སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཡུང་དྲུང་བོན་གྱི་སྔགས་བསྟན་སྔ་དར་དང་འབྲེལ་བའི་བརྒྱུད་རིམ་ངོས་འཛིན་སྐོར།
སྤེལ་དུས། 2012-12-06   ཡོང་ཁུངས། ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས།   རྩོམ་པ་པོ།  དྲང་སྲོང་རྣམ་རྒྱལ།

ང་ཚོས་བོན་ལུགས་ཀྱི་ལྟ་ཚུལ་ཁག་ཅིག་ཕྱོགས་བསྡོམས་བྱས་ན། སྔར་བསྐལ་པ་ཡ་ཐོག་ཏུ་མང་བཀུར་རྒྱལ་པོ་བྱུང་སྟེ་ཆེས་ཐོག་མར་འཇིག་རྟེན་གྱི་རིག་བྱེད་དང་མུ་སྟེགས་སོགས་འཇིག་རྟེན་ཐུན་མོང་གི་བོན་བྱུང་བ་དང༌། དེ་དང་སྟབས་བསྟུན་རྒྱལ་བའི་ཕྲིན་ལས་ལ་བརྟེན་ནས་སྲིད་པ་རྒྱུད་ཀྱི་བོན་ཞེས་པ་རྒྱུ་ཡི་བོན་སྣ་ཚོགས་པས་ཕན་བདེ་བསྒྲུབས་པར་བྱས་པས་བསྟན་པའི་གཞི་ཆགས་པར་གྱུར། འོག་མིན་གྱི་གནས་སུ་བོན་སྐུས་བླ་མེད་ཀྱི་རྒྱུད་རྣམས་ཐུན་མིན་ཤིན་ཏུ་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་གོ་བའི་གདུལ་བྱ་ཁོ་ནར་གསུངས་པ་དང༌། དེ་ནས་སུམ་ཅུ་རྩ་གསུམ་ལ་སོགས་ལྷ་ཡི་གནས་སུ་འཆི་མེད་ཡུམ་སྲས་གཤེན་གསུམ་གྱིས་སྤྱི་སྤུངས་སོགས་གསང་བ་སྔགས་ཀྱི་བོན་དེ་དག་གདུལ་བྱ་བློ་མཆོག་རྣམས་ལ་གསུངས་པ་ནི་ཕལ་ཆེར་འདོད་ཁམས་ཀྱི་གདུལ་བྱ་ལ་གསུངས་པ་ལྟ་བུར་ཡོད་དོ། དེ་ནས་མི་ཡུལ་དུ་སྟོན་པ་གཤེན་རབ་ཀྱིས་གསང་སྔགས་ཀྱི་བོན་མང་དུ་གསུངས་པ་ཡོད་ནའང༌། སྟོན་པ་གཤེན་རབ་ནི་ཡོངས་གྲགས་ཕྱི་རྒྱུད་མདོ་ཡི་སྟོན་པའི་ཚུལ་དུ་བྱོན་པར་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཁག་ནས་གསལ་བ་ཡིན་ལ། ཕྱི་རྒྱུད་ཐམས་ཅད་སྤྲུལ་པའི་སྐུ་ལས་བརྒྱུད་ཅེས་པའི་དོན་ཡང་དེ་ཡིན་ནོ། །གཤེན་རབ་ཀྱིས་འདུལ་མངོན་མདོ་སྡེ་སོགས་གང་གསུངས་པ་དེ་དག་སྔགས་ཀྱི་ཆ་ལག་གི་ཚུལ་དུ་ཡོད་པས་མདོ་སྔགས་གཉིས་དོན་དུ་མི་འགལ་ལོ་ཞེས་བཞེད་པའང་ཡོད་དོ། །སྟོན་པ་གཤེན་རབ་སྐུ་གཤེགས་ནས་ལོ་ཉེར་བརྒྱད་ན་འོལ་གླིང་དུ་གསང་སྔགས་ཀྱི་བསྟན་པ་བྱུང་ཚུལ་བཤད་པ་ལྟར་ན་སྟོན་པ་ཞལ་བཞུགས་དུས་སུ་ཆེར་མེད་པར་སྣང་ངོ༌།
    བོད་དུ་སངས་རྒྱས་བསྟན་པ་སྤྱི་ཡི་དབང་དུ་བྱས་ན་སྔ་རབས་མཁས་པ་ཁ་ཅིག་གིས་མདོ་སྔགས་གཉིས་མེ་ཆུ་ལྟ་བུར་བཞེད་པ་བྱུང་བ་དེར་མཁས་པས་དགག་བཞག་མཐའ་ཡས་པ་བྱུང་ཡོད་དོ། །བོན་དཔེ་ཁག་ཅིག་ལས་བརྗོད་ཚུལ་འདྲ་མིན་གསལ་ཡང༌། བོན་གྱི་མཁས་མཆོག་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མདོ་སྔགས་ཟུང་འབྲེལ་གྱི་ལམ་སྲོལ་བརྟན་པོ་བཙུགས་ཡོད་པ་དེས་བོན་བསྟན་ལ་མདོ་སྔགས་ཟུང་འབྲེལ་གྱི་དཔེ་མཚོན་རང་བཞིན་གྱི་ཐབས་ཤེས་ཤིག་སྟོན་ཡོད་པ་གསལ་བར་བྱས་འདུག སྔ་དར་རྒྱུད་རིམ་སྐབས་སུ་རྒྱུ་འབྲས་ཀྱི་བོན་གཉིས་འགལ་མེད་དུ་སྤྱོད་ཚུལ་གསལ་བའི་དཔེ་ཁག་ཀྱང་མི་ཉུང་བ་ཡོད་པ་རེད། །ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་རྣམས་ནས་བོད་བཙན་པོའི་སྐབས་སུ་བོན་ལ་མ་ལག་ཚང་བའི་གཞུང་ལུགས་མེད་པར་བརྗོད་མཁན་མང་དུ་ཡོད་པ་ནི་དེང་དུས་བོན་ལུགས་པ་རྣམས་ཀྱི་ཤོད་སྟངས་དང་མི་འདྲ་བ་ཡིན།
    བོན་ལུགས་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ཐད་ལ། ཚེ་ལོ་དཔག་མེད་ནས་རིམ་བཞིན་སྟོན་པ་ཅི་རིགས་བྱོན་པའི་ཚུལ་བོན་གྱི་ལོ་རྒྱུས་དག་ནས་གསལ་བ་ལྟར་ན། སྟོན་པ་དེ་དག་གིས་གསང་སྔགས་སོགས་བསྟན་པ་ཅི་རིགས་སྤེལ་བར་གསལ་ནའང༌། སྐབས་འདིར་སྔགས་ཀྱི་བསྟན་པ་ནི་སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བྱུང་བའི་འཆི་མེད་ཡུམ་སྲས་གཤེན་གསུམ་གྱིས་ཐོག་མར་གསུངས་པའི་ཚུལ་ལ་གོ་དགོས་པ་ལས། བོན་ལུགས་ཡོངས་གྲགས་ལྟར་ན། སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་རིམ་པ་གསུམ་བསྐོར་བ་དེ་དག་གི་ནང་ནས་གསང་སྔགས་གསུངས་པར་བཤད་ཡོད་པ་འདི་གཅིག་པུ་ལ་གོ་ན་མི་འགྲིག་པ་ཡིན། ཚུལ་འདི་ནི་བོན་གྱི་མཁས་དབང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་གསལ་པོར་གསུངས་ཡོད་ལ། སྟོན་པ་གཤེན་རབ་ནི་མི་ཡི་ཚེ་ལོ་བརྒྱ་པའི་དུས་སུ་བྱུང་བ་དང༌། དེའི་སྔོན་ཚེ་ལོ་དཔག་མེད་དང་ཁྲི་པ་སོགས་ཀྱི་སྐབས་སུ་གསང་སྔགས་ཀྱི་བསྟན་པ་བྱུང་ཡོད་པ་དང༌། གསང་འདུས་གཤེན་གསུམ་དང༌། བླ་མ་ཆེ་དྲུག་ནི་ཆེས་ཡ་ཐོག་གི་སྐབས་སུ་བྱུང་བ་དང་དེ་དག་གིས་གསང་སྔགས་ཀྱི་བསྟན་པ་སྤེལ་བར་གསུངས་ཡོད། བོན་གྱི་མཁས་པས་བཞེད་ཚུལ་ཞིག་ལ་འཆི་མེད་གཙུག་ཕུད་དང༌། གསང་བ་འདུས་པ། སྟག་ལ་མེ་འབར་གསུམ་ནི་སྟོན་པ་གཤེན་རབ་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟོན་པ་ཡིན་པས་དོན་དུ་སྟོན་པ་གཤེན་རབ་ཀྱི་སྤྲུལ་པ་ཡིན་ནོ་ཞེས་བཤད་ལ། མཁས་དབང་སྒ་སྟོན་གྱིས་སྟོན་པ་གཤེན་རབ་ཀྱང་དུ་མ་ཡོད་པར་གསུངས་སོ།
    བོད་དུ་དར་བའི་རིམ་པ་ལ་དུས་ཕྱིས་བོན་ལུགས་པ་རྣམས་ཀྱིས་བོད་རྒྱལ་གཉའ་ཁྲིའི་སྔོན་དུ་སྔགས་བསྟན་ཆེས་ཆེར་དར་བར་བཤད་པ་ཡོད་ཀྱང༌། བོད་དུ་དར་བའི་དབང་དུ་བྱས་ན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོས་བོན་གྱི་དབུ་བརྙེས། ཞེས་སུ་གྲགས་པས་བོད་ཀྱི་རྒྱལ་ཐོག་དང་པོ་གཉའ་ཁྲི་བཙད་པོ་དང༌། གཤེན་པོ་སྣང་བ་མདོག་ཅན་གཉིས་ཟུང་འབྲེལ་གྱིས་གསང་སྔགས་ཀྱི་བསྟན་པ་བཙུགས་པར་བཤད་ཡོད་པ་ནི་བོན་ལུགས་ཡོངས་གྲགས་ཀྱི་ལྟ་ཚུལ་ཞིག་རེད། གཉའ་ཁྲིའི་སྲས་མུ་ཁྲི་བཙད་པོ་ཞེས་པ་དེ་བླ་མ་ཆེ་དྲུག་ནང་ཚན་གྱི་མུ་ཁྲི་བཙད་པོ་ལ་འཇོག་པ་ནི་བོན་གྱི་མཁས་པ་མཐའ་དག་གི་བཞེད་པ་མིན་ཏེ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བླ་མ་ཆེ་དྲུག་ནང་ཚན་གྱི་མུ་ཁྲི་ནི་ཨོ་རྒྱན་གྱི་རྒྱལ་པོ་ཞིག་ཡིན་ཚོད་གསུངས་ཡོད་པས་སོ།
   བོད་རྒྱལ་གནམ་གྱི་ཁྲི་དྲུག་གིས་བསྟན་པའི་གཞུང་བསྲང༌། བོན་རྒྱལ་ཆེ་བཞིས་ཕྱོགས་མཐར་སྤེལ་ཞེས་པའང་བོད་ཀྱི་ས་ཁྱོན་ཁོ་ནའི་དབང་དུ་བྱས་པའི་བཤད་པ་ཞིག་རེད། དེ་བཞིན་སྔགས་བསྟན་ལ་སྔ་དར་དང༌། བར་དར་དང༌། ཕྱི་དར་གསུམ། སྔ་དར་ནི། རྒྱལ་པོ་གཉའ་ཁྲི་ནས་གྲི་གུམ་གྱི་ཚེ་སྟོད་ཡན་ཆད་དང༌། བར་དར་ནི། སྤུ་ལྡེ་གུང་རྒྱལ་ནས་ཁྲི་སྲོང་གི་ཚེ་སྟོད་ཡན་ཆད་དང༌། ཕྱི་དར་ནི་དུས་རབས་བཅུ་གཅིག་པར་གཏེར་ཐོན་པའི་དུས་ཏེ་ཁྱད་པར་དུ་གཏེར་སྟོན་ཀླུ་དགས་གཏེར་ཐོན་པ་ནས་ངོས་འཛིན་བྱེད་པའི་ཚུལ་དེ་དག་ཡིན་ནོ།
བོད་དུ་གསང་སྔགས་ཀྱི་བསྟན་པ་ཐོག་མར་ཇི་ལྟར་དར་བའི་ཚུལ་དེར་གཤེན་པོ་སྣང་བ་མདོག་ཅན་ལོ་རྒྱུས་དང་འབྲེལ་ནས་ཤོད་དགོས་པ་ཡིན་པས། དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་འཚོལ་བ་ལ་བརྩོན་དགོས་པ་ནི་གལ་ཆེ་སྙམ། བོན་གྱི་མཁས་པ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་ཁྲོ་འགྲེལ་དུ་གཤེན་པོ་སྣང་བ་མདོག་ཅན་གྱི་སྒྲུབ་གནས་སུ་བགྲང་བའི་རི་རྒྱལ་ལྷུན་པོའི་ཕོ་བྲང་ཟེར་བ་དེ་རི་རབ་ལྷུན་པོ་ལ་འདོད་པ་མང་ཡང༌། ཁོང་གི་བཞེད་ཕྱོགས་སུ་སྟག་གཟིག་གི་གནས་ཤིག་ཡིན་པར་གསུངས་ཡོད་པ་རེད། བོན་དཔེ་དག་ལས་གཤེན་སྣང་བ་མདོག་ཅན་གྱིས་སེམས་ཕྱོགས་བོན་མོ་སྟག་ཝེར་ལི་ཝེར་ལ་བཤད་ཅིང༌། སྔགས་ཕྱོགས་རྒྱལ་པོ་མུ་ཁྲི་བཙད་པོ་ལ་བཤད་ནས། ཧ་ར་ཅི་པར་གྱིས་སྔགས་སེམས་ཀྱི་རྒྱུད་ཁ་གཉིས་ཀ་མནོས་པས་དེ་མན་སྔགས་སེམས་རྒྱུད་ཁ་གཅིག་ཡིན་ནོ་ཞེས་ཤོད་པར་བྱེད་དོ། །འདི་དང་འདིའི་ཚུལ་ལ་ཞིབ་ཏུ་བརྟག་དགོས་པ་གལ་ཆེན་ཡིན་ཡང་སྐབས་འདིར་ཕྲན་གྱིས་ཞིབ་ཕྲའི་བརྟག་པ་རེ་ཞིག་བཞག་ནས་སྔ་དར་བོན་གྱི་གསང་སྔགས་རྒྱུད་རིམ་ངོས་འཛིན་ཇི་ལྟར་བྱེད་ཕྱོགས་སྐོར་ཞིག་གླེང་རྒྱུ་ཡིན།
   དེ་ཡང་བོན་ལུགས་ཡོངས་གྲགས་སུ་བོན་ཕྱི་ནང་གསང་གསུམ་ལ་ལྟོས་ཏེ་ཕྱི་རྒྱུད་ཐམས་ཅད་སྤྲུལ་པའི་སྐུ་ལས་བརྒྱུད་པ་དང༌། ནང་རྒྱུད་ཐམས་ཅད་རྫོགས་པའི་སྐུ་ལས་བརྒྱུད་པ་དང༌། གསང་རྒྱུད་ཐམས་ཅད་བོན་གྱི་སྐུ་ལས་བརྒྱུད་པའི་ཚུལ་བཤད་ཡོད་ནའང༌། འདིར་བཤད་པར་བྱ་བ་གསང་སྔགས་ཀྱི་སྐབས་སུའང་བརྒྱུད་ཁུངས་ཀྱི་སྟོན་པ་ཀུན་ཏུ་བཟང་པོར་བཞག་ཡོད་པ་ནི་སྐབས་འདིར་བདེར་གཤེགས་དགོངས་རྒྱུད་ཀྱི་ཐོག་མར་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པ་འདིས་མཚོན་ཐུབ་པ་རེད། དེ་ཡང་ཐོག་མའི་སྟོན་པ་འདི་ནི་གཤེན་ལྷ་འོད་དཀར་ལ་ངོས་འཛིན་པ་ཡིན་ལ། གཤེན་ལྷ་འོད་དཀར་ལ་རྣམ་དབྱེ་དུ་མར་ཕྱེས་ནས་བསྟན་ཡོད་དེ། གཅིག བོན་ལུགས་གསང་སྔགས་དང་སེམས་ཕྱོགས་ཀྱི་ལྟ་བའི་གཞི་སེམས་ཉིད་དམ་སེམས་ཀྱི་གནས་ལུགས་དེ་ཉིད་ལ་སེམས་རང་བྱུང་གི་གཤེན་ལྷ་དཀར་པོ་ཞེས་པའི་ཐ་སྙད་ཐོག་ཏུ་ངོས་འཛིན་བྱས་ཡོད་པ་ནི་གདགས་སུ་མེད་པའི་གཤེན་ལྷ་འོད་དཀར་ཞེས་ཟེར། །གཉིས། གཟུགས་ཁམས་བཅུ་བདུན་གྱི་ཡ་ཐ་འོག་མིན་འདའ་བ་མེད་པའི་ཕོ་བྲང་ངམ། སྟུག་པོ་བཀོད་པའི་ཞིང་ཁམས་སམ། འོག་མིན་གནམ་གྱི་ལྷ་གནས་སུ། ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྲོ་བསྡུའི་གཞིར་གྱུར་པའི་རྩ་བའི་ལྷ་ངེས་པ་ལྔ་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན་དེ་ཡིན་ཞིང༌། དེ་ལ་གདགས་སུ་ཡོད་པའི་གཤེན་ལྷ་འོད་དཀར་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །སེམས་ཕྱོགས་ནས་འོག་མིན་གྱི་དབྱེ་བ་མང་དུ་བསྟན་ཡོད་པ་མ་ཟད། རྩ་གསུམ་གྱི་གནས་དང་དེའི་ཆ་ཤས་ལའང་འོག་མིན་གྱི་སྒྲ་སྦྱར་བ་ཡོད་དོ།
ཚད་མེད་འོད་ལྡན་ནི། གཟུགས་ཁམས་གཙང་མ་རིགས་ལྔའི་གནས་ཀྱི་ནང་ཚན་ཤིན་ཏུ་མཐོང་བའི་ལྷ་གནས་སམ་བོན་ལུགས་སུ་བར་ལྷ་འོད་གསལ་གྱི་ཞིང་དུ་བྱོན་པར་གསལ། དེ་ནི་གཤེན་ལྷ་འོད་དཀར་གྱི་སྤྲུལ་པ་འོད་ཟེར་ལས་བྱུང་བའི་མི་ཞིག་ཡིན་པར་གསལ་བ་ལས། མཛད་པ་གང་དང་གང་གནང་བ་སོགས་གནས་ཚུལ་གསལ་པོ་ནི་ཤིན་ཏུ་དཀོན་པར་མཐོང་ངོ༌།
    འཕྲུལ་གཤེན་སྣང་ལྡན་ནི། ཐོག་མར་རིན་པོ་ཆེའི་སྒོ་ང་ལས་སྤྲུལ་པའི་འདབ་ཆགས་ཤིག་བྱུང་སྟེ་གསུང་ཕྱུང་ནས་སེམས་ཅན་ལ་བོན་བསྟན་ཏེ་འགྲོ་དོན་དུ་མ་མཛད། དེ་ནས་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་བསྟན་པར་དགོངས་ཏེ་རྩ་གསུམ་རྣམ་རྒྱལ་ཁང་བཟང་གི་ལྷོ་ནུབ་ཤེལ་གྱི་རྡོ་རིང་གི་ཁ་ནས་སྔར་གྱི་རྫུ་འཕྲུལ་བཤིགས་ནས་མི་དཀར་གཡུ་ཡི་ཐོར་ཙུག་དང་འོད་ཀྱི་ན་བཟའ་ཅན་ཞིག་ཏུ་སྤྲུལ་པ་དེ་རྨ་མི་གྲོང་བདུན་གྱི་མི་རིགས་ཀྱིས་མཐོང་ནས་བརྒྱ་བྱིན་ལ་མཆིད་བཏང་བས་བརྒྱ་བྱིན་གྱིས་འོག་མིན་ལྷ་ཡི་གནས་ནས་སྤྲུལ་པ་སྟོན་པར་ཤེས་ཏེ་མཆོད་བསྟོད་དང་འགྲོ་དོན་བྱེད་པར་གསོལ་བ་བཏབ་པས་དེས་ཀྱང་ཡིན་ལུགས་ལུང་བསྟན་པ་ལྟར་ལྷ་ཡི་དབང་པོས་མཚན་དུ་འཕྲུལ་གཤེན་སྣང་ལྡན་ཞེས་གསོལ། དེས་བསྒྲགས་པ་སྐོར་གསུམ་སོགས་གསུངས་པར་བཤད་དོ།
    བཟང་ཟ་རིང་བཙུན་ནི། རྩ་གསུམ་གྱི་གནས་བྱང་ཕྱོགས་དགའ་བ་མེ་ཏོག་མཛེས་པའི་ཚལ་ན་གླིང་དགུ་འཁྱིལ་བའི་རྒྱ་མཚོའི་ནང་དུ་བྱམས་མའི་ཐུགས་རྗེ་ལས་ཤེལ་གྱི་སྦུ་བ་གུར་ཙམ་པ་ཞིག་སྲིད་པ་དེར་ལྷ་རྣམས་ཀྱིས་མཆོད་པས་ཞག་གསུམ་དྲོས་བཞིར་སྒོང་གར་འདྲིལ་ནས་སྒོང་ང་བརྡོལ་བའི་སྙིང་པོར་མཚན་དང་ལྡན་པའི་བུད་མེད་བཟང་མོ་ཞིག་བྱུང་བ་དེ་མེ་ཏོག་གི་གླིང་དུ་སྤྱན་དྲངས། ཚན་ཁྲུས་ནས་བཏོན་ཏེ་རིན་པོ་ཆེའི་ཁྲིར་མངའ་གསོལ་ཏེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་བཟང་ཟ་རིང་བཙུན་ཞེས་མཚན་གསོལ་ཏེ་ལྷ་ཁམས་ལ་བོན་བསྟན་པས་ཕན་བདེ་རྒྱས་པར་གྱུར་པའི་ཚུལ་བཤད་དོ།
    འཆི་མེད་གཙུག་ཕུད་ནི། འཕྲུལ་གཤེན་སྣང་ལྡན་གྱིས་སྤྲུལ་པའི་ཁུ་བྱུག་ཅིག་ཡུམ་བཟང་ཟའི་ཕྲག་པར་བབས་ནས་དྲོད་བརླན་ཏེ་བྱིན་གྱིས་བརླབས་པས། ཕྱི་ལོར་སྲས་ཤིག་འཁྲུངས་པ་དེ་ཕ་མེད་པའི་བུ་སྐྱེས་པར་ཡུམ་ངོ་ཚ་ནས་བྱེ་མའི་ཁང་བུར་སྦས་པས། ཞག་དགུར་ལྟས་བཟང་གིས་རྐྱེན་བྱས་ཏེ་ཡུམ་གྱིས་བརྟགས་པས་དབུ་ལ་ཨུཏྤལ་གྱི་གཙུག་ཏོར་གསུམ་ སྐྱེས་ནས་གཟི་བྱིན་ལྡན་པར་བཞུགས་པ་དང༌། ཤིན་ཏུ་ངོ་མཚར་བའི་མཛད་པ་དུ་མ་མཛད་ཅིང་བཞུགས་པར་ཡུམ་དགའ་བ་སྐྱེས་ནས་མཚན་དུ་འཆི་མེད་གཙུག་ཕུད་ཅེས་གསོལ་ཏོ། །དེ་ཡང་བརྒྱ་བྱིན་གྱིས་ཞབས་ནས་བཏེག་སྟེ་འགྲོ་དོན་མཛད་པར་གསོལ་བ་བཏབ་པས་དེ་བཞིན་དུ་མཛད་པའོ།
            གཤེན་གསང་བ་འདུས་པ་ནི། སྟོན་པ་འཆི་མེད་གཙུག་ཕུད་ལ་ཡུམ་བཟང་ཟས་གསོལ་བ་བཏབ་པ་ལ་བརྟེན་ནས་སེམས་ཀྱི་མི་ཆུང་མཐེ་བོང་ཙམ་ཞིག་ཡིད་ཀྱི་རྟ་ཕོ་སྦྲང་བུ་ཙམ་ཞིག་ལ་བསྐྱོན་ནས་འོག་མིན་ལ་མཁའ་ཀློང་དབྱིངས་ཀྱི་ཐུགས་དམ་བསྐུལ་ཏེ་བྱིན་གྱིས་བརླབས་ནས་ཡུལ་ཤོད་མ་གསེར་སྟེང་དུ་མཁར་བང་བ་ལིང་ལིང་སྟག་རྩེ་བྱ་བ་རུ་ཡབ་ཉེ་དབང་རྒྱལ་པོ་ཞི་བ་འོད་ལྡན་དང༌། ཡུམ་ལྷ་མོ་སྦྱིན་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་དང་ལྡན་པའི་སྲས་དེ་དགུང་ལོ་གསུམ་ལོན་པ་ནས་གཡུ་ལུང་ཤེལ་བྲག་ཕུག་ཏུ་ཡབ་ཡུམ་སྲས་གསུམ་གྱི་སྤྱན་སྔར་བྱོན་ནས་མེ་ཏོག་ཨུཏྤལ་སྡོང་པོ་དགུ་ལ་འདབ་མ་དགུ་བརྩེགས་དང༌། འདབ་མ་རེ་ལ་འབྲུ་མ་རེ་ཡོད་པ་ཞིག་ཕུལ་ནས་སྔགས་ཀྱི་གདམས་ངག་ཞུས་པས། སྟོན་པས་ཨུཏྤལ་བྱང་སེམས་དང༌། འདབ་མ་དགུ་བརྩེགས་ཐེག་པའི་སྣོད་ལྡན་དང༌། ཐིག་ལེ་དགུ་ཤར་བ་ཐེག་པའི་དོན་སོགས་མཚོན་ནུས་པའི་རྟེན་འབྲེལ་དུ་དགོངས་ཏེ་གསས་མཁར་གསང་བ་སྒོ་དགུའི་དབང་བསྐུར། བསྙེན་སྒྲུབ་བྱིན་རླབས་ཀྱི་རྩལ་བྱིན། མན་ངག་གབ་སྐུང་གི་རླབས་རྩལ། གསང་སྔགས་ཀྱི་བསྟན་པའི་གཉེར་གཏད་ནས་མཚན་གསང་བ་འདུས་པ་ཞེས་གསོལ། འཆི་མེད་གཙུག་ཕུད་ཀྱིས་ལུང་བསྟན་པ་ལྟར་གསང་བའི་བྲག་ཕུག་དགུ་རྒྱུད་དུ་བསྒྲུབས་པ་མཛད་དེ། རྒྱུ་ཡི་ཐེག་པ་བཞི་ཡིས་ཕན་བདེའི་སྒོ་འབྱེད། འབྲས་བུའི་ཐེག་པ་བཞི་ཡིས་ལམ་གྱི་དོན་བསྒྲུབས། བླ་མེད་ཐེག་པས་ཉག་གཅིག་མཐར་ཕྱུང་སྟེ་རྒྱུ་འབྲས་རྣམ་པར་འབྱེད་པའི་གསང་དོན་དང་ལྡན་པས་གསང་བ་འདུས་པ་ཞེས་གྲགས་ཤིང༌། ལྷ་སྲིན་གཡེན་སྡེ་དྲེགས་པ་ཅན་རྣམས་དབང་དུ་བསྡུས་ནས་དམ་ལ་བཏགས་ཏེ་སྔགས་ཀྱི་བསྟན་པ་དར་བར་མཛད་པའོ།
    སྟག་ལ་མེ་འབར་ནི། སྟོན་པའི་ཐུགས་ལས་སྤྲུལ་པ་ཡབ་ལིག་ཞི་སད་ཝེར་དང༌། ཡུམ་སྟག་ཟ་ཧེ་ཏིང་མ་གཉིས་ལ་མཚན་ལྟས་བཟང་པོ་དང་བཅས་ཏེ་ཕྱི་ལོ་དགུང་ཚེས་བཅུ་དྲུག་ལ་བལྟམས་པ་མིའི་ལུས་ལ་སྟག་གི་རི་མོ་བཀྲ་བ། གཟིག་གི་ཐིག་ལེ་ལ་གུང་གི་ཝལ་ཝོལ་དོད་པ། རལ་པ་རྫི་སྨིན་དམར་སེར་གྱེན་དུ་བརྫེས་པ། སྤྱན་མིག་དམར་པོ་ཟུར་གསུམ་པ། སྙན་ནི་དྲང་ལ་གདེང་བ་ལ་སོགས་པའི་ཁྲོ་བོའི་ཆ་བྱད་དང་ལྡན་པ་ཞིག་ཏུ་བྱུང་བས། ཡབ་ཡུམ་དོགས་པ་སྐྱེས་ཏེ་འཆི་མེད་ཡུམ་སྲས་ལ་ཞུས་པ། དེ་ནི་བདུད་སྲིན་སྒྲོལ་བྱེད་དུ་ལྷ་ཡིས་སྤྲུལ་པ་སྟོན་པ་ཡིན་པས་གཤེན་གསང་བ་འདུས་པ་སྤྱན་དྲངས་ལ་བྱིན་རླབས་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་མཛད་པ་དང༌། ཁྱད་པར་དགུང་ལོ་དགུ་བཞེས་ནས་ཡུམ་སྲས་གཤེན་གསུམ་གསང་འདུས་བཅས་ལས་དྲག་པོ་སྔགས་ཀྱི་དབང་བསྐུར། བསྙེན་སྒྲུབ་ལས་གསུམ་གྱི་གཉེར་གཏད། མཐུ་སྟོབས་ཛོ་དབལ་གྱི་སྟོབས་བྱིན། བདུད་དང་སྲིན་པོའི་གཉེན་པོ་རུ་བསྐོས། སྤྱི་སྤུངས་གསང་བ་སྒོ་དགུ་གཏན་ལ་ཕབ། ཉེ་དབང་གི་རྒྱལ་པོ་ཀུན་ཏུ་འཛིན་གྱི་བུ་མོ་ཀུན་སྣང་གསལ་མ་དང༌། རྒྱལ་པོ་ཁྲི་ཝེར་འོད་དཔུང་གི་སྲས་མོ་བདེ་བ་བསེན་ཐུབ་མ་གཉིས་གསང་བའི་གྲོགས་སུ་བཙལ། ལྷག་པར་གཤེན་གསང་བ་འདུས་པའི་ཐུགས་བཅུད་ལོན་ནས་དབལ་གྱི་རི་བོ་ཟུར་གསུམ་དུ་སྟོན་པ་གཤེན་རབ་ཀྱིས་ལུང་བསྟན་པ་ལྟར་ཐུགས་རྗེ་བྱམས་མ་བསྒྲུབས་པས་ལྷ་མཁའ་འགྱིང་རྒྱལ་པོ་ཞལ་མཐོང༌། དབལ་གསས་རྔམ་པའི་སྐུར་སྤྲུལ། བདུད་སྲིན་གྱི་ཆོ་འཕྲུལ་བཟློག སྤར་མ་ཉེར་བདུན་སོགས་མ་མོ་ཐམས་ཅད་བྲན་དུ་བཀོལ་ཏེ་སྦོད་གཏོང་ཞི་བར་བྱས། བསྙེན་སྒྲུབ་ལས་སྦྱོར་གྱིས་དགྲ་བགེགས་ཚར་བཅད་དེ་གསང་སྔགས་ཀྱི་བསྟན་པ་འཛིན་པར་མཛད་དོ།
    ཡོངས་སུ་དག་པ་ནི། ལྷ་ཡུལ་སྣང་བ་གཡུ་ཏིང་གི་ལྷ་མཁར་སྒྲོན་མ་དགུ་བརྩེགས་ཀྱི་ནང་ན་ཡབ་ལྷ་རབ་འོད་ཟེར་རྗེ་དང༌། ཡུམ་ཕྱྭ་ལྕམ་ཁྲི་ནེ་ཏིང་བཙུན་མ་གཉིས་ཀྱི་སྲས་སུ་གསང་འདུས་ཀྱིས་བྱིན་གྱིས་བརླབས་ཏེ་སྐུ་འཁྲུངས། གནས་ནི་རྩ་གསུམ་མཚལ་རི་ལྷ་འདུན་ཞེས་པ་དེར་ཡིན་པར་བཤད་དོ། །དེ་ལ་སྟག་ལ་མེ་འབར་གྱིས་དབང་བསྐུར་ཏེ་མཚན་ལྷ་བོན་ཡོངས་སུ་དག་པ་ཞེས་གསོལ་ཏོ། །འཆི་མེད་ཡུམ་སྲས་ཀྱིས་ལུང་བསྟན་པ་ལྟར་ཁྱད་པར་གསང་འདུས་དང་སྟག་ལ་ལས་སྤྱི་སྤུངས་མང་ལ་འབྲེལ་བ་རྒྱས་པ་ཉི་ཟེར་ལྟ་བུའི་བོན་གྱི་གཉེར་གཏད། གཤེན་གསང་བ་འདུས་པས་མན་ངག་མང་ལ་འབྲེལ་བ་མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་ལྷ་གཤེན་ཡོངས་སུ་དག་པ་ལ་བསྟན། བསྒྲུབས་པའི་གནས་མཚལ་རི་ཟུར་གསུམ་དུ་བསྒྲུབས་པས་གྲུབ་པ་ཐོབ། ལྷ་དང་ལྷ་མིན་གྱི་འཁྲུགས་པ་བཟློག་པ་སོགས་ཀྱིས་ལྷ་ཁམས་འདུལ་བའི་སྟོན་པར་གྱུར།
    རྒྱལ་གཤེན་མི་ལུས་བསམ་ལེགས་ནི། མི་ཡུལ་དར་མ་ཁྲི་ཤོད་ཀྱི་སྐུ་མཁར་ཁྲི་བརྒྱད་རྩེ་འདུས་ཀྱི་ནང་དུ་ཡབ་མི་རྗེ་རྒྱལ་པོ་ཁྲི་འོད་དང༌། ཡུམ་སྨན་ཟ་དུན་ཏིང་མ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ལ་ཡོངས་སུ་དག་པས་ཚན་ཁྲུས་ནས་ཕྱུང་སྟེ་མཚན་དུ་རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས་གསོལ། འཆི་མེད་རྣམ་གསུམ་གྱིས་དབང་བསྐུར། སྟག་ལ་མེ་འབར་གྱིས་མཐུ་སྟོབས་ཀྱི་མངའ་གསོལ། སྐོར་གསུམ་ལས་དམར་ལ་འདྲིལ་བ་ལུང་དོན་དཔེར་བཞག་གི་སྐོར་ཐམས་ཅད་སྟག་ལ་མེ་འབར་གྱིས་དུང་ཤོག་ལ་གཡུ་རིས་བྲིས་ནས་བར་མི་ཡུལ་དུ་རྒྱལ་རིགས་མི་ལུས་བསམ་ལེགས་ལ་བརྒྱུད་ཅེས་བཤད། འབྲིང་གི་བོན་གཉེར་དུ་གཏད་དེ་ཡུམ་རྒོད་ལྕམ་དོན་འབར་མ་གྲོགས་སུ་བསྟེན་ཏེ་བསྒྲུབས། ལྷག་པར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་བོན་སྡེ་དག་བསྟན་ཏེ་རྒྱལ་མཁར་བ་ཆོད་དུ་བསྒྲུབས་པས་རྒྱལ་ཁམས་ཀྱང་ཐར་པར་བཀོད་ཅེས་སོགས་མ་རྒྱུད་ལས་ཁོང་གི་རྣམ་ཐར་མང་ཙམ་གསལ། རྒྱལ་མཁར་བ་ཆོད་ཅེས་པའི་རྒྱལ་ཁམས་དེ་བོན་བཞིན་དུ་བསྐྱངས་ནས་ཕྱི་ནང་གསང་བ་ཡང་གསང་དཀྱིལ་འཁོར་གྱི་བཀོད་པ་མཛད་དེ་གདུལ་བྱ་དེ་དག་བོན་བཞིན་བསྐྱངས་པར་མཛད་པའི་ཚུལ་མ་རྒྱུད་ཀྱི་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས་གསལ། །རྒྱལ་མཁར་བ་ཆོད་ནི་མི་ཡུལ་དུ་བཤད་ཀྱང་དེང་དུས་གང་དུ་ཡོད་པ་ངོས་མི་ཟིན་ནོ། །ཁོང་གིས་མི་ཡུལ་དར་མ་ཁྲི་ཤར་དུ་རན་ལ་འཚམས་པ་ཤིང་རྟ་རྣམ་པ་གསུམ་གྱི་སྒོ་ནས་བསྒྲགས་ཏེ་བོན་གྱི་འཁོར་ལོ་བསྐོར་བའི་ཚུལ་ཡང་བཤད་པ་ཡོད་དོ།
    ཀླུ་གྲུབ་ཡེ་ཤེས་སྙིང་པོ་ནི། ཀླུ་ཡུལ་ན་ར་སེང་ཆེན་གྱི་ཟི་ཟི་ཏ་ཕུག་རིང་མོར་སྐུ་མཁར་སྔོན་པོ་གཡུ་རྩེའི་ནང་དུ་ཡབ་བྲམ་ཟེ་ལྷ་སྦྱིན་རྒྱལ་བ་དང༌། ཡུམ་གཉན་ལྕམ་གཟི་ལྡན་མ་གཉིས་ལ་འཕྲུལ་གཤེན་སྣང་ལྡན་གྱིས་བྱིན་གྱིས་བརླབས་པའི་སྲས་སུ་འཁྲུངས། དེ་ལ་མི་ལུས་བསམ་ལེགས་ཀྱིས་ཀླུ་ལས་གྲུབ་པའི་ཡེ་ཤེས་སྙིང་པོ་ཞེས་མཚན་བཏགས། དེས་ཡུམ་སྲས་གཤེན་གསུམ་ལས་ལུང་ནོད་དེ་དབང་བསྐུར་ཐོབ། གསང་བ་འདུས་པས་ལུང་བསྟན་པ་ལྟར་དམར་ལ་ཟབ་པ་གསེར་ཞུན་ལྟ་བུའམ། ཉུང་ལ་འདུས་པའི་བོན་གཉེར་དུ་གཏད་དེ་ཀླུ་ཁམས་འདུལ་བའི་སྟོན་པར་ལུང་བསྟན། ཉུང་ལ་འདུས་པ་ངོ་སྤྲོད་གནས་ལུགས་ཀྱི་བོན་ནི་ཡུམ་བཟང་ཟ་རིང་བཙུན་གྱིས་གཡུ་ཡི་ཤོག་བུར་མཐིང་གི་ཞུན་མས་བྲིས་ནས་མགྱོགས་པོ་ཀླུ་ཡི་ཡུལ་དུ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་ལ་བསྟན་ཞེས་གསལ། དེས་གནས་ནི་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོར་བསྒྲུབས་པས་གྲུབ་པ་ཐོབ་པར་བཤད་དོ།
    གཤེན་སྣང་བ་མདོག་ཅན་ནི། སྟག་གཟིག་གི་རྒྱལ་པོ་དམུ་རྒྱལ་སྲས་ཆེའི་བརྒྱུད་པར་འཁྲུངས། ལྷ་ཀླུ་མི་ཡི་གཤེན་གསུམ་བསྟེན་ནས་གསང་སྔགས་ཀྱི་ལུང་ནོད་དེ་རི་རྒྱལ་ལྷུན་པོར་བསྒྲུབས་པས་གྲུབ་པ་བསྙེམས། བོད་ལྷ་རི་གྱང་དོར་བབས་ཏེ་བོད་དུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛད་དོ། །རྒྱལ་པོ་གཉའ་ཁྲིའི་བླ་མཆོད་ཡིན་པར་བཤད་པ་ཡོད་ལ། མུ་ཁྲི་དང་རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛད་པ་ནི་བོན་གྱི་དཔེ་མང་པོ་ལས་གསལ་ལོ།
    དེ་ནས་མུ་ཁྲི་བཙད་པོ་ནས་གདུང་བརྒྱུད་བཅུ་གསུམ་དང༌། མཁས་པ་མི་བཞི་བགྲང་བ་རེའུ་མིག་ཟུར་གསལ་ལྟར་ཡིན་ཞིང་དེ་དག་རེ་རེའི་ལོ་རྒྱུས་ནི་འདིར་མང་དུ་དྭོགས་སོ། །མཁས་པ་མི་བཞི་ནས་དྲན་པ་ནམ་མཁའ་ལ་བརྒྱུད་པའི་བར་ནི་བོན་ལུགས་སྔ་དར་གསང་སྔགས་ཀྱི་བསྟན་པའི་རྒྱུད་རིམ་ཡིན་པས་ད་ལྟ་བོན་ལུགས་གསང་སྔགས་ཀྱི་དཔེ་གཞུང་མང་ཆེ་བའི་རྒྱུད་རིམ་འདིས་མཚོན་ནུས་སོ།
    བོན་གྱི་གསང་སྔགས་རྒྱུད་རིམ་དུ་མཁས་པ་མི་བཞིས་དྲན་པ་ནམ་མཁའ་ལ་བརྒྱུད་པའི་ཚུལ་གསལ་ཞིང༌། དྲན་པ་ནམ་མཁའ་ནི་རིག་འཛིན་འདུས་པའི་དཔེ་ལས་གསལ་བ་ལྟར་ན། སྟོན་པ་གཤེན་རབ་ཀྱིས་ཁོང་གི་གསུང་གི་བསྟན་པའི་དུས་རྐེད་ཙམ་ལ་འབྱུང་བར་ལུང་བསྟན་པ་ལྟར་བྱོན་ཏེ། སྟག་གཟིག་དང་ཨུ་རྒྱན་རྒྱ་དཀར་ནག་ཟ་ཧོར་བྲུ་ཤ་དང་ཡུ་གུར་ཐོ་གར་ཞང་བོད་སོགས་སུ་རིག་འཛིན་མཐའ་ཡས་པ་ལ་བསྟེན་ཏེ་མཁས་པར་སྦྱངས་ནས་ཡུལ་ཆེན་དེ་དག་གི་ལོ་ཙཱ་བསྒྱུར། རྒྱ་གར་དུ་བྲམ་ཟེ་ཀུན་དགའ་བཟང་མོའི་བུ་མོ་ཉི་མ་འོད་ལྡན་མ་ཕྱག་རྒྱར་བསྟེན་ཏེ་སྐུ་ལས་སྲས་ཚེ་དབང་རིག་འཛིན་དང༌། པདྨ་འབྱུང་གནས་གཉིས་བསྐྲུན་པར་མཛད། ཚེ་དབང་རིག་འཛིན་ནི་བོད་ཡུལ་སོགས་གནས་བརྒྱད་དུ་སྦས་པའི་ཚུལ་གྱིས་འགྲོ་དོན་དཔག་ཏུ་མེད་པ་མཛད། པདྨ་འབྱུང་གནས་ཡུམ་དང་ལྷན་རྒྱ་གར་དུ་བྱོན་དུས་ཡུམ་གྱིས་དགོས་པའི་དབང་གིས་མེ་ཏོག་སྦུབས་སུ་བཅུག་པར། དེ་ཕྱོགས་ཀྱི་རྒྱལ་པོ་ཀུན་ཏུ་དགེ་ཞེས་པ་དང༌། ཡུམ་སྣང་མ་འོད་ལྡན་མ་གཉིས་ལ་སྲས་མེད་པར་བྲམ་ཟེས་ལུང་བསྟན་པ་ལྟར་མེ་ཏོག་གླིང་དུ་སྐུ་འཆགས་པར་ཕེབས་དུས་མེ་ཏོག་གི་སྡོང་པོ་འགུལ་བ་ལས་ཁྱེའུ་བྱུང་བ་རྙེད་དེ་སྲས་སྐལ་དུ་བྱས་ཏེ་ཡོད་པར། ལོ་གསུམ་ལོན་པ་ན་འབངས་ཀྱི་བུ་ཚ་ལ་སོར་རྡོ་ཕོགས་ཏེ་བསད་པའི་ཉེས་པས་རྒྱལ་ཁྲིམས་ངན་པ་སྣ་ཚོགས་བཅད་པ་གླགས་མ་རྙེད་དེ་བྱོན་པའི་མཐར་ཡབ་ཡུམ་དང་མཇལ་ཏེ་གསང་སྔགས་ཀྱི་ལུང་མང་དུ་ཞུས་ནས་གྲུབ་པ་ཐོབ། རྒྱལ་ཁམས་མི་འདྲ་བ་སྣ་ཚོགས་སུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཚུལ་སོགས་རིག་འཛིན་འདུས་པའི་རྒྱུད་ལས་གསལ་ལོ། །དེ་དག་གི་སྐོར་ཞིབ་ཏུ་བརྟག་ན་སྐབས་གཞན་དུ་གང་ཟག་གི་འདོད་ཚུལ་འཐད་ལྡན་ཡིན་མིན་སྣ་ཚོགས་ཡོད་སྲིད་ནའང༌། སྐབས་འདིར་སྔ་དར་གསང་སྔགས་བརྒྱུད་རིམ་གྱི་ཞོར་འཕྲོས་ཙམ་དུ་བྱུང་བ་ཡིན་ནོ། །དྲང་སྲོང་རྣམ་རྒྱལ་གྱིས་སྤྱི་ལོ་༢༠༠༩ལོར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེར་བྲིས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060