སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གཡུང་དྲུང་བོན་གྱི་གྲུབ་མཐའི་རྣམ་གཞག
སྤེལ་དུས། 2017-09-18   ཡོང་ཁུངས། ཀྲུང་གོ་བོད་རིག་པ།   རྩོམ་པ་པོ།  བརྩོན་འགྲུས་རབ་རྒྱས།
  དང་པོ། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་གྱི་སྐོར།
  དང་པོ། དེ་ལ་འདིར་གཡུང་དྲུང་གི་བོན་རིན་པོ་ཆེའི་བྱུང་བ་མདོ་ཙམ་བརྗོད་ཅིང་། ཤིན་ཏུ་བསྡུས་ཏེ་ཞལ་ཐང་བཅུ་ཕྲག་བཞི་ལྷག་གི་ཁོངས་སུ་དངོས་བསྟན་གྱི་རིམ་པ་དཀར་ཆག་ཐོ་འགོད་ཙམ་དུ་བྲི་བ་ལ། ཐོག་མར་གངས་ཅན་བོད་དུ་རྒྱལ་བའི་བསྟན་པ་གསར་བསྐྲུན་བྱེད་མཁན་ནི། བརྒྱ་པའི་སྟོན་པ་གཤེན་རབ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཉིད་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། མཚན་མཁན་གྱིས་བརྟགས་ནས། བརྒྱ་པའི་མགོན་པོ་སྟོན་པ་གཤེན་རབ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གསོལ། ཆེ་རྒུ་ཡོངས་ཀྱིས་གཙུག་ཏུ་བཀུར་བ་སོགས། སྐུ་སྐྱེ་བ་བཞེས་པའི་ཚུལ་བསྟན་པའོ།།
  གཉིས་པ། རིམ་བཞིན་བསྟན་པ་སྤེལ་བ་ཞེས། རྒྱལ་བའི་ལོ་མཛོད་བཅུ་གཉིས་ཀྱི་ནང་དུ་ཐེག་རིམ་དགུ་གསུངས་པས།   དང་པོ་རིག་པའི་གནས་ལྔ་ལས་ཀྱང་། ཐོག་མར་བཟོ་རིག་པ་གཏན་ལ་ཕབ་སྟེ། གཙུག་ལག་ཁང་དང། སངས་རྒྱས་ཀྱི་སྐུ་གཟུགས་དང་། གསུང་རབ་དང་། མཆོད་རྟེན་སོགས་བཞེངས་པའི་སྲོལ་བཏོད། རིག་པའི་གནས་ཆེན་པོ་དར་སྤེལ་མཛད། ཕྱྭ་སྣང་འཕྲུལ་སྲིད་བཞི་རྒྱུའི་ཐེག་པ་དང་། དགེ་དྲང་ཨ་ཡེ་བཞི་འབྲས་བུའི་ཐེག་པ། བླ་མེད་ཡང་རྩེའི་ཐེག་པ་བཅས་ཐེག་པ་རིམ་པ་དགུ་གཏན་ལ་ཕབ། འཛམ་གླིང་ལྷོ་མཐའ་རུས་སྦལ་མགོ་བོར་གསས་ཁང་པ་རབ་ཡོངས་འདུལ་བཞེངས་ནས་དཔལ་དབང་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལེའུ་སྟོང་ཕྲག་བརྒྱད་དང་ལྡན་པ། ཞི་རྒྱས་དབང་དྲག་གི་ལས་བཞིར་གསུང་ཤིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རབ་ཏུ་བརྟན་པའི་རྨང་གཞི་མཛད་དོ། །
  གསུམ་པ། འགྲོ་འདུལ་གྱི་མཛད་པ་ཞེས་སྐུའི་གནས་རྣམས་ནས་འོད་ཟེར་སྤྲོས་ཏེ། བྱེ་བ་ཕྲག་བརྒྱའི་ཞིང་དུ། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ། རིགས་དྲུག་འདུལ་བའི་ཐུབ་པ་དྲུག   གླིང་བཞི་འདུལ་བའི་གཤེན་བཞི། གཡེན་ཁམས་འདུལ་བའི་གཤེན་སྤྲུལ་སོ་གསུམ་སོགས་དཔག་མེད་དུ་སྤྲུལ། གཏོ་རྗེ་ཁྲི་ཐང་གི་སྲས་སྡིག་ཅན་གཏོ་བུས་དྲང་བའི་《མདོ》《ངན་སོང་སྒྲིབ་སྦྱོང་》གི་ཆོ་ག་གསུངས། རྒྱལ་པོ་ཁྲི་ཤིང་དབང་རྒྱལ་འདྲེན་པའི་ཕྱིར། 《སྦྱོང་རྒྱུད་ཀུན་རིག་རྣམ་སྣང་རྒྱལ་པོའི་ཆོ་ག》གསུངས། གཞན་ཡང་གདུལ་དཀའ་བའི་འགྲོ་བ་གྲངས་ལས་འདས་པ་ཞིག་ཐར་བར་དྲང་བའོ།།
  བཞི་པ། རྣམ་པར་འདྲེན་པའི་མཛད་པ་ཞེས། རྒྱལ་པོ་ཡིད་བཞིན་འབྱུང་བའི་སྲས། དང་བ་ཡིད་རངས་ལ། ཕྱྭ་རྒྱལ་གྱི་སྲས་མོ་འགུ་ལིང་མ་བཙུན་མོར་བླངས་པ་ཆགས་པས་ཡིད་རབ་ཏུ་གདུངས་ནས་ལས་ངན་དུ་མ་བསགས་པའི་མཐར། ཚེ་དེ་ཉིད་ལ་ནད་ཀྱིས་ཉེན་པའི་སྡུག་བསྔལ་བསལ་ཕྱིར་《མུན་སེལ་སྒྲོན་མེའི་ཆོ་ག》གསུངས་ཏེ། ཧོས་རྒྱལ་གྱི་དོན་མཛད། དྲག་བྱེད་ཧ་ལ་ར་ཙ་དང་། གུ་ཝེར་ར་ཙ་སོགས་བདེ་ལམ་དུ་བཀོད། འཁོར་ལོ་རབ་དགའི་རྒྱལ་སར་《ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཆོ་ག》གསུངས།
  ལྔ་པ། ཁབ་བཞེས་པའི་མཛད་པ་ཞེས། ཧོས་ཟ་རྒྱལ་མོད་དང་། དཔོ་ཟ་ཐང་མོ། ལྷ་ལྕམ་མེ་ལོང་། ཚངས་སྤྱོད་ཚུལ་ལྡན། ཀླུ་མོ་འོད་ལྡན། ཕྱྭ་ཟ་གུང་དྲུག གསང་ཟ་ངང་རིང་། རྒྱ་ཟ་འཕྲུལ་སྒྱུར། སྟོང་ཟ་ཁྲི་ལྕམ་སོགས་དགོས་པ་དུ་མ་དང་ལྡན་པར་ཐབས་མཁས་ཀྱིས་ཁབ་ཏུ་བཞེས་པའོ།།
  དྲུག་པ། སྲས་སྤྲུལ་བའི་མཛད་པ་སྟེ། གཏོ་ཐབས་སུམ་བརྒྱ་དྲུག་ཅུའི་བདག་པོ་སྲས་གཏོ་བུ་འབུམ་སངས། གསོ་རིག་འབྱུང་གནས་རྒྱལ་སྲས་དཔྱད་བུ་ཁྲུ་ཤེས། མངོན་པའི་མངའ་བདག་ལུང་འདྲེན་གསལ་བ། སྔགས་རྒྱུད་བདག་པོ་རྒྱུད་འདྲེན་སྒྲོན་མ། གསུང་བསྟན་མངའ་བདག་མུ་ཆོ་ལྡེམ་དྲུག ལྟ་སྒོམ་སྤྱོད་ཆེན་འོལ་དྲུག་ཐང་པོ། དམུ་དབང་གདུང་འཛིན་གཡུང་དྲུང་དབང་ལྡན། སྨྲ་སེང་འཕྲུལ་གྱི་བུ་ཆུང་སོགས་སྲས་ཆེན་རྣམས་རིམ་བཞིན་འཁྲུངས་པའོ།།
  བདུན་པ། སྡིག་ཅན་མི་དགུ་དྲང་བའི་དོན་དུ། 《མདོ་གཡུང་དྲུང་ཀློང་རྒྱས་ཆོ་ག》གསུངས་ནས། འགྲོ་བ་གྲངས་ལས་འདས་པ་ཞིག་ཐར་བར་དྲང་སྟེ། དཔོ་རྒྱལ་འབར་བའི་སྒྲོན་མ་ཅན་གྱི་དོན་རབ་ཏུ་གྲུབ་པར་མཛད་པའོ། །
  བརྒྱད་པ། བདུད་ཁྱབ་པ་སོགས་ཀྱིས་ཆོ་འཕྲུལ་མང་དུ་བསྟན་ཏེ་ལོག་སྒྲུབ་བྱས་པ་རེ་རེ་བཞིན་ཚར་བཅད་དེ། གཏན་དུ་ནུབ་པ་མེད་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་སྲ་བརྟན་དར་རྒྱས་འབྱུང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་བས་བདུད་ལས་རྣམ་པར་རྒྱལ་བའི་མཛད་པ་མཐར་ཕྱིན་ཏོ།།
  དགུ་པ། རྗེས་བཞག་གི་མཛད་པ་སྟེ་གསས་ཁང་པདྨ་གླིང་ཆེན་དང་། གསས་མཁར་བཀྲ་ཤིས་དཔལ་འབར། གསས་ཁང་བཀྲ་གསལ་རྒྱ་མཚོ་སོགས་ཀྱི་ཀུན་དགའ་ར་བར་སྐུ་གཟུགས། གསུང་རབ། སྐུ་གདུང་མཆོད་རྟེན་མང་པོ་བཞུགས་སུ་གསོལ་ཏེ་རབ་གནས་མཛད་པ་སོགས་བསྟན་པ་རྗེས་སུ་བཞག་པར་མཛད་པའོ།། 
  བཅུ་པ། རབ་ཏུ་བྱུང་བའི་མཛད་པ་སྟེ། སྟོན་པ་ཉིད་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་རབ་ཏུ་བྱུང་། ན་བཟའ་གོས་དྲུག་མནབས། རིན་ཆེན་རྫས་ལྔ་བསྣམས། དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་དུ། དགེ་སློང་གི་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ། ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྣམས་རྫོགས་པར་བཞེས། སྟོན་པ་ཁྲི་གཙུགས་རྒྱལ་བ་ཞེས་སུ་གསོལ།
  བཅུ་གཅིག་པ། དགོན་སྡེ་མཛད་དེ། བྱ་སྤྲེལ་མི་གསུམ་གྱི་འཚོ་བ་ཆ་ཤས་ཙམ་ལ་བརྟེན་ནས་དཀའ་ཐུབ་ལོ་དགུར་མཛད། བདུད་བཞི་བཅོམ་ནས་སངས་རྒྱས་པའི་ཚུལ་བསྟན། འདུལ་བ་ཕོ་གླིང་དང་། མོ་གླིང་གཉིས་སུ་ཕྱེ་ནས་དགོན་སྡེ་མཛད། བོན་སྡེ་བརྒྱད་ཁྲི་བཞི་སྟོང་མཐའ་དག་དོན་ཐིག་ལེ་ཉག་གཅིག་ཏུ་བསྡུས། 《མདོ་》《འབུམ་》《རྒྱུད》《མཛོད་》བཞིའི་དགོངས་དོན་འཁོར་རྣམས་ལ་རྒྱ་ཆེར་གསུངས་ནས་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར།  སྡུད་འཁོར་བཅུ་གསུམ་ལ་བཀའ་ཐམས་ཅད་《མདོ་སྡེ་》དང།《འབུམ་སྡེ།》《རྒྱུད་སྡེ།》《མཛོད་སྡེ》བཞི་རུ་བསྡུས་ཏེ། བདག་གིར་བགྱིད་དགོས་པའི་སྐོར་ལ། 《བཀའ་གཉེར་གཏད་ཀྱི་མདོ》གསུངས་སོ།།
  བཅུ་གཉིས་པ། མྱ་ངན་ལས་འདས་པའི་མཛད་པ་སྟེ། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་ཚུལ་བསྟན། སྐུ་གདུང་ཡིད་བཞིན་ནོར་བུ་ལ། གདུང་མཇལ་མཆོད་འབུལ་གྱི་རིམ་པ་རྒྱ་ཆེར་སྤྲོས། གདུང་སྦྱོང་ལ། བདེ་གཤེགས་སྟོང་གི་དཀྱིལ་འཁོར་བཞེངས། གཡུང་དྲུང་ཀློང་རྒྱས་ཀྱིས་ཁོག་དབུབ། ཕྱི་ནང་གསང་བའི་འཕྲིན་ལས་ཀྱི་གཞུང་བསྲང་། ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གིས་མཐར་དབྱུང་བར་མཛད་ནས། ཡེ་ཤེས་ཀྱི་མེ་རང་འབར་གྱིས་ཞུགས་ལ་ཞེན། ཐུག་ལྗགས་སྤྱན་གསུམ་ལས་བྱོན་པའི་ཀུན་རིག་ལྷ་ཚོགས་དང་། བདེ་གཤེགས་གཙོ་བཞིའི་སྐུ་བརྙན་མང་དུ་བབ། རིང་བསྲེལ་ཆེ་ཆུང་དུ་མ་ལས་སྐུ་གདུང་མཆོད་རྟེན་གྲངས་མང་བཞེངས། ཚེམས་ལ་དུང་དཀར་གཡས་འཁྱིལ་བྱུང་བ་ད་ལྟའང་མཇལ་རྒྱུ་ཡོད་དོ། དེ་ནས་འཁོར་རྣམས་ཀྱིས་སྟོན་པའི་བཀའ་རྣམས་སྡེ་ཚན་བཞིར་བསྡུས་ཏེ་སྔར་གསུངས་པ་བཞིན་བདག་གཉེར་མཛད་པའི་བཀའ་དྲིན་གྱིས་བསྟན་པ་ཡུན་རིང་དུ་གནས་སོ། །དེ་དག་ནི་མཛད་པ་བཅུ་གཉིས་ཀྱི་ཞལ་ཐང་ལས་གསལ་ལོ།།བསྟན་རྩིས་བཞེད་པ་མི་མཐུན་པ་མང་ཡང་། སྟོན་པ་མྱ་ངན་ལས་འདས་ནས་མི་ལོ་བཞི་སྟོང་བརྒྱད་བརྒྱ་སོ་གཉིས་འདོད་པའི་ལུགས་སོ། །
  བཅུ་གསུམ་པ། བསྟན་པ་རྗེས་སུ་བཞག་པ་ལ། སྟོན་པ་ཉིད་ལོངས་སྐུར་བཞེངས་ཏེ་རྣམ་པར་རྒྱལ་བ་རྩ་བའི་ལྷ་བཅུ་དང་བཅས་པ་དངོས་སུ་བྱོན་ནས་དཔལ་མགོན་བརྒྱ་རྩའི་བདག་པོ་ལྷ་ཆེན་གཅེན་ལྷ་མིག་དགུས་རྣམ་མཁྱེན་རྒྱལ་བའི་བསྟན་པ་བསྲུང་བར་ཁས་བླང་བའོ།།
སྟོན་པའི་རྗེས་སུ་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་བྱོན་ནས་དེའི་སློབ་མ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་མཆོག་དྲུག་བྱོན་ཏེ་བསྟན་པ་ཕྱོགས་ཀུན་ཏུ་དར་རྒྱས་མཛད་པ་ཡིན་ནོ། །
  གཉིས་པ། ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་ཆོས།
  སྟོན་པ་གཤེན་རབ་ཀྱི་བསྟན་པ་འདི་ལ་གནས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་པར་ནི། སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་ན་ཕྱག་རྒྱ་བཞི་ཁས་ལེན་དགོས་པས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཞི་བ། བོན་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི། ནང་པ་སངས་རྒྱས་པ་ཀུན་གྱི་སྤྱི་ལུགས་ཡིན་པས། མཆོག་གསུམ་སྐྱབས་ཡུལ་དུ་འཛིན་པ་དང་། ལྟ་བ་དེ་དག་ལ་ཡིད་ཆེས་ཤིང་། སྒོམ་པ་མདོ་སྔགས་སེམས་གསུམ་གྱི་ལམ་ནས། སྟོང་ཉིད་དང་བསྐྱེད་རྫོགས་སྒོམ་པ་ནི་རབ་ཡིན་ལ། མ་མཐའ་ཡང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་དང་སེམས་བསྐྱེད་ཡལ་བར་མི་གཏོང་ཞིང་། སྤྱོད་པ་སྡིག་སྤྱོད་དང་མ་འདྲེས་པར་དགེ་བ་ཁོ་ནར་འབད་པ་ཞིག་དགོས་སོ། །
  དེ་ཡང་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་《མདོ།》ལས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་དྲུག་ལ་སྤྱོད་ཅིག་ཅེས་འཁོར་རྣམས་ལ་གསུངས་པ་ལྟར། ལྟ་བ་ནི། གདུལ་བྱའི་ཁྱད་པར་ལས། མདོ་ལྟར། གྲུབ་མཐའ་གོང་འོག་དང་། སྔགས་ལྟར་རྒྱུད་སྡེ་གོང་འོག་གི་རིམ་པ་བྱུང་བས། གྲུབ་མཐའ་འོག་མ་ལ་གཤེན་རབ་རྣམ་རྩོད་པ་དང་། རང་རྟོགས་གཤེན་རབ་པ་གཉིས། གོང་མ་ལ། ཐུགས་རྗེ་སེམས་དཔའ་སེམས་ཙམ་པ་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་གཉིས་ཏེ་བཞི་བྱུང་བས། རེ་རེ་ལ་ལྟ་བའི་ཁྱད་པར་ཡོད་ལ། སྤྲོས་མེད་པ་ནི་དབུ་མ་བ་ཡིན་པས། མདོ་ལུགས་ལྟ་བ་རྣམ་པར་དག་པའམ། ཆེས་མཐོ་བའི་ལྟ་བ་ལྟེ། ལྟ་བ་ཡས་ཕུབ་ཅེས་པ་དེ་ལ་གསུངས། དེ་ཉིད་རྟོགས་པའི་ཐབས་ལ། བདག་མེད་རྣམ་གཉིས་ལ་གཏན་ལ་ཕབ་དགོས་པས། སྟོན་པ་ཉིད་ཀྱིས་《འབུམ་ཤེར་ཕྱིན》《ཁམས་ཆེན་སྟོང་ཕྲག་བརྒྱ་པ་》སོགས་འབུམ་སྡེ་པོ་ཏི་མང་པོ་གསུངས་པ་ནི། བདག་གཉིས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ཁོ་ནའི་དོན་ཡིན། སྒོམ་པ་ནི། གཞི་སྙིང་རྗེ་ཆེན་པོ་དང་མ་བྲལ་བར་ཚོགས་གསོག་པ་དང་འབྲེལ་ནས། བདག་མེད་རྟོགས་པའི་ངེས་ཤེས་དེའི་རྒྱུན་བསྐྱངས་ནས་སྒོམ་པས་ས་ལམ་རིམ་པར་བགྲོད་དེ་འཚང་རྒྱ་བ་ཡིན། སྤྱོད་པ་ནི། དེ་དག་མཐར་ཕྱིན་པའི་དོན་དུ། གཞི་སེམས་བསྐྱེད་ཀྱིས་བཟུང་ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སློབ་དགོས་ཤིང་།དེ་ཡང་སྡོམ་པ་འོག་མ་སོ་ཐར་གྱི་སྡོམ་པ་ལ། དགེ་བསྙེན་གྱི་གཏན་ཁྲིམས་སྣ་ལྔ་། གཙང་གཙུག་གི་སྡོམ་པ་ཉེར་ལྔ། བསྙེན་རྫོགས་ཀྱི་ཉིས་བརྒྱ་ལྔ་བཅུ་སོགས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ། ཐུགས་རྗེ་སེམས་དཔའི་ལུགས་ཀྱི་བྱང་སྡོམ་ཉི་ཤུ་པ། སྤྲོས་མེད་ལུགས་ཀྱི་བརྒྱ་རྩ་དགུ་པ་སོགས་བསླབ་པའི་གནས་མཐའ་དག་འོག་མ་མི་འདོར་བར། གོང་མ་རིམ་བཞིན་དུ་བསླབ་པ་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ཞེས་བརྗོད་ལ། སྤྱོད་པ་མས་འཛེགས་ཞེས་པའི་དོན་དེ་ཡིན་ནོ། །ཐེག་ཆེན་ཐུན་མོང་མ་ཡིན་པ་སྔགས་ལྟར་གྱི་ལྟ་སྒོམ་སྤྱོད་པ་ནི། གང་ཟག་དབང་པོ་རབ་འབྲིང་གི་ཁྱད་པར་གྱིས་རྒྱུད་སྡེ་བཞི་ཡོད་པ་རེ་རེ་ལ་ལྟ་སྒོམ་སྤྱོད་པ་དམ་ཚིག་འབྲས་བུ་སོགས་ཀྱི་ཁྱད་པར་ཡོད་པ་ནི། རྒྱུད་ཀྱི་གཞུང་ཆེན་མོ་རྣམས་ལས་ཞིབ་ཏུ་ཤེས་དགོས་པ་མ་གཏོགས་འདིར་ཡི་གེ་མང་དོགས།
  དེ་ཡང་གཞུང་ཆེན་མོ་ནི། ལྟ་བ་གཏན་ལ་ཕབ་པའི་དོན་དུ་《ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད》གསུངས། དེ་བཞིན་སྒོམ་དོན་དུ། 《གསང་བ་དགུ་འཕར།》སྤྱོད་པའི་དོན་དུ་《སྒྱུ་འཕྲུལ་དྲྭ་བ།》དམ་ཚིག་གི་དོན་དུ་《འགུ་ཡ་སྲོག་འཛིན།》འཕྲིན་ལས་དོན་དུ་《ལས་ཀྱི་ཐིག་ལེ།》འབྲས་བུའི་དོན་དུ《ཐབས་ཀྱི་ཞགས་པ་》སྟེ། གསང་རྒྱུད་ཆེན་པོ་དྲུག་སྟོན་པས་གསུངས་པ་བོན་གྱི་《བཀའ་འགྱུར་》ཁྲིད་དུ་བཞུགས་པ་དང་། གཞན་རྩ་རྒྱུད་དང་། ཡན་ལག་གི་རྒྱུད་དང་། ཉིང་ལག་གི་རྒྱུད་དུ་མ་ཡོད་ལ་རྒྱུད་ཀྱི་དགོངས་འགྲེལ་ཀྱང་། ཞང་བོད་པཎ་གྲུབ་དུ་མས་མང་དུ་གསུངས་པ་ཡོད་དོ།   དེ་དག་ཀྱང་ཕལ་ཆེར་གྲུབ་མཐའ་གཞན་དང་ཐུན་མོང་དུ་གྱུར་པ་མང་ན་ཡང་། ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་གསུམ་ནི། ཐེག་པ་ཐམས་ཅད་ཀྱི་རྩེ་མོ། བླ་མེད་རྒྱུད་ཀྱི་མཐར་ཐུག རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་ཟབ་ལམ་རྨད་དུ་བྱུང་བ། ཚེ་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་ཞང་ཞུང་སྙན་བརྒྱུད་ལྟ་བུ། བཀའ་མ་ཁོ་ན། གཏེར་དུའང་མ་སོང་བ། ཨ་རྫོགས་སྙན་གསུམ་གྱི་བླ་མ་བརྒྱུད་པ་རྣམས་ཀྱིས་ཉམས་སུ་བླངས་ནས་ད་ལྟའི་བར་སྒྲུབ་བརྒྱུད་ཀྱི་སྲོལ་མ་ཉམས་པར་བཞུགས་པ་ནི་ལྟ་སྒོམ་སྤྱོད་གསུམ་ལ་གང་ཟག་གི་འདོད་བློས་མ་བསླད་རྟོག་གེ་བས་དཔྱོད་པས་མ་བཅོས་པ་ཀུན་ཏུ་བཟང་པོའི་ཐུགས་དགོངས་ཀྱི་ཡང་བཅུད་ཁོ་ནའོ།།
  གསུམ་པ། གཡུང་དྲུང་བོན་གྱི་སྐྱབས་གནས་ཀྱི་སྐོར།
  གྲུབ་མཐའ་འདིར་ཞུགས་པ་རྣམས་ཐོག་མར་འཇུག་སྒོ་སྐྱབས་འགྲོ་ཁོ་ནས་བྱེད་ལ། དེ་ཡང་ཕྱི་མདོ་ལུགས་སྐྱབས་ཡུལ་གཙོ་བོ་སངས་རྒྱས་བོན་དང་སེམས་དཔའ་གསུམ་དང་། དཀར་པོ་སུམ་སྦྱོར་གྱི་ལུང་ལྟར། བླ་མ་སངས་རྒྱས་བོན་སེམས་དཔའ་སྟེ། སྐྱབས་གནས་དཀོན་མཆོག་བཞི་ཡོད་ལ། ནང་སྔགས་ལུགས་ལྟར། བླ་མ། ཡི་དམ། མཁའ་འགྲོ་གསུམ་སྟེ། བྱིན་རླབས་དང་། དངོས་གྲུབ་དང་། འཕྲིན་ལས་ཀྱི་རྩ་བའམ་འབྱུང་གནས་ཡིན་པས་རྩ་བ་གསུམ་ཞེས་བརྗོད་དོ།།
  བླ་མ་ནི། ཚོགས་ཞིང་ཞལ་ཐང་ལྟར། སྟོན་པ་ཀུན་ཏུ་བཟང་པོ་ནས། ཚད་མེད་འོད་ལྡན། འཕྲུལ་གཤེན་སྣང་ལྡན། བཟའ་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པ་རྣམས་ལ་དགོངས་བརྒྱུད་བླ་མ་ཆེ་དྲུག་ཟེར། དེ་ནས་སྟག་ལྷ་མེ་འབར། ཡོངས་སུ་དག་པ། མི་ལུས་བསམ་ལེགས། ཡེ་ཤེས་སྙིང་པོ། སྣང་བ་མདོག་ཅན། མུ་ཁྲི་བཙན་པོ་རྣམས་བྱོན། 
བཞི་པ། གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་དར་ཚུལ།
  བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་གཤེན་ནམ་འཁའ་སྣང་བ་མདོག་ཅན་དབུའི་མཆོད་གནས་ཀྱི་བླ་མར་བཀུར་ཞིང་། གཉའ་ཁྲིའི་སྲས་མུ་ཁྲི་བཙན་པོ་ནི་རྒྱལ་པོ་ཡང་ཡིན་ལ་བླ་མ་ཡང་ཡིན་ཏེ། མུ་ཁྲི་ཡན་ལ་གོང་མ་ཆེ་དྲུག་ཅེས་སྤྱི་སྤུངས་བླ་མ་བརྒྱུད་པའི་གཙོ་བོར་བྱེད། དེ་ནས་ཧ་ར་ཅི་པར་རམ་ཡེ་ཤེས་བླ་མ་སོགས་གདུང་བརྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། བོན་ཆེན་བཞི་བཅུ། དྲན་པ་ཡབ་སྲས་སོགས་ཞང་བོད་ཀྱི་པཎ་གྲུབ་དགུ་བཅུ་རིམ་པར་བྱོན་པ་ནི། གཉའ་ཁྲི་ནས་ཁྲི་སྲོང་གི་བར་དུ་རྒྱལ་པོའི་ཆབ་སྲིད་དང་། བོན་གྱི་བསྟན་པ་གཉིས་མཉམ་དུ་བྱུང་བ་ལ། རྒྱལ་གཤེན་བསྟན་པ་མཉམ་དར་ཞེས་སུ་གྲགས།
  དེ་ཡང་བོད་ཀྱི་རྒྱལ་པོ་རེ་རེ་ལ། སྐུ་བསྲུང་བའི་གཤེན་ཆེན་རེ་རེ། དབང་ལུང་ཁྲིད་མན་ངག་དང་བཅས་པ་གནང་བའི་དབུ་བླ་རེ་རེ་ཡོད་པ་ནི། བསྟན་འབྱུང་རྣམས་ལས་ཤེས་ལ་འདིར་མ་བྲིས། དེ་ལས་ཀྱང་གནམ་གྱི་ཁྲི་བདུན་གྱིས་བོན་རིན་པོ་ཆེ་སྤྱི་སྤུངས་སྐོར་གསུམ་ཉམས་སུ་བླངས་ནས། ཡི་དམ་ལྷ་དང་དབྱེར་མེད་དུ་གྱུར་ཏེ།  གདོས་བཅོས་ཀྱི་ཕུང་པོ་ལྷག་མེད་དུ་སངས་རྒྱས་པ་ཡོད་ལ། ཁྲི་བདུན་ལ་བང་སོ་མེད་པར་གནམ་དུ་བཏབ་ཅེས་པའི་ཐ་སྙད་ཆགས། གྲི་གུམ་གྱིས་བོན་བསྟན་བསྣུབས་ནས་བོན་ལོག་པ་དར་བར་བྱས་ཀྱང་ཡུན་མ་རིང་། ལོ་བཅུ་གསུམ་ནས་སྤུ་དེ་གུང་རྒྱལ་གྱིས་སྲིད་བཟུང་ནས་གདུང་རྒྱུད་བཅུ་གསུམ་གྱི་བསྟན་པ་དར་བར་མཛད། བོད་རྒྱལ་ཉེར་བརྒྱད་པ་ཐོ་ཐོ་རི་ཡང་། གསང་སྔགས་འཆང་བ་ཡིན་པར་མ་ཟད། རྫོགས་ཆེན་པའང་ཡིན་པས་བོན་ཆེན་གཉན་བཙན་ཞེས་མཚན་ཐོགས། སྲོང་བཙན་སྒམ་པོ་ཡང་རྫོགས་ཆེན་རྣལ་འབྱོར་བ་ཡིན་པ་གསུང་མགུར་གྱིས་ཤེས། ཁྲི་སྲོང་གི་སྐུ་ཚེ་སྨད་ལ་བོན་བསྟན་ནུབ་པ་ཡང་བོད་རང་དུ་ཡོད་པའི་ཆོས་བོན་ལ་དད་མཁན་དང་། རྒྱ་གར་ནས་ཡོང་བའི་ཆོས་ལ་དད་མཁན་བར་རྩོད་པ་ཤོར་ནས་རྒྱལ་བློན་འབངས་གསུམ་མི་བདེ་བར་གྱུར། གླང་དར་གྱིས་རྩོད་པ་དེ་མེད་པར་གཏོང་ཆེད་ཆོས་ལུགས་གཉིས་ཀ་མེད་པར་བཏང་། ཆབ་སྲིད་ཁོ་ནས་སྐྱོང་བར་འདོད་ཀྱང་ལྷ་ལུང་དཔལ་རྡོས་བསད། མཐར་བོན་ཆོས་གཉིས་སླར་དར་བ་ལ་བསྟན་པ་ཕྱི་དར་གྱི་ཐ་སྙད་བཏགས། དེ་ཡན་ཆད་བསྟན་པ་སྔ་དར་གྱི་བླ་མ་རྣམས་སོ། །
  འདུལ་བརྒྱུད་བླ་མའི་གཙོ་བོ་ཡང་སྔ་དར་སྐབས་རྟག་གཟིགས་དམུ་ཚ་ཏྲ་ཧེ་ནས་རིམ་བཞིན་ཞང་ཞུང་རྫུ་འཕྲུལ་ཡེ་ཤེས་སོགས་དང་། ག་ཅུ་གཙུག་ཕུད་རྒྱལ་བའི་སློབ་མ་ཡང་གོང་ཡེ་ཤེས་རྒྱལ་བ་དང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་ནི། བོད་ཀྱི་བཙུན་པ་འདུལ་འཚིན་ཐོག་མ་རྣམ་གཉིས་ཡིན། དེ་ནས་སྡེ་བཙུན་རབ་གསལ། ཡེ་ཤེས་ཚུལ་ཁྲིམས། མུ་ཟི་གསལ་བཟང་སོགས་བྱོན། མུ་ཟི་ནི་མི་ལོ་སྟོང་དང་བརྒྱད་བརྒྱར་འགོག་པར་བཞུགས། ད་ལྟ་བོད་ཡུལ་དུ་འདུལ་བ་མ་ཉམས་པ་དེའི་བཀའ་དྲིན་ཡིན། དེ་ནས་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་སོགས་དང་། བླ་ཆེན་དགོངས་པ་རབ་གསལ་སོགས་མཁན་བརྒྱུད་རིམ་པར་བྱོན་པ་རྣམས་འདུལ་བ་བརྒྱུད་པའི་བླ་མའི་གཙོ་བོར་བྱེད་དེ་འདུལ་བརྒྱུད་ཞལ་ཐང་ལྟར་རོ། །
  ཕྱི་དར་སྐབས་མདོ་སྔགས་ཟུང་འབྲེལ་དུ་དར་བར་མཛད་པའི་བླ་མ་གྲགས་ཆེ་བ་འགའ་ཙམ་གྱི་མཚན་བརྗོད་ན། རབ་བྱུང་མ་ཚུགས་གོང་དུ།  རྗེ་བཙུན་བྱང་བ་ཁྲོ་ཚང་འབྲུག་ལྷ་གཤེན་སྟོན་ཀླུ་ཡི་དབང་པོ། བྲུ་ཆེན་ནམ་མཁའ་གཡུང་དྲུང་། རྒྱལ་སྲས་ཞུ་ཡས་ལེགས་པོ། སྤ་སྟོན་དཔལ་མཆོག་རྒྱལ་བ། རྨེའུ་ལྷ་རི་གཉན་པོ། གཏེར་སྟོན་ཁུ་ཚ་ཟླ་འོད་སོགས་བྱོན།
  (རབ་བྱུང་དང་པོའི་ནང་།)རྗེ་བཙུན་དམ་པ་དགོངས་མཛོད་རི་ཁྲོད་པ། བྲུ་ཤ་རྗེ་བཙུན་དམ་པ། རྨེའུ་མཁས་པ་དཔལ་ཆེན། ཡར་མེ་བ་ཤེས་རབ་འོད་ཟེར། གཉེན་འཐིང་ཤེས་རབ་རྡོ་རྗེ། བླ་མ་སྨན་གོང་བ་སོགས་བྱོན། (རབ་བྱུང་གཉིས་པར།)བཞེད་སྟོན་དངོས་གྲུབ་གྲགས་པ། ལུང་བོན་ལྷ་གཉན། གྱེར་མི་ཉི་མ་འོད་ཟེར། རྨ་སྟོན་སྲོལ་འཛིན། ཞུ་ཆེན་ཡེ་ཤེས་རིན་ཆེན། གཡོར་བོ་མེ་དབལ། སུམ་སྟོན་ལྷ་འབུམ། གུ་རུ་རྣོན་རྩེ་སོགས་བྱོན།(རབ་བྱུང་གསུམ་པར།)རྗེ་དམ་པ་རང་གྲོལ། དཔོན་གསས་ཁྱུང་རྒོད་རྩལ། འགྲོ་མགོན་བློ་གྲོས་རྒྱལ་མཚན་སོགས་བྱོན། (རབ་བྱུང་བཞི་པར།)བྲུ་འདུལ་བ་རྒྱུལ་མཚན། རྒྱལ་བ་གཡུང་དྲུང་། གཅུང་ནམ་མཁའ་འོད་ཟེར། བོན་ཞིག་གཡུང་དྲུང་གླིང་པ་སོགས་བྱོན། (རབ་བྱུང་ལྔ་པར།)མཐའ་བྲལ་བསོད་ནམས་རྒྱལ་མཚན།   བསོད་ནམས་བློ་གྲོས།  སོག་བཙུན་ཡེ་ཤེས་རྒྱལ་མཚན། མཚུངས་མེད་བསོད་ནམས་བློ་གྲོས། གཅུང་ནམ་མཁའ་བསོད་ནམས། རྟོགས་ལྡན་རི་བ་འབྲུག་གསས། ཁོད་པོ་བློ་གྲོས་ཐོགས་མེད་སོགས་བྱོན། (རབ་བྱུང་དྲུག་པར།)རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། སྤྲུལ་སྐུ་བློ་ལྡན་སྙིང་པོ། གཤེན་ཉི་མ་རྒྱལ་མཚན། ཁྲོ་གཉན་རྒྱལ་མཚན་སོགས་བྱོན།(རབ་བྱུང་བདུན་པའི་ནང་།)རྒྱལ་བ་མཉམ་མེད་ཆེན་པོས་གཙང་ཐོབ་རྒྱལ་དཔལ་ལྡན་སྨན་རིའི་དགོན་སྡེ་བཏབ། དེ་ནས་བཟུང་སྨན་རིའི་མཁན་རབས་རིམ་པར་བྱོན་པ་རྣམས་ནི། སྨན་རི་དང་གཡུང་དྲུང་གླིང་གི་དགོན་སྡེ་མཆོག་གི་གདན་རབས་ལྟར་རོ། །སྐྱང་འཕགས། དོ་འཕགས། གཙོ་འཕགས་ཞེས་འཕགས་པ་རྣམ་གསུམ་དང་། ཞིག་ཆེན་བཅོ་བརྒྱད་སོགས་དང་། བྲུ་ཞུ་སྤ་རྨེའུ་བཤེན་ཚང་ཁྱུང་པོ་སོགས་གྲྭ་ས་ཆེནཔོ་རྣམས་ཀྱི་བླ་མ། སྤ་བཟང་པོ་བཅུ་གསུམ། སྤ་ཉི་མ་འབུམ་གསལ། སྤ་བསྟན་པ་འབྲུག་གྲགས། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ། ཁྱུང་པོ་སྨོན་ལམ་རིན་ཆེན། བཟོད་པ་རིན་ཆེན། སྣང་གསལ་རིན་ཆེན་སོགས་མང་དུ་བྱོན། མདོ་སྨད་དུ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཡོན་ཏན་རྒྱལ་མཚན། དོ་འཕགས་ཆེན་པོ། ཉི་མ་སཛིན། ཀུན་དགའ་རྒྱལ་མཚན། གྲུབ་ཐོབ་བསྟན་པ་དར་རྒྱས། བློ་གྲོས་ཐོགས་མེད། ཀུན་དགའ་ཕུན་ཚོགས། རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས། སྐྱབས་མཆོག་བསོད་ནམས་ཕུན་ཚོགས། སྣང་ཞིག་ནམ་མཁའ་བློ་གྲོས། སྣང་ཞིག་བསྟན་པའི་ཉི་མ། རྒྱ་འོབ་བསྟན་པ་རབ་རྒྱས། རྩེ་ཞིག་སྟོང་ཉིད་བྱ་འཕུར། དྲུང་རམས་པ་ཤེས་རབ་རྣམ་རྒྱལ། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། བོན་བརྒྱ་རང་ཤར་རིག་གྲོལ། སྦ་སར་ནམ་མཁའ་དབང་ཕྱུག    ཤར་རྫ་བཀྲ་ཤིས་རྒྱལ་མཚན། གཏེར་ཆེན་གསང་སྔགས་གླིང་པ། ཚུལ་ཆེན་བསྟན་པའི་རྒྱལ་མཚན།   དཔྲ་སྟོན་སྐལ་བཟང་རྒྱལ་མཚན། བོན་བརྒྱ་གཡུང་དྲུང་ཕུན་ཚོགས། གྲུབ་དབང་ནམ་མཁའ་རྒྱལ་མཚན། སྐྱོང་སྤྲུལ་ལུང་རྟོགས་རྒྱ་མཚོ། རྩེ་ཞིག་གཡུང་དྲུང་དབང་རྒྱལ་སོགས་རིམ་པར་བྱོན་པ་ནི་ཚོགས་ཞིང་དང་བླ་མ་ཀུན་འདུས་ཀྱི་ཞལ་ཐང་ལྟར་རོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716