་འབྲེལ་བའི་གཙུག་ལག་རྩིས་ཀྱི་གཞུང་ལུགས་ཤིང་མེ་ས་ལྕགས་ཆུ་ལྔའི་རྒྱུད་སྡེ་ཁག་རྣམས་བྱུང་བ་དང་། གཙུག་ལག་གི་དཔལ་འབུམ་དང་འབྲེལ་བའི་མཐར་ཐུག་འབྲས་བུར་ལོངས་སུ་སྤྱོད་པ་གཅོད་སྲོག་རྟོགས་ཤེས་རིག་གསལ་དབང་པོ་དྲུག་གི་ནང་ནས་གཙོ་བོར་རིག་པའི་དབང་བའི་སྒོ་ནས་གཞུང་དོན་གཏན་ལ་ཕབས་ཡོད་པ་གཙུག་ལག་དཔལ་འབུམ་དཀར་པོ་དཔེ་ཨང་༥༣ལས། ས་བདག་དཔལ་འབུམ་དཀར་པོ་ལ་སྤྱད་ན། རིག་པའི་དབང་པོ་མངོན་སུམ་དུ་བྱེད་ནས་ཡོན་ཏན་ཆེན་པོ་དེ་དག་འཐོབ་པར་འགྱུར་ཏེ། རིག་པའི་དབང་པོ་གང་ཞེ་ན། ཕྱི་ལ་རིག་པའི་དབང་པོ་དང་། ནང་ལ་རིག་པའི་དབང་པོ་དང་། སྒྲ་ལ་རིག་པའི་དབང་པོ་དང་། གསོ་ལ་རིག་པའི་དབང་པོ་དང་། ཕྱི་རིག་པ་ནི་སྣོད་ཀྱི་ཚོགས་ལ་ལོངས་སྤྱོད་པའོ། །སྣང་བ་ཐམས་ཅད། ལྕགས་དང་། ཆུ་དང་། ཤིང་དང་། མེ་རུ་རྟོགས་ཀྱང་མཁྱེན་པའི་ཡེ་ཤེས་མ་འགག་པའི་གཟུགས་ལ་རྟོགས་པའི་རྟོགས་པས་རྟོག་འཛིན་གྱི་བག་ཆགས་བསགས་པ་མེད་དོ། །དེ་ལྟར་ན་ཕྱི་རིག་པ་སྣོད་ཀྱི་ཚོགས་ལ་ལོངས་སྤྱོད་པའོ། །ཞེས་པ་ནས། ཕྱི་རིག་པའི་དོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཐོབ་ནས། གཡུང་དྲུང་ཡེ་དབང་རྒྱལ་པོ་འགྱུར་ཏེ། ཕྱི་རིག་པའི་དོན་གྱི་འབྱུང་ལྔའི་ཚོགས་བསགས་བྱ་བསགས་པ་གསོག་པའི་རྟེན་གཟུགས་ནས་བླ་ན་མེད་པའི་འབྲས་བུའི་བར་གྱི་བོན་རྣམས་ལ་རིག་པའི་རིག་པས་ཡེ་ཤེས་མངོན་དུ་འགྱུར་བའོ། །ཞེས་གསུངས་པ་དེ་དང་དགོངས་དོན་མཐུན་པར་ཀུན་འབུམ་ཁྲ་བོ་ལས། སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི། །འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ། །གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ན། །སྲིད་པ་བརྟེན་པའི་ས་འཛིན་ཞེས་ཀྱང་བྱ། །ཡེ་དབང་ས་ཡི་རྒྱལ་པོ་སྐུ་བཞུགས་པས། །སྲིད་པའི་འཁོར་སྡེ་བསམ་དུ་མེད་པ་ལ། །ཀུན་རྫོབ་བདེན་པ་ཕྱི་ཡི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་དབང་ཐེག་པ་ཡི། །ཡེ་ཤེས་དབང་པོ་དྲུག་ཉིད་བསྐྱེད་པའོ། །ཞེས་གསུངས་པ་ལྟར་རིག་པའི་དབང་པོས་ཕྱི་ཀུན་རྫོབ་ཀྱི་རིག་པ་སྣོད་ཀྱི་ཚོགས་ལ་ལོངས་སྤྱོད་ནས། ནང་དོན་དམ་པ་དབང་པོ་དྲུག་གི་བླ་མེད་ཀྱི་འབྲས་བུ་ཡེ་ཤེས་མངོན་འགྱུར་གཡུང་དྲུང་ཡེ་དབང་རྒྱལ་པོའི་སྐུར་བསྙེན་ཚུལ་སོགས་གོང་དུ་རིམ་བཞིན་དྲངས་པའི་གཞུང་གོང་འོག་རྣམས་ཀྱིས་ཕྱི་རིག་པའི་གཞུང་དོན་མ་ཚང་བ་མེད་པ་རྣམ་བཞག་ཆ་ཚང་ཞིག་གསལ་བོར་གསུངས་པ་དེ་དག་གིས་ཤེས་ཐུབ་པ་ཡིན། དེ་ལྟར་སྤྱིར་རིག་པའི་གནས་ཆེན་ཁག་གི་འབུམ་སྡེ་དང་། ལྷག་པར་དུ་ཕྱི་རིག་པའི་འབུམ་སྡེ་དཀར་ནག་ཁྲ་གསུམ་དེ་གདུལ་བྱའི་བློ་སྟོབས་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་དང་པོ་ཀུན་རྫོབ་བརྡ་ཐབས་ཀྱིས་སྣ་ཁྲིད་ནས་མཐར་ངེས་པའི་དོན་དུ་བསྟན་པ་འབའ་ཞིག་ཡིན། དེས་ན་སེམས་ཅན་གདུག་པ་ཅན་དང་། འཇིག་རྟེན་རང་ཁ་མའི་སེམས་ཅན་ཕལ་བ་རྣམས་མཚན་མར་འཛིན་པའི་རྣམ་རྟོག་གི་བློ་རྩིང་པོར་ཡོད་པའི་འགྲོ་བ་གཞུང་ལུགས་ལ་བློ་ཁ་མ་ཕྱོགས་པའི་དབང་རྟུལ་རྣམས་བློ་རགས་པའི་དབང་གིས་གདུལ་བར་དཀའ་བས་དེ་དག་འདུལ་བའི་ཐབས་ལ་སྣང་སྲིད་ཀྱི་གཏོ་འབུམ་ནག་པོ་དང་པོར་གསུངས། དེ་ནས་བློ་རགས་པ་ཞིབ་ཏུ་སོང་ཞིང་གཞུང་ལུགས་ལ་བློ་ཁ་ཕྱོགས་ཏེ་ཡང་དག་གི་ཤེས་རབ་ལྡན་པ་ལ་ལྟོས་ཏེ་རིན་ཆེན་གྱི་ཀུན་འབུམ་ཁྲ་བོ་དང་། དེ་ནས་དབང་རྣོན་རིག་པའི་དབང་པོ་རྒྱུད་ལྡན་གྱིས་ངེས་པའི་དོན་རྟོགས་ནས་འབྲས་བུའི་བོན་རྣམས་ལོངས་སྤྱོད་པར་གཙུག་ལག་གི་དཔལ་འབུམ་དཀར་པོ་གསུངས། མདོར་ན་འབུམ་སྡེ་དཀར་ནག་ཁྲ་གསུམ་དེ་གདུལ་བྱ་མ་ཐུལ་བ་རྣམས་བཏུལ་བའི་ནག་པོ་དང་། བཏུལ་བ་བཀྲིད་དྲང་གི་ཁྲ་བོ། བཀྲིད་དྲངས་རྟོགས་པས་དཀར་པོར་བསྟན་པའི་སྒོ་ནས་འབུམ་སྡེ་དེ་དག་གཙོས་པས་ཕྱི་རིག་པའི་འཕྲོས་གཞི་གཞུང་ལུགས་ཚད་མར་འཛིན་པ་ཞིབ་རྒྱས་ཀྱི་ཚུལ་དུ་འཁོད་ཡོད་པ་དེ་དག་གཙུག་ལག་རྩིས་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་ཤིན་ཏུ་རྩ་འགང་ཆེ་བ་ཞིག་དང་། བྱུང་ཁུངས་ལོ་རྒྱུས་ཀྱི་གཏན་ཚིགས་འདི་དག་གཙོ་བོར་གཞི་རྩར་བཟུང་དགོས་པ་ཡིན། ང་ཚོས་ཞང་བོད་ཀྱི་ཤེས་རིག་ལོ་རྒྱུས་སྤྱི་དང་གཙུག་ལག་རྩིས་ཀྱི་ལོ་རྒྱུས་སྐོར་ཉམས་ཞིབ་གནང་སྐབས་དུས་རབས་རིམ་བྱུང་ལྟར་ལོ་རྒྱུས་ཀྱི་འཕེལ་རིམ་ལ་གཞིར་བཟུང་ནས་བཤད་ན་དོན་དངོས་ལོ་རྒྱུས་ཀྱི་འགྲོས་དང་མཐུན་པ་ཞིག་ཡིན། དེ་ལྟ་བུའི་ལོ་རྒྱུས་འཆད་པ་ལ། སོ་སོའི་དད་པ་ཡིད་ཆེས་དང་དག་སྣང་ཡོད་མེད། དགའ་མི་དགའ། སོ་སོའི་འདོད་བློ་མཐུན་མི་མཐུན་གྱི་སྐད་ཆ་ཞིག་རྩ་བ་ནས་མིན་ལ། དུས་སྐབས་གང་དང་གང་གིས་རིང་ལ་དངོས་ཡོད་གནས་ཚུལ་བཟང་ངན་ཇི་བྱུང་སྒྲོ་སྐུར་དང་བཅོས་བསླད་དུ་མ་སོང་བ་ཇི་མ་ཇི་བཞིན་དྲང་པོར་བརྗོད་ཐུབ་མཁན་ཞིག་དགོས། དེ་ལྟ་བུའི་ལོ་རྒྱུས་མཁན་དེ་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པོ་ཡིན། གང་ཡིན་ཞེ་ན། གནའ་རབས་དང་། དེང་རབས་ཀྱི་ལོ་རྒྱུས་མཁན་ཕལ་ཆེ་བ་རྣམས་ཆབ་སྲིད་དང་། ཆོས་ལུགས་གང་རུང་གིས་རྒྱས་བཏབས་པའམ་བྱིན་གྱིས་མ་བརླབས་པ་ཞིག་མེད་པར་བརྟེན། ཡང་དག་པའི་ཤེས་རིག་ལོ་རྒྱུས་དབུ་མའི་ལམ་མམ་ཐུན་མོང་གི་ཁས་ལེན་རུང་བའི་ལོ་རྒྱུས་ཤིག་བྱུང་མེད་པ་དངོས་སྟོབས་ཀྱི་ཚད་མས་གྲུབ་པ་འདི་རེད། དྲང་བདེན་ལམ་ནས་བོད་ཀྱི་ཤེས་རིག་ལོ་རྒྱུས་དུས་རབས་བྱུང་རིམ་ལ་བསམ་བློར་གཏོང་ན། སྟོན་པ་གཤེན་རབ་མི་བོ་ནས་བཟུང་བོད་རྒྱལ་གཉའ་ཁྲི་བཙན་པོ་མ་བྱོན་གོང་གི་དུས་རིམ་དང་། གཉའ་ཁྲི་བཙན་པོ་ནས་བཟུང་སྲོང་བཙན་སྒོམ་པོའི་བར་བོད་རྒྱལ་སོ་གཉིས་ཀྱི་དུས་རིམ་དང་། སྲོང་བཙན་ནས་བཟུང་ད་ལྟའི་བར་གྱི་བྱུང་བ་དུས་རིམ་ཆེན་པོ་དེ་གསུམ་ཤེས་རིག་ལོ་རྒྱུས་གང་གི་སྐབས་སུ་གཞི་རྩར་མི་འཛིན་ཀ་མེད་ཡིན། འོན་ཀྱང་ཕྱིས་སུ་ལོ་རྒྱུས་མཁན་རྣམས་ལྟ་བའི་འཛིན་ཕྱོགས་ཞིག་ནས་བོད་ཀྱི་ཤེས་རིག་ལོ་རྒྱུས་མཐའ་དག་དུས་རབས་བདུན་པ་ནས་འགོ་བརྩམས་པའི་བཤད་སྲོལ་ཤུགས་ཆེན་ཞིག་དར་ནས། ལོ་རྒྱུས་ཐོག་ལ། ད་ལྟ་བོད་ཀྱི་ཤེས་རིག་ལོ་རྒྱུས་མང་པོ་ཞིག་སྲོང་བཙན་ཡར་སྔོན་དུ་ཡོད་པའི་ཡོད་ཐག་མ་ཆོད། མེད་པའི་མེད་ཐག་མ་ཆོད་ནས་བོད་རིག་པའི་ལོ་རྒྱུས་ཀྱི་ཁྲོད་དུ་རྩོད་གླེང་གནང་དང་གནང་མུས་ཀྱི་སྐབས་ཡིན། ཚང་མས་བསམ་ཞིབ་ནན་ཏན་ཞིག་བྱེད་དགོས་པ་ལ། གནའ་བོའི་བོན་གྱི་ལོ་རྒྱུས་ལ་གཞིག་ན་རྒྱ་དཀར་ནག་གཙོས་པའི་ཁྱིམ་མཚེས་ཀྱི་ཡུལ་མི་རྣམས་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ཁུངས་རྣམས་ཞང་བོད་རང་ལ་གཏུགས་ཏེ་ཡུལ་ལུང་དེ་དག་གི་མི་སྣ་མང་པོ་ཞིག་དེ་གར་སློབ་སྦྱོང་བྱས་ནས་རྗེས་སུ་ཡུལ་ལུང་སོ་སོར་ཤེས་རིག་དར་སྤེལ་གནང་བའི་ལོ་རྒྱུས་ཤིན་ཏུ་གསལ། དུས་རབས་བདུན་པ་ཚུན་གྱི་ལོ་རྒྱུས་ལ་གཞིག་ན། དེ་ལས་ལྡོག་སྟེ་བོད་རང་གི་ཤེས་རིག་ལོ་རྒྱུས་ཀྱི་ཁུངས་མཐའ་དག་རྒྱ་དཀར་ནག་སོགས་ལ་བཅོལ་ནས་མགོ་གཏད་ལུས་འབུལ་བྱས་ཡོད་པ་ཡིན། གོང་གི་ཞང་བོད་ཀྱི་ཤེས་རིག་ལོ་རྒྱུས་དུས་རིམ་ཆེན་པོ་གསུམ་གྱི་ནང་ནས་དུས་རིམ་ཕྱི་མའི་སྐོར་ལ་མཁས་པ་རྣམས་ཀྱིས་ལོ་རྒྱུས་མང་པོའི་ལག་རྗེས་བཞག་ཡོད་ལ། དུས་རིམ་སྔ་མ་གཉིས་ཀྱི་སྐོར་ལ་བགྲོ་གླེང་གི་དུས་རབས་གསར་བ་ཞིག་འགོ་ཚུགས་ཡོད་སྟབས། ཁོ་བོས་ཀྱང་དུས་སྐབས་དེ་དང་འབྲེལ་བའི་རྩིས་ཀྱི་ལོ་རྒྱུས་ཕྲན་བུ་ཞལ་འདེབས་ཞུ་རྒྱུའི་རེ་བ་ཡོད། གཙུག་ལག་རྩིས་དེ་ལ་ནང་གསེས་དབྱེ་ན་སྐར་རྩིས་དང་། འབྱུང་རྩིས་སམ་ནག་རྩིས་ཞེས་ཡོངས་སུ་གྲགས་པ་དེ་གཉིས་ཡིན། གཞུང་ལུགས་ལོ་རྒྱུས་ཀྱི་ཆ་ནས་སྟོན་པ་གཤེན་རབ་མི་བོས་གསུངས་པའི་རྩིས་ཀྱི་མདོ་གཞུང་གོང་དུ་གསལ་བ་དེ་དག་གཞི་རྩར་བཟུང་ནས་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་འཕྲོས་པ་ཡན་ལག་གི་བསྟན་བཅོས་སམ་བཀའ་བརྟེན་དུ་མ་ཞིག་མཛད་གནང་ཡོད། དེས་ན་བོན་ལུགས་སུ་རྩིས་ཀྱི་བྱུང་ཁུངས་ཐོག་མ་གཤེན་གྱི་ཞལ་ལུང་ལ་གཞིར་འཛིན་པ་དང་། ཆོས་ལུགས་སུ་རྩིས་ཀྱི་ཐོག་མར་བོད་ཡུལ་དུ་སྲོང་བཙན་ཚུན་ནས་འགོ་ཚུགས་པ་ལྟ་བུ་བཤད་ཡོད། ཕྱིས་སུ་སྐར་རྩིས་ལ་དཀར་རྩིས་དང་། འབྱུང་རྩིས་ལ་ནག་རྩིས་ཞེས་རྩིས་ལ་དཀར་ནག་གི་ཐ་སྙད་བྱུང་བ་དེ་ནི། གོམས་གཤིས་དབང་གིས་བོད་མི་རྣམས་ཀྱི་དུས་རྒྱུན་བསམ་བློའི་འདུ་ཤེས་འཛིན་སྟངས་ཞིག་ལ་དཀར་པོ་ནི་བཟང་པོའམ་དགེ་ཕྱོགས་དང་། ནག་པོ་ནི་ངན་པའམ་མི་དགེའི་ཕྱོགས་འཛིན་རང་བཞིན་གྱི་གོམས་སྲོལ་ཞིག་ཡོད་པའི་བཟང་ངན་གྱི་དཀར་ནག་ལ་མི་ཟེར་དེ། དེ་ནི་ཕྱིས་བྱུང་གི་ལོ་རྒྱུས་ཁག་ནང་འབྱུང་རྩིས་ནི་རྒྱ་ནག་ནས་དར་བ་དང་། སྐར་རྩིས་ནི་རྒྱ་གར་ནས་དར་བར་བསྙད་པའི་རྒྱུ་མཚན་ལ་བརྟེན་རྩིས་ལ་དཀར་ནག་གི་ཐ་སྙད་བྱུང་བར་མངོན། དོན་དངོས་དཀར་ནག་གི་ཁྱད་པར་ཞིག་མིན་པ་ཡོངས་གྲགས་འབྱུང་རྩིས་དང་སྐར་རྩིས་ཞེས་པ་དེ་མིང་དོན་མཚུངས་པའི་གོ་བ་ཞིག་སྟེ། འབྱུང་རྩིས་ཞེས་པ་བརྩི་བྱ་འབྱུང་བ་ལྔ་ལ་རྩི་བྱེད་རང་བཞིན་གཞིའི་གཙུག་ལག་དང་འབྲེལ་བའི་འགྲོ་བ་མིའི་སྲོག་ལུས་དབང་ཀླུང་དང་། ལོ་ཟླ་ཞགས་དུས་ཀྱི་ཁམས་དང་དར་གུད། སྤར་ཁ་སྨེ་བ་སོགས་ཀྱིས་བསྡུས་པའི་མ་རིག་འཁྲུལ་སྣང་གི་གབ་རྩེས་འཇིག་རྟེན་གྱི་བདེ་སྡུག་འཕེལ་འགྲིབ་བརྟག་པའི་སྒོ་ནས་འཆད་པའི་རིག་པ་ལ་འབྱུང་རྩིས་དང་། གནམ་ལ་ཉི་ཟླ་གཟའ་སྐར་འཁོར་བགྲོད་བྱེད་ཚུལ་དང་། ས་ལ་ནམ་ཟླ་དུས་བཞིའི་འགྱུར་བ་སོགས་གནམ་སའི་འགྱུར་ལྡོག་གི་ཁྱད་པར་ས་རིས་སྒོ་ནས་བཟང་ངན་གཏན་ལ་འབེབས་པར་བྱེད་པའི་རིག་པ་ལ་གནམ་རིག་སྐར་རྩིས་ཞེས་གྲགས་པ་ཡིན་པས་སོ། རྩ་བའི་འབྱུང་རྩིས་དང་སྐར་རྩིས་གཉིས་ལ་རིག་པ་ཕྲ་རགས་གི་ཁྱད་པར་ཅུང་ཡོད་དེ། འབྱུང་རྩིས་དེ་རྣམ་རྟོག་གི་ཞེན་འཛིན་རགས་པ་ལ་ལྟོས་ཏེ་བྱུང་བས་རིག་པ་ཏོག་ཙམ་རྩིང་བའི་ཚུལ་དང་། སྐར་རྩིས་ནི་དེ་ལས་རིག་པ་ཕྲ་བ་སྟེ་ཉི་ཟླ་གཟའ་སྐར་སོགས་དུས་གཟེར་རྣམས་ཐོག་ཏུ་འཁྲུལ་མེད་གཏན་ལ་འབེབས་པའི་དཔྱད་པ་ཕྲ་མོ་ཞིག་ཡིན། ཞང་བོད་ཀྱི་འབྱུང་རྩིས་དང་སྐར་རྩིས་གཉིས་དེ་ལོ་རྒྱུས་ཐོག་ག་དུས་དབུ་བརྙེས་ཞེ་ན། སྟོན་མཆོག་གཤེན་རབ་མི་བོ་འཇིག་རྟེན་གྱི་ཁམས་སུ་བྱོན་ནས་དགུང་ལོ་གཅིག་བཞེས་སྐབས་འབྱུང་རྩིས་ཀྱི་སྲོལ་གཏད་པ་དང་། དེ་ནས་དགུང་ལོ་བཅུ་གཉིས་བཞེས་སྐབས་སྐར་རྩིས་ཀྱི་རིག་པ་དེ་གཏན་ལ་ཕབས་ནས་སྲོལ་ཕྱེས་པའི་ལོ་རྒྱུས་གཤེན་རབ་ཀྱི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་སོགས་ལས་གསལ། སྟོན་པ་གཤེན་རབ་ཀྱིས་ཐོག་མར་འབྱུང་རྩིས་གཏན་ལ་ཕབས་ཚུལ་ནི་ཁོང་སྐུ་འཁྲུངས་ཏེ་དགུང་ལོ་གཅིག་བཞེས་དུས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་ཕྱེས་པ་ནས་བཟུང་། ལོ་རྒྱུས་ཐོག་ཞང་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་དུས་རབས་དང་པོ་དབུ་བརྙེས་ཤིང་། དེ་ནས་ཁོང་གིས་གདུལ་བྱའི་བློ་སྟོབས་སམ་འགྲོ་བ་མིའི་སེམས་ཁམས་དང་བསྟུན་ཏེ་ལས་དང་པོའི་འགྲོ་བ་ཐུན་མོང་ལ་ཕན་ཐོག་ཆེ་ཤོས་དང་དགོས་མཁོའི་ཆ་རྐྱེན་མེད་དུ་མི་རུང་བ་བོན་ཐེག་པ་རིམ་དགུའི་དང་པོ་ཕྱྭ་གཤེན་ཐེག་པའི་བོན་སྒོར་གཏོགས་པའི་མོ་དང་། རྩིས་དང་། གཏོ་དང་། དཔྱད་རྣམ་པ་བཞི་དེ་སེམས་ཅན་གྱི་རྣམ་རྟོག་དང་། ལས་སྤྱོད་དང་མཐུན་པར་སྟོན་པས་དགོས་དབང་གིས་དེ་ལྟ་བུའི་བོན་སྒོ་རེ་རེ་ལ་རྣམ་གྲངས་བཞི་རེ་གསུངས་པ་དེ་བོན་གྱི་བསྟན་པ་ཐོག་མར་དར་བའི་དུས་ཀྱི་གཞུང་ལུགས་ཀྱི་གཙོ་བོའང་རེད་ལ་མི་རིགས་རང་ཉིད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་གཞི་རྩའམ་སྒྲོམ་གཞི་ལྟ་བུའང་ཡིན། གོང་གི་མོ་རྩིས་གཏོ་དཔྱད་རྣམ་བཞི་དེ་བོན་ཐེག་པ་རིམ་དགུའི་ཐོག་མར་ཕྱ་གཤེན་ཐེག་པའི་གཞུང་ལུགས་སམ་འདོད་གཞུང་གཙོ་བོ་ཡིན་ཚུལ། མདོ་དྲི་མེད་གཟི་བརྗིད་ཕྱ་གཤེན་ཐེག་པའི་མདོ་ལས་གསལ་བ་ལྟར། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། །སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། །སྒོས་སུ་རྣམ་གྲངས་བཞི་རུ་བསྟན། པྲ་ལྟས་མོ་དང་རྣོ་མཐོང་རྩིས། ན་གསོ་གཏོད་དང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་པར་བྱ། མོ་རྩིས་གཏོ་དཔྱད་རྣམ་པ་བཞི། །དང་པོར་ཐོག་མ་གང་གིས་སྔ། །བར་དུ་གསོ་རྐྱེན་གང་གིས་བྱེད། །ཐ་མ་ལས་མཐའ་གང་གིས་བསྡུ། །ཐོག་མར་སྤྱི་ཡི་རྣམ་གྲངས་ནི། །པྲ་ལྟས་མོ་ཡི་མཚན་ཉིད་ལ། །མོ་པྲ་སུམ་བརྒྱ་དྲུག་ཅུ་མཆིས། །རྣོ་མཐོང་རྩིས་ཀྱི་མཚན་ཉིད་ལ། །གབ་རྩེ་སུམ་བརྒྱ་དྲུག་ཅུ་མཆིས། །ན་གསོ་གཏོ་ཡི་མཚན་ཉིད་ལ། །གཏོ་ཐབས་སུམ་བརྒྱ་དྲུག་ཅུ་མཆིས། །འཆི་བསླུ་དཔྱད་ཀྱི་མཚན་ཉིད་ལ། །དཔྱད་ཐབས་ཉིས་ཁྲི་གཅི་སྟོང་མཆིས། །མོ་ལ་རྣམ་པ་བཞི་ཡིན་ཏེ། །ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། །ཡེ་མཁྱེན་སྒྲ་བླའི་མངོན་ཤེས་དང་། །ཡེ་རྗེ་སྨོན་པའི་རྨི་ལམ་དང་། །ཡེ་དབང་ལྷ་ཡི་བཀའ་བབས་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །རྩིས་ལ་རྣམ་པ་བཞི་ཡིན་ཏེ། །གབ་རྩེ་འཕྲུལ་གྱི་མེ་ལོང་དང་། །སྤར་ཁམས་སྨེ་བ་གླིང་བསྐོར་དང་། །འབྱུང་བ་དུས་ཀྱི་འཁོར་ལོ་དང་། །ཇུ་ཞག་རྟེན་འབྲེལ་ལས་རྩིས་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །གཏོ་ལ་རྣམ་པ་བཞི་ཡིན་ཏེ། །འབྱུང་བ་འཁྲུགས་པའི་ཡོ་གཏོ་དང་། །མདོས་ཆ་རྟེན་འབྲེལ་བརྡོག་གཏོ་དང་། །བག་ཉན་བཟློག་པའི་ཐུན་གཏོ་དང་། །མཉམ་གཉིས་བསོར་བའི་བརྗེ་གཏོ་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །དཔྱད་ལ་རྣམ་པ་བཞི་ཡིན་ཏེ། །རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང་། །ངོས་འཛིན་རྩ་ལ་དཔྱད་པ་དང་། །ཕན་གནོད་ཆུ་ལ་དཔྱད་པ་དང་། །འཆི་སོས་ཁམས་ལ་དཔྱད་པ་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །ཞེས་གསལ་བ་ལྟར་པྲ་ལྟས་མོ་ལ་མོ་པྲ་སུམ་བརྒྱ་དྲུག་ཅུ་དང་། རྣོ་མཐོང་རྩིས་ལ་གབ་རྩེ་ལ་སུམ་བརྒྱ་དྲུག་ཅུ། ན་གསོ་གཏོ་ལ་གཏོ་ཐབས་སུམ་བརྒྱ་དྲུག་ཅུ། འཆི་བསླུ་དཔྱད་ལ་དཔྱད་ཐབས་ཉིས་ཁྲི་ཆིག་སྟོང་སོགས་མོ་རྩིས་གཏོ་དཔྱད་རེ་རེ་བོན་སྒོ་རྣམ་པ་བཞི་རེ་ཡོད་པར་གསུངས་པ་དེ་ཡིས་གསལ་བོར་ཤེས་ཐུབ་པ་ཡིན། ཁྱད་པར་དུ་རྩིས་ཀྱི་ནང་ཚན་ལ་རྩིས་འགོ་མང་དུ་སྤྲོ་རྒྱུ་ཡོད་ཀྱང་གཞི་རྩ་ཆེས་གནའ་རབས་ནས་ད་བར་ཞང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དར་ཁྱབ་ཆེ་བའི་འབྱུང་རྩིས་ཀྱི་ཐོག་མ། འབྱུང་ཁམས་དང་། ལོ་ཟླ་ཞག་དུས། སྤར་ཁ་སྨེ་བ་བཅས་ཀྱི་ཐོག་མའི་བྱུང་ཁུངས་གཞུང་མང་དཔྱད་པའི་ངལ་བ་མི་དགོས་པ་སྟབས་བདེ་ཤོས་ཀྱི་ཚུལ་དུ་བརྗོད་ན་སྟོན་པ་གཤེན་རབ་མི་བོ་སྐུ་འཁྲུངས་པའི་དུས་ཀྱི་ལོ་ཟླ་ཞག་དུས་སྤར་སྨེ་འབྱུང་ཁམས་དང་བཅས་པ་དེ་ནས་སྲོལ་ཚུགས་པ་ཡིན་ཞེས་ཚིགས་སུ་བཅད་ན་ལོ་རྒྱུས་ཀྱི་བྱུང་ཁུངས་དང་། སྲོལ་རྒྱུན་གྱི་གཏན་ཚིགས་བཅས་ཀྱིས་ར་སྤྲོད་ཐུབ་པ་ཡིན་སྙམ། དེའི་བྱུང་ཁུངས་ཀྱི་ལོ་རྒྱུས་ནི་གཤེན་རབ་ཀྱི་མཛད་མདོ་འབྲིང་པོ་གཟེར་མིག་དེབ་ཨང་༥༦ལས། ལོ་ཡི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི་ནན་ཏན་གྱིས་སེམས་ཅན་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། །ཟླ་བའི་འགོ་བོ་དཔྱད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། །ཞག་གི་སྙིང་པོ་ཆེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་གཤེགས་རྗེས་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ། །སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ། །དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་དགོངས་ནས་གཤེགས་པ་ནི། ནམ་ལངས་པའི་རྟིང་ལ་ཉི་ཤར་འོང་བ་དང་འདྲ་སྟེ། བདག་གཤེགས་པའི་རྟིང་ལ་སྐུ་ལས་སྤྲུལ་སྐུ་འབུམ་ཕྲག་མང་པོ་སྤྲུལ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །འདུལ་བའི་ཞིང་ཁམས་ཀྱང་རྒྱ་མི་ཆུང་སྟེ། འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ལགས་སོ། །རྒྱལ་སར་ཕྱུང་བའི་དུས་ཚོད་ཀྱང་དགུང་ལོ་གཅིག་ལོན་ན་དབྱུང་བའི་དུས་ལགས་སོ་ཟླ་བ་བཅུ་གཉིས་ཀྱི་ཞག་སུམ་བརྒྱ་དྲུག་ཅུ། ཟ་མ་བདུན་བརྒྱ་ཉི་ཤུས་སྐུ་གསུང་ཐུགས་བསྐྱེད་པས་རྒྱལ་ས་ཟིན་པ་ལགས་སོ། །ཞེས་དང་ཀུན་འབུམ་ཁྲ་བོ་ལས། ལོ་ལ་དགོངས་པ་བྱི་བ་སྟེ། མཛད་པ་དྲུག་ཅུ་མཐར་ཕྱིན་འགྱུར། ཟླ་བ་དཔྱིད་ཟླ་ར་བ་ཡི། ཟླ་བཅས་བདུད་དཔུང་འདུལ་བར་བྱེད། སྐར་མའི་དམ་པ་རྒྱལ་གྱིས་ནི། བདུད་ལྔ་དབང་དུ་སྡུད་པར་ངེས། ཞེས་པ་དེ་དང་མདོ་དྲི་མེད་ལས་མཛད་ཆེན་རྣམས་ཀྱི་བཀྲ་ཤིས་སྐབས་སུ་གསལ་བ། ལོ་ཡི་རྒྱལ་པོ་ལོ་མགོ་བྱི་བ་དང་། །དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་གོང་། །དགུང་ཚེས་བཅོ་ལྔའི་ནམ་ལངས་ཉི་ཤར་ལྟར། །ཞེས་གསུངས་པ་ལྟར་སྟོན་པ་གཤེན་རབ་མི་བོ་མཆོག་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་མདོ་རྒྱུད་བཀའ་བརྟེན་ལོ་རྒྱུས་དང་བཅས་པ་ཐམས་ཅད་ཞལ་མཐུན་པ་མི་བརྒྱ་ངག་གཅིག་ལྟ་བུ་མཐུན་སྣང་དུ་ཚད་མས་གྲུབ། དེས་ན་གཤེན་རབ་མི་བོ་ཆེ་དེ་ཤིང་བྱི་ལོར་སྐུ་བལྟམས་པའི་གཏན་ཚིགས་ཀྱི་འབྱུང་ཁམས་ཀྱི་ཐོག་མ་ཤིང་དང་། ལོ་འཁོར་བཅུ་གཉིས་ཀྱི་ཐོག་མ་བྱི་བ། ཟླ་བ་བཅུ་གཉིས་ཀྱི་དང་པོ་དཔྱད་ཟླ་ར་བ། ཞག་སུམ་ཅུའི་སྙིང་པོ་དུས་ཁྱད་པར་ཅན་ཚེས་པ་བཅོ་ལྔ། དུས་ཚོད་བཅུ་གཉིས་ཀྱི་ཐོག་མ་ནམ་ལངས་ཡོས། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས་བདུད་ལྔ་དབང་འདུས་འཇིག་རྟེན་ཟིལ་གནོན་གྱི་སྐར་མའི་དབང་པོ་རྒྱལ། སྤར་ཁ་བརྒྱད་ཀྱི་དང་པོ་ལ་མེ་ཁམས་ལས་གྲུབ་པ་སྨེ་བ་དགུ་ཡི་ཐོག་མ་གཅིག་དཀར་གྱིས་ཟིན་པས་སྨེ་ཕྲེང་དང་པོ་ཤིང་བྱི་ནས་འགོ་བརྩམས་པའི་སྲོལ་སོགས་ལུགས་དེ་དག་དེ་ནས་བྱུང་བ་གཏན་ཚིགས་ཤིན་ཏུ་གསལ། གཤེན་རབ་མི་བོ་ཆེ་དེ་ཤིང་བྱི་ལོར་སྐུ་བལྟམས་ནས་ད་ལྟ་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན་ཉག་མ་བཅུ་གསུམ་པ་མེ་བྱི་ལོ་བར། གཤེན་གྱི་དགུང་ལོ་དང་བསྟན་པའི་མེ་ལོ། ༡༨༠༡༣ཕྱིན་ཡོད་ཅིང་། དེ་བཞིན་གཤེན་རབ་འཁྲུངས་ལོའི་སྨེ་བ་གཅིག་དཀར་གྱིས་ཟིན་པའི་ལོ་དེ་ནས་བཟུང་ད་ལྟ་མེ་བྱི་ལོའི་གནམ་ལོའི་སྨེ་བ་བཞི་ལྗང་བར་འཁོར་སྨེ་རེ་ལ་སྨེ་ཕྲེང་གོང་འོག་བར་གསུམ་རིམ་པ་ལྟར་གཅིག་བཞི་བདུན་གྱིས་འོག་བཟུང་ནས་ལྔ་བརྒྱད་གཉིས་ལ་རིམ་བཞིན་རྫོགས་པའི་མི་ལོ་བརྒྱ་དང་བརྒྱད་ཅུའི་སྐོར་འགོ་བྱས་པའི་སྨེ་འཁོར་བརྒྱ་དང་གཅིག་གི་ནང་ཚན་སྨེ་ཕྲེང་དང་པོའི་ཉག་མ་བཅུ་དྲུག་པའི་གནམ་སྨེ་བཞི་ལྗང་གིས་ཟིན་པའི་ལོ་འདི་བར་གྱི་སྨེ་བའི་གྲངས་དང་། གཤེན་རབ་ཀྱི་འདས་ལོའི་གྲངས་གཉིས་གཅིག་མཐུན་དུ་གྲུབ་པ་དེ་ཞང་བོད་ཀྱི་ལོ་རྒྱུས་དུས་ཡུན་དེ་ཙམ་དར་བ་བོན་གྱི་མདོ་རྒྱུད་ལོ་རྒྱུས་གཙོ་ཆེ་བ་རྣམས་ཀྱི་དགོངས་དོན་གཤའ་མ་ཡིན། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་(p༣༡༨)ལས། ཕྱི་ལོ༡༩༨༢བར་གྱི་གཤེན་རབ་ཀྱི་འདས་ལོ༣༨༩༩བྱུང་བ་འདི་ནི་བོད་ཀྱི་ལོ་རྒྱས་ཡོད་པ་ནས་བརྩམས་པའི་འདས་ལོ་ཞིག་ཡིན། ཞེས་བཞེད་པ་དེ་ནི་གཤེན་རབ་ཀྱི་མཛད་མདོ་ཁག་དང་། བོན་གྱི་མདོ་རྒྱུད་ལོ་རྒྱུས་རྣམས་དང་འགལ་བ་ལྟག་སྤྲོད་དུ་སོང་བའི་བཞེད་པ་ཞིག་རེད། གོང་དུ་མདོ་དྲི་མེད་ལས་གསལ་བ་ལྟར། གཤེན་རབ་མི་བོ་ཆེས་གཙུག་ལག་རྩིས་ཀྱི་བོན་སྒོ་སྤྱིར་གབ་རྩེ་སུམ་བརྒྱ་དྲུག་ཅུ་བསྟན་ཞིང་། དེ་དག་གི་བསྡུས་དོན་སྙིང་པོ་རྩིས་ཀྱི་སྐོར་འགོའི་གཙོ་བོ་ནི། གབ་རྩེ་འཕྲུལ་གྱི་མེ་ལོང་དང་། སྤར་ཁ་སྨེ་བའི་གླིང་སྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་བཅས་འབྱུང་རྩིས་ཀྱི་རྨང་གཞི་དེ་བཞི་ལ་མ་འདུས་པ་མེད་ཅིང་། དེ་དག་གི་ཡན་ལག་རྒྱས་བཤད་ཁོ་བོས་བྲིས་པའི་རྩིས་དཀར་ནག་གི་ལོ་རྒྱུས་རྒྱས་པ་ལས་གསལ་ལ། འདིར་ཡིག་ཚོགས་མང་བར་དྭོགས་ནས་ད་ལན་བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོའི་ཐོག་བོན་གྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་བཤད་འདི་ཙམ་འཐུས་པར་བྱས་སོ། །

༢༠༡༡ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱིའི་དེབ་གྲངས་བརྒྱད་པ་ལས་དྲངས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060