སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མདོ་སྨད་ཅོ་ནེའི་ཡུལ་དུ་བོན་བསྟན་དར་ནུབ་སྐོར་གྱི་ཐོག་མའི་དཔྱད་གླེང་།
སྤེལ་དུས། 2017-10-25   ཡོང་ཁུངས། བོད་ཀྱི་སློབ་གསོ།   རྩོམ་པ་པོ།  ས་དམར་ཚེ་རིང་དོན་གྲུབ།
          [གནད་བཏུས] དཔྱད་རྩོམ་འདིའི་ནང་དུ་ཡུལ་མདོ་སྨད་ཅོ་ནེའི་ཕྱོགས་སུ་གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་གཞི་ཚུགས་པ་དང་ཇི་ལྟར་སྤེལ་བ། དར་རྒུད་བྱུང་བའི་རྒྱུ་རྐྱེན་སོགས་ལོ་རྒྱུས་ཆོས་འབྱུང་དང་བསྟན་འབྱུང་སོགས་ལས་ཐོག་མའི་གྲོས་འདོན་ཙམ་དང་དཔྱད་གླེང་དུ་ཕུལ་ཡོད།
          [གནད་ཚིག] ཅོ་ནེ། བོན་བསྟན་དར་ཚུལ། ཉམས་རྒུད་དུ་གྱུར་པའི་རྒྱུ་རྐྱེན།
གཅིག ཅོ་ནེ་ཞེས་པའི་གནས་དང་མིང་ཐོགས་ཚུལ་གྱི་རྒྱབ་ལྗོངས།
          ༡.ཅོ་ནེ་ཞེས་པའི་གནས་ཀྱི་བཀོད་པ། ཡུལ་འདི་ནི་བོད་སྟོད་སྨད་བར་གསུམ་གྱི་ནང་ནས་སྨད་ཕྱོགས་སྨར་རྫ་སྒང་གི་ཁོངས་སུ་གཏོགས་ཤིང་། མདོ་དབུས་མཐོ་སྒང་གི་ཤར་ཕྱོགས། བོད་ཆེན་པོའི་མདོ་སྨད་ཀྱི་ལྷོ་ཕྱོགས་སུ་ཆགས། ཡུལ་གྱི་དགེ་མཚན་ལ་ཅོ་ནེའི་བསྟན་འགྱུར་དཀར་ཆག་ལས། མདོ་ཁམས་སྨད་དུ་གཏོགས་པའི་སའི་ཆ་སྟེ། ཀླུ་ཆུ་ཞེས་གྲགས་པའི་ཉལ་འགྲོ་ཆེན་པོའི་འགྲམ། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ས་ཞིང་ས་ས་ཡི་དགེ། འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ། ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། ཁང་ཤིང་བུད་ཤིང་ཤིང་གི་དགེ། ཞེས་དགེ་བཅུ་ཚང་བའི་གནས་མཆོག་ཏུ་བསྔགས། དེ་ལ་ཡང་སྟོད་སྨད་བར་གསུམ་དུ་དབྱེ་བས་སྟོད་ཕྱོགས་སུ་གནམ་གཤིས་གྲང་བ་དང་སྒོ་ཕྱུགས་འཚོ་སྐྱོང་ལས་ཞིང་ལས་སོགས་གཉེར་བ་ཡོད་རུང་དཀའ་བོ་འདུག སྨད་ཕྱོགས་དང་བར་ཕྱོགས་སུ་གནམ་གཤིས་ལྟོས་བཅས་སུ་དྲོད་བས་ཞིང་ལས་གཉེར་བ་དང་སིལ་ཏོག་སོགས་འདེབས་འཛུགས་བྱེད་པའི་ས་བབ་ཅུང་ལེགས་པོ་འདུག ཡུལ་འདིའི་ས་ཁོངས་སམ་ས་རྒྱ་ལ་གནའ་བོའི་དུས་སུ་ཅི་འདྲ་ཡིན་པ་མི་ཤེས་མོད། ཅོ་ནེའི་ས་སྐྱོང་གི་དུས་སམ་ཅོ་ནེ་དགོན་ཁག་གི་ལོ་རྒྱུས་བྱུང་བ་ནས་ཡུལ་འདིའི་མངའ་ཁོངས་ཀྱི་ཆར་གཏོགས་པའི་གནས་ལ་ཤར་དུ་རྨེ་རི(岷县)ལ་ས་མཚམས་ལེ་དབར༦༠ལྷག་འབྲེལ་ཞིང་།ལྷོ་རུ་ཟོད་གྲོང(武都)དང་ཝུན་ཞན(文县)།སི་ཁྲོན་གྱི་ཟུང་ཆུ(松潘)དང་རྔ་བ(阿坝)བཅས་ལ་ལེ་བར༤༠༠ལྷག་འདྲེས་ལ། ནུབ་ཕྱོགས་སུ་ཀླུ་ཆུ(碌曲)དང་བསང་ཆུ(夏河)ལ་ལེ་བར༡༣༠ལྷག་འབྲེལ་ཡོད། བྱང་ཕྱོགས་སུ་མཛོད་དགེ་དམེ་བོ་སྟོད་སྨད(若尔盖上下)དང་ཀ་ཇུའི་གྲུ་གུ(临夏康乐县)ལ་ལེ་བར༡༠༢ལྷག་གི་ས་མཚམས་འབྲེལ་བ་དང་། བཱ་ཙེའམ་སྤྲ་ཚལ་རྫོང(临潭县)ནི་ཅོ་ནེའི་མངའ་ཁོངས་ཀྱི་དཀྱུལ་དུ་བསྣོལ་ཡོད་པ་སོགས་ཡུལ་འདིའི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༣༥༠༠༢ལྷག་ཡོད་པས་ཀན་ལྷོའི་ནང་ཁུལ་གྱི་བཞི་ཆའི་གཅིག་ཙམ་ཟིན། ད་ལྟའི་ཅོ་ནེ་ནི་གྲོང་རྡལ་གསུམ་དང་ཞང་བཅུ་གཉིས་སུ་ཕྱེ་ཡོད་དེ། ལྕང་ཚལ་གྲོང་རྡལ(柳林镇)དང་མར་གྲོང་རྡལ(木耳镇)། བྲག་ཁོག་ལུང་གྲོང་རྡལ(扎古录镇)།གནའ་ལུང་ཞང(纳浪乡)དང་མཁར་ཆེན་ཞང(喀尔搴乡)། མདོ་ཁོག་ཞང(刀告乡)དང་ཉིན་པ་ཞང(尼巴乡)། ཝ་དམར་ཞང(完冒乡)དང་ཨ་བཟི་ཐང་ཞང(阿子滩乡)། ཤིན་གཙང་ཞང(申藏乡)དང་ཁྱ་དགེ་ཞང(恰盖乡)། ཁང་ཐོག་ཞང(康多乡)དང་ཤོ་བ་ཞང(刁哇乡)། ཐའོ་ཡཱན་ཞང(洮砚乡)དང་གཙང་པ་བ་ཞང(藏巴哇乡)བཅས་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༥༤༡༩༦༨ཙམ་ཡོད། སའི་ཁོར་ཡུག་མཚོ་ངོས་ལས་ཆ་སྙོམས་བྱས་ན་སྨི༢༠༠༠ནས༤༩༢༠ཡས་མས་སུ་འཁེལ་ཞིང་། དྲོ་གྲང་གི་དབྱེ་བ་དང་དུས་བཞིའི་དབྱེ་བ་གསལ་བས་ལོ་རེའི་ཆ་སྙོམས་དྲོད་ཚད༤.༦C°རེད་འདུག གྲོང་སྡེ་འདི་དག་ལས་ད་སྔ་བོན་གྱི་སྡེ་ཁུངས་སུ་དུད་ཁྱིམ་འདུས་པ་ནི་མདོ་ཁོག་དང་ཉིན་པ། མཁར་ཆེན་དང་ཁྱ་དགེ། བྲག་ཁོག་ལུང་སོགས་སུ་འགའ་ཤས་ཡོད་དོ། །
          ༢.ཅོ་ནེ་ཞེས་པའི་མིང་ཐོགས་ཚུལ་གྱི་རྒྱབ་ལྗོངས། ཅོ་ནེ་ཞེས་པའི་མིང་འདི་ནི་སྔར་སྒྲོན་ཤིང་གི་མིང་ཡུལ་ལ་ཐོགས་པར་བཤད་པ་སོགས་བཤད་ཚུལ་འགའ་ཡོད་དེ། གསེར་གྱི་ལྡེ་མིག་ལས། ཤིང་འཛམ་བུ་ཀྲི་ཀྵས་གླིང་འདི་མཚོན་པའི་དཔེ་ལྟར། སྒྲོན་མེའི་ཤིང་ལ་ཅོ་ནེའི་ཡུལ་སྐད་དུ་ཅོ་ཤིང་ཞེས་འབོད་པས། ཤིང་དེ་ཡོད་པའི་སྣ་ལ་ཡུལ་སྡེ་རིམ་གྱིས་ཆགས་པ་ལ། ཅོ་སྣེ་ཅེར་རྒྱུར། ཅོ་ནེ་ཞེས་ཟུར་ཆགས་པའི་ལྗོངས་འདིར་སྐྱེ་དགུ་ཐམས་ཅད་ཀྱི་ནང་ན་ཞལ་མཐོང་ཞིང་གསུང་ཐོས་པ་མང་བས་ཡིད་ཆེས་དང་། དད་པའི་ས་བོན་བསྐྲུན་པའི་ཕྱིར་ཡིན།①ཞེས་དང་། ཅོ་ནེའི་བསྟན་འགྱུར་དཀར་ཆག་ལས། དེ་ནས་མི་རིང་བ་ན་ཁམས་གསུམ་སྐྱེ་རྒུའི་གཙུག་རྒྱན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་སེ་ཆེན་རྒྱལ་པོས་གདན་དྲངས་ཏེ། རྒྱ་ནག་ཏུ་ཕེབས་པའི་ཚེ་ལམ་བར་དུ་ད་ལྟའི་ཅོ་ནེའི་ལུང་བ་འདིར་བྱོན་ཏེ། གནས་འདི་ས་པྲ་ཤིན་ཏུ་བཟང་བས་དགོན་པ་ཞིག་བཏབ་ན་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན། ཁྱད་པར་གནས་དེ་ན་ཅོ་ཤིང་ཡ་མཚན་ཅན་ཞིག་ཡོད་པ་གཟིགས་ནས། དགོན་པའི་མིང་ལ་ཅོ་ནེ་དགོན②ཞེས་ཐོགས་པར་བཞེད་པས་འདིར་ཤིང་གི་མིང་དགོན་ལ་ཐོགས་པ་དང་། དགོན་མིང་ཡུལ་མིང་ལ་ཐོགས་ཞེ་ན་འགལ་བ་མེད་པར་སྙམ། ཡང་ལ་ཤས་ཀྱིས་ཅོ་ནེ་ཞེས་པ་རེ་རེ་ནས་འཕྲལ་ཏེ། ཅོ་ནི་མགོ་ཡི་བརྡ་རྙིང་། ནེ་ནི་ཡུལ་འདིའི་ཁ་རྒྱུན་དུ་སྐྲའི་རལ་ལུ་ཅན་ལ་གོ་བས། ཡུལ་འདིའི་མི་རྣམས་ནི་སྔོན་བོད་ཀྱི་གདོད་མ་ནས་དར་བའི་བོན་ཆོས་སྒྲུབ་མཁན་གྱི་བོན་པོ་དག་ཡིན་པར་བཤད། ལོ་རྒྱུས་ཁ་ཤས་སུ་གདགས་ཁྲི་བཙན་པོའི་སྐུ་གཤེན་ཅོ་ན་མི་ཆེན་ཞེས་པ་དེ་ཡང་ཡུལ་འདིའི་མི་ཞིག་ཡིན་པར་གསུངས་པའང་མིང་དོན་གང་གིས་ཀྱང་དཔྱད་དགོས་པར་འདུག་གོ། གཞན་ཅོ་ནེ་ཞེས་པར་འགྲེལ་ཚུལ་འགའ་ཡོད་མོད་ཁོ་བོས་བྲིས་པའི་ཅོ་ནེ་ཞེས་པའི་མིང་གི་དཔྱད་པར་གཟིགས་རོགས།
གཉིས། ཅོ་ནེའི་སར་བོན་བསྟན་དར་ཚུལ་བཤད་པ།
          ༡.ཅོ་ནེའི་སར་བོན་བསྟན་ཐོག་མར་བྱུང་བའི་རྐྱེན་བཤད་པ།
          སྤྱིར་ན་བོན་ཆོས་ནི་བོད་རང་གི་བློ་རིག་ལས་རྙེད་པའི་ཆེས་གདོད་མའི་དུས་ཀྱི་འདུ་ཤེས་འཛིན་སྟངས་དང་སྐྱབས་བཅོལ་བྱ་ཡུལ་ཞིག་ཡིན། དེར་གནའ་བོའི་བོན་དང་གཡུང་དྲུང་བོན་ཞེས་རིགས་ཆེ་བ་གཉིས་སུ་དབྱེ་བ་དང་། དེ་དག་ངོས་འཛིན་བྱེད་སྟངས་མང་པོ་ཞིག་ཡོད་དེ། འགའ་ཞིག་གིས་དུས་རབས་བདུན་པའི་ཡར་སྔོན་གྱི་བོན་དང། འགའ་ཞིག་གིས་སྟོན་པ་གཤེན་རབ་མི་བོ་མཆོག་བོད་དུ་མ་ཕེབས་པའི་ཡར་སྔོན་དུ་ཡོད་པའི་བོད་ཀྱི་བོན་པོ་ཞེས་པར་གནའ་བོའི་བོན་ཞེས་ངོས་འཛིན་བྱེད་པ་དང་ལས་གཙོ་བོ་དམར་མཆོད་སོགས་འཚེ་བ་ཆོས་སུ་བྱེད་པའི་ཆོས་ལུགས་སམ་རང་བྱུང་གི་འཇིགས་པའི་ཁམས་ལ་ལྷ་རུ་བལྟ་བའི་སྲོལ་ལ་བརྗོད་པ་དང་། གཡུང་དྲུང་བོན་ནི་སྟོན་པ་གཤེན་རབ་མི་བོ་ཆེ་བོད་དུ་ཕེབས་ཏེ་སྔར་གྱི་འཚེ་བ་ཆོས་སུ་བྱེད་པའི་བོན་པོར་བཅོས་སྒྱུར་བྱས་པ་ལ་བརྟེན་ནས་དགེ་སྡུག་སྤང་བླང་གི་གཞི་བྱས་ཏེ་རྒྱུ་འབྲས་ཐེག་པ་དགུས་བོད་ཀྱི་བོན་པོ་རྣམས་ལ་རྒྱུ་ཡི་བོན་ཏེ་ལྷ་གསོལ་དང་གླུད་གཏོ་སོགས་ཀྱི་ལུང་གནང་བ་དང་། ཕྱིས་སུ་ཁ་བ་ཅན་དུ་འབྲས་བུའི་བོན་དར་བའི་སྨོན་ལམ་བཏབ་པས་རིམ་གྱིས་བོད་ས་གནས་ཡོངས་སུ་དར་བ་སོགས་ད་ལྟའི་ས་མཚམས་དང་ལུང་ཁུག་སོགས་སུ་སྔར་སྲོལ་ལྟར་ཤུལ་ཡོད་པ་དེ་དག་གིས་རྟོགས། དེ་ན་ཡུལ་ཅོ་ནེ་རུ་གནའ་བོའི་བོན་དང་གཡུང་དྲུང་བོན་དར་བའི་རྐྱེན་ནི་གང་ཞེ་ན།
          (༡)བོད་མིའི་འདུ་ཤེས་སུ་སྣང་བ་གཅིག་ཏུ་བཀྲལ་བ། འཛམ་གླིང་རིག་གནས་ལོ་རྒྱུས་ལས། འཇིགས་སྣང་ལས་ཆེས་ཐོག་མའི་དད་པ་བྱུང③ཞེས་པ་ལྟར་བོད་དུ་གདོད་མའི་བོན་ཆོས་བྱུང་བ་དེ་ནི་འཛམ་གླིང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་མིའི་བསམ་བློའི་འདུ་ཤེས་དང་སྤྱི་ཚོགས་ཁོར་ཡུག་གི་གནས་བབ་ཀྱིས་སྡུག་བསྔལ་མི་འདོད་པའི་བདེ་བ་གཞི་གཅིག་ཏུ་འཐོབ་ཆེད་རང་བྱུང་གི་གནོད་པ་དང་འཇིགས་སྣང་། འཚེ་བ་སོགས་ཕྱི་རོལ་ཡུལ་ལ་འཐབ་རྩོད་བྱ་བའི་ནང་སེམས་ཀྱི་དད་འདུན་དྲག་པོར་བྱུང་བས། བོད་མིའི་འཚོ་བར་ཐོག་མར་སྲིད་པའི་ལྷ་ཆེན་དགུ་ཞེས་མ་སྲིད་དགུ་སྲིད་ཀྱི་སྲིད་པ་ཞེས་བརྗོད་པར་དད་མོས་བྱས་པ་ལྟར་བསྟན་འབྱུང་རྒྱས་པ་ལས། སྲིད་པ་ཡབ་ཡུམ་ཐབས་ཤེས་སྤྲོས་པ་ལས། ། སྲས་ནི་ཕོ་དགུ་མོ་དགུ་བཅོ་བརྒྱད་བྱུང་། ། དེ་དང་དེ་ལས་རྣམ་པར་སྤྲོས་པ་ལས། ། སྲིད་པ་ཕོ་ཁྲི་མོ་ཁྲི་འབུམ་ཤར་ཏེ། ། གནམ་ལ་ལྷ་གར་རྟེན་དང་གསུམ་དུ་སྲིད། ། ལྷ་ནི་འདོད་ཁམས་གཟིགས་ཁམས་གཟིགས་མེད་ཁམས། ། གལ་ནི་དབལ་གསས་འཐོར་གསས་གདར་གསས་གསུམ། །མི་ནི་རི་བདུན་དང་ནི་གླིང་བཞིའི་མི། ། སྨྲ་ནི་མི་འམ་ཅི་སྟེ་གླིང་ཕྲན་སྡེ། ། གཤེན་ནི་འགྲོ་བ་འདྲེན་པའི་སྟོན་པའོ། ། ས་ལ་འདྲེ་སྲིན་བྱུར་དང་གསུམ་དུ་སྲིད། ། འདྲེ་ནི་ལྷ་ལ་འགྲན་དུ་བཙལ་བ་དང་། ། སྲིན་ནི་མི་ལ་བདུད་དུ་འབེབས་པ་དང་། ། བྱུར་ནི་གཤེན་ལ་བར་ཆད་རྩོམ་པའོ། ། གཞན་ཡང་འགྲོ་བའི་ལས་ནི་བསམ་མི་ཁྱབ། ། ཅེས་ཐོག་མའི་བོན་ཆོས་ཀྱི་རྣམ་པ་གྲུབ་སྟེ། རིམ་གྱིས་མོ་འདེབས་པ་དང་ཕྱྭ་གཡང་འགུགས་པ། གཏོ་དཔྱད་སྒྲུབ་པ་སོགས་བྱུང་བས་རྒྱུའི་ཐེག་པ་བཞི་ལས་ཕྱྭ་གཤེན་ཐེག་པའི་རིག་གནས་ཀྱི་རྨང་རྡོ་ལྟ་བུར་བོན་དང་བོན་ཆེན་པོའམ་བོད་དང་བོད་ཆེན་པོའི་མིའི་འདུ་ཤེས་སུ་ལྷུན་མར་སྣང་བ་ཡུལ་འདིའི་མཆོད་འབུལ་བྱེད་ཚུལ་དང་སྣང་ཚུལ་འདྲ་མིན་དག་ལས་གདོད་མའི་རྣམ་པ་ཅན་གྱི་བོན་དད་བྱེད་པའི་རྨང་རྡོ་བརྟན་པོར་ཡོད་པ་ད་ལྟའི་ཁྱིམ་མི་ཁག་ཅིག་གི་སྔོན་གྱི་གོམས་སྲོལ་སྲུང་འཛིན་བྱས་པའི་ཚུལ་དུས་ད་ལྟའང་མ་ཉམས་པར་གནས་པའི་བོན་གྱི་ཆོ་ག་དག་ལས་ནད་གསོ་བའི་གཏོ་ཡི་བོན་སྒོ་དང་འདུར་གཏོང་གི་བོན་སྒོ། རྩིས་ཀྱི་བོན་སྒོ་སོགས་ལས་ཤེས་ནུས་སོ། །
           (༢)རྒྱལ་སྲིད་སྐྱོང་རོགས་སུ་སྒྲུབ་པའི་བོན་སྡེ་ཡུལ་འདིར་བྱུང་བ། བཙན་པོའི་རྒྱལ་རབས་སུ་བོན་གྱིས་རྒྱལ་སྲིད་བསྐྱངས་པས་རྒྱལ་ཁམས་བདེ་ལ་བཀོད། དེར་གཙོ་བོ་སྒྲུང་ལྡེའུ་བོན་གསུམ་གྱི་བློ་རིག་ལ་བརྟེན་ནས་ཆོས་སྲིད་བསྐྱངས་པ་ཡིན་ཏེ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ལས། སྒྲུང་ལ་གླིང་གེ་སར་གྱི་སྒྲུང་དང་།གནའ་སྒྲུང་གི་སྐོར། རོ་ལངས་གསེར་སྒྲུང་། མ་སང་གི་སྒྲུང་། མཆིལ་བའི་སྒྲུང་སོགས་དང་། ལྡེའུའི་སྐོར་ལ་ཁེད་དང་རྒྱལ་བོའི་མཚན་གྱི་སྐོར། ཞང་ཞུང་མཚན་གྱི་སྐོར། བོད་མིའི་མིང་དོན་དང་ལྡེའུ་འཕྲུལ། ཟབ་གནད་དང་གསང་གནད་ཀྱི་ལྡེའུའི་སྐོར། བོན་ལ་སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུ། བོན་འཇོལ་འཁྱེར་བསྒྱུར་གསུམ། བོན་ཤེས་པ་ཅན་བཅུ་གཉིས་སོགས④གསལ་བོ་ཕྱེ་ཡོད། དེ་ལས་གེ་སར་སྒྲུང་དང་བོད་མིའི་མིང་དོན། བོན་ཐེག་པ་རིམ་དགུ་ལས་ཕྱྭ་གཤེན་ཐེག་པ། བོན་ཤེས་པ་ཅན་བཅུ་གཉིས་སོགས་ཀྱིས་མཚོན་པའི་རིག་གནས་ཀྱི་མིང་དོན་སོགས་ཡུལ་དབུས་སུ་མ་ཟད་སྨད་ཅོ་ནེའི་མཐའ་མཚམས་སོགས་སུའང་སྣང་ཚུལ་མངོན་འདུག དེ་ནི་ལེགས་བཤད་མཛོད་ལས། གཞན་སྡེ་ཁ་ཅིག་གིས། གནམ་རི་སྲོང་བཙན་ཡན་རྒྱལ་རབས་སུམ་ཅུ་རྩ་གཅིག་ལ་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་སོགས་ཀྱིས་བསྐྱངས། ཕྱྭ་སྣང་འཕྲུལ་སྲིད་བཞི་སོགས་འཇིག་རྟེན་པའི་ཐེག་པ་རྣམས་དར་བས་བོད་ཡུལ་དུ་གྲུབ་མཐའ་ལ་སྔ་བ་བོན་པོ་ཡིན་པའི་གཏན་ཚིགས་དེ་ནས་བྱུང་།⑤ཞེས་བོད་རྒྱལ་གནམ་རི་སྲོང་བཙན་གྱི་སྔོན་དུ་དེ་ལྟར་དར་བ་བཞིན་མདོ་སྨད་ཅོ་ནེའི་ཡུལ་དུའང་རྒྱལ་བློན་དག་མཐའ་མཚམས་སྲུང་བར་དམག་གྲས་སམ་བློན་པོའི་གོ་ས་དང་མཉམ་པའི་བོན་པོ་ཆེད་དུ་ཡོད་དེ། བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་སྐུ་གཤེན་ཞེས་པའི་རིམ་གྲོ་བ་རེ་ཡོད་པ་བཞིན། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་དང་མདོ་སྨད་ལོ་རྒྱུས་ཆེན་མོ་སོགས་སུ་ཅོ་ནེ་མི་ཆེན་ཞེས་པའི་བོན་པོའི་སྐུ་གཤེན་ཡོད་པར་གསུངས་ཏེ། མདོ་སྨད་ལོ་རྒྱུས་ཆེན་མོ་ལས། ཁོང་རྒྱལ་བོ་གདགས་ཁྲི་བཙན་པོའི་སྐུ་བོན་ཡིན⑥ཟེར། བསྒྲགས་པ་གླིང་གྲགས་ལས། བྱང་ཁྲི་བཙན་པོ་ལ་སྐུ་གཤེན་ཅོའུ་མི་ཆེན་དང་གསས་མཁར་གཡུང་དྲུང་ཁྲི་རྩེག་བཞེངས།⑦ཞེས་དང་། ཆོས་འབྱུང་མེ་ཏོག་སྙིང་བོའི་བཅུད་ལས། རྒྱལ་བོའི་རིམ་གྲོ་བ་ནི། བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང་། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ། །⑧ཞེས་པས་རྒྱལ་པོ་རྣམས་ཀྱི་སྐུ་གཤེན་ནམ་སྐུ་སྲུང་དུ་ཞང་ཞུང་ནས་བོན་པོ་རེ་བསྐོ་བཞིན་ཡོད་ཚུལ་ལྟར་ཡིག་ཆ་དེ་དག་ལ་གཞི་བྱས་ན་ཅོ་ནེའི་སར་བོན་པོའི་སྐུ་གཤེན་གྲགས་ཅན་ཡོད་པ་ཤེས། ཡིན་ཡང་འདི་ལ་དཔྱད་གཞི་ཆེ། བོན་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། སྐབས་དེར་བཙན་པོའི་དམག་མི་ཁྲོད་བོན་གཤེན་ཡོད་ཅིང་མིང་ལ་ལྷ་པ་ཟེར། སྟོང་སྡེ་རེ་ལ་བོན་གཤེན་ཆེན་པོ་རེ་ཡོད་པ་དང་ལྷ་བོན་པོ་ཟེར། དམག་དཔུང་ཆུང་བའི་སྡེ་ལ་བོན་གཤེན་ཆུང་ངུ་རེ་ཡོད་པ་ལ་ལྷ་པ་ཟེར། བོན་གཤེན་ཆེ་ཆུང་གཉིས་ལ་རང་རང་སོ་སོར་དབང་བའི་ལས་རིགས་ཡོད་པས། ལྷ་བོན་པོས་དུས་རྒྱུན་གྱི་ལྷ་གསོལ་སོགས་ཆོ་ག་ཆེན་པོའི་སྐོར་སྒྲུབ་པ་དང་། ལྷ་པས་གཡུལ་ཞུགས་སྐབས་སུ་དགྲ་ལྷ་འགུག་པར་བྱས་ནས་དམག་མི་རྣམས་ལ་སྡོང་གྲོགས་མཛད་པ་ཡིན།⑨ཞེས་བརྗོད་པ་ལྟར་ཡུལ་ཅོ་ནེའི་མི་རྒྱུད་དག་ནི་དབུས་ནས་བྱོན་པའི་མཐའ་སྲུང་དམག་ཡིན་པ་ནི་དེབ་ཐེར་དཀར་པོ་ལས། ཅོ་ནེ་པ་རྣམས་ནི་སྲོང་བཙན་གྱི་དམག་མི་ཡིན་ཚུལ་སོགས་ངག་སྒྲོས་ཀྱང་སྣང་། ལྷག་པར་ཡང་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་ནི་འབྲོག་སྡེ་ཁག་རྣམས་ཡིན་ཞིང་། ཁོང་རྣམས་འབྲོག་དུད་སྐོར་རེ་མཉམ་དུ་སྡོད་པ་ལ་ཡང་རུ་པ་དང་སྒར་ས་ཕན་ཚུན་སྤོ་བ་ན་ཡང་རུ་འགྲོ་བ་སོགས་ཀྱི་ཐ་སྙད་བྱེད་དེ། རུ་ནི་བརྡ་རྙིང་ལ་དམག་གི་དོན་ཡིན⑩ཞེས་དང་ལྷག་པར་དུ་ཅོ་ནེའི་ཤོ་བ་ཞེས་པའི་ཡུལ་ལུང་འདི་ནི་ཅོ་ནེ་རྫོང་ཁོངས་ཀྱི་ཤོ་བ་ཞེས་པའི་རུས་རྒྱུད་ཚོ་ཁག་ཅིག་ཡིན་པས། དེ་ནི་མདོ་སྨད་ཆོས་འབྱུང་ལས། ཀླུ་ཆུའི་བྱང་རྒྱུད་དུ་ཤོ་གྲུ་གུ་ཞེས་པའི་ས་མིང་ཞིག་བྱུང་བ་དང་། གནས་ཤོ་ཡུལ་དང་མི་ཤོ་བ་ཞེས་བཀོད་ཡོད། ཡང་དེ་ཉིད་ལས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས་པར་བཤད་པའི་བྱང་གྲུ་གུའི་རྒྱལ་ཁབ་ཀྱི་ས་ཆ་ཡིན་པར་གསུངས་པ་དང་། ཅོ་ནེ་རྫོང་གི་ལོ་རྒྱུས་དེབ་ཐེར་ལས། དུས་རབས་ལྔ་བ་ནས་དྲུག་པའི་དུས་སུ་དྲུ་གུའི་དམག་གིས་ཤིང་སྒོ་སོགས་ཀླུ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་མང་དུ་བརླག་པའི་ལོ་རྒྱུས་ལ་གཞིགས་ན11དྲུ་གུ་དམག་གིས་ཤིང་ཀུན(临洮)དང་བ་ཙེའམ་སྦྲ་ཚལ(临潭)སོགས་གཙོར་མཛད་པའི་རི་བོ་པདྨ་ཅན(莲花山)གྱི་ཉེ་འཁོར་དག་དབང་དུ་བསྡུས་པར་རྟོགས་ཐུབ་ལ། དེ་གའི་རུ་མིང་དང་ས་མིང་ནི་དྲུ་གུའི་མིང་དུ་ད་ལྟར་ཡོད་དེ་དྲུ་གུ་ཐང་ངམ་ལུ་རུ་ཐང་། དྲུ་གུའི་མཁར་དང་དྲུ་གུའི་འོབས་ཁ། དྲུ་གུའི་ཁོག དྲུ་གུ་མ་རུ་སོགས་ཀྱི་མིང་ཡོད། ཤོ་བ་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་ལག་བྲིས་ལས། ཤོ་བ་ཚོ་བ་ཐོག་མར་དྲུ་གུའི་ས་ཆར་གཞིས་ཆགས་ཡོད་ཅེས་གསུངས། དེ་བས་སྲོང་བཙན་གྱི་མཐའ་སྲུང་དམག་གམ་ཁྲི་རལ་བའི་སྐབས་ཀྱི་དཔྱ་ཁྲལ་བསྡུ་མཁན་དགའ་ཡེ་ཤེས་དར་རྒྱས་གང་ཡིན་རུང་དགའ་རིགས་ཞེས་པའི་རྒྱུད་འདི་ལས་མཐའ་སྲུང་གི་དམག་མིའི་ཁྱབ་ཆེ་བ་མངོན་ལ། དགའ་རིགས་འདི་གཙོ་གྲས་ཅོ་ནེ་དཔོན་ཁག་གི་རུས་ལ་བཤད་པ་ཡིན། ཅོ་ནེའི་ཆོས་སྲིད་ལོ་རྒྱུས་ལས། དུས་རབས་བདུན་པའི་ནང་། ཐུ་བྷོད་ཀྱིས་བྱང་ཐང་མི་རིགས་ཟླ་སྒྲིལ་བཏང་བ་སོགས་ལ་གཞིགས་ཚེ། ཐུ་བྷོད་ཀྱིས་ཤར་འདུལ་བྱེད་པའི་སྐབས་ཀྱི་དམག་ཁྲོད་དུ་སྔོན་ནས་མངའ་འོག་ཏུ་བཅུག་ཟིན་པའི་མི་རིགས་གཞན་གྱི་དམག་དག་ཀྱང་ཞུགས་ཡོད། དེ་མིན་བྱང་ཐང་ནི་དབུས་ཀྱི་བྱང་ཕྱོགས་དང་། བྱང་ཐང་གི་མི་ཐའོ་ཇུའི(洮州སྔོན་ཅོ་ནེ་དང་ཐེ་བོ་སོགས་ཀྱི་སྤྱི་མིང)ཕྱོགས་སུ་གནས་སྤོས་པ་ནི་ཐུ་བྷོད་ཀྱི་དམག་དམངས་ཤར་དུ་སྣུར་བ་དང་སྟབས་བསྟུན་གྱིས་འབྱོར་ཡོད་པ་རེད12ཅེས་བསྟན་འདུག དེ་བས་གནའ་བོའི་བཙན་པོའི་དུས་ཀྱི་དམག་མིའི་དམག་དོན་གྱི་ལས་སྣའི་ཁྲོད་ནས་ཡུལ་འདི་དག་ལ་ཞུགས་པའི་ཚུལ་གྱིས་ཅོ་ནེའི་བུམ་པ་ཐང་ཞེས་པ་ནི་ད་ལྟའི་རྒན་གྲས་ཁག་ཅིག་གིས་བོན་གཤེན་དག་གིས་གཡུལ་འཁྲུག་བྱེད་སྐབས་དགྲ་ལྷ་ཕོ་ལྷ་འགུག་པའི་ཆོ་ག་སྒྲུབ་གནས་ཡིན་པར་བཤད་པས་ད་ལྟ་ཐེ་བོའི་རྫོང་ཁོངས་སུ་གཏོགས་པས་བུམ་པ་ཐང་ལ་བོན་པོ་ཐང་ཞེས་འབོད་བཞིན་འདུག དེ་བཞིན་དམག་མིའི་མཚོན་ཆའི་རིགས་འགའ་ཡུལ་འདིའི་དད་མོས་ཀྱིས་དབང་གིས་ད་ལྟའི་ཅོ་ནེ་བུད་མེད་རྣམས་ཀྱི་རྒྱན་གོས་སུ་ཁྲབ་གོས་བཙགས་དྲུབ་མ་དང་ཁྱུང་མགོ་མ་དང་བཀྲ་ཤིས་ལྭ་རིང་། ཐིག་ཐིའུ་སུམ་བརྒྱ་དྲུག་ཅུ་ཅན་སོགས་གཙོས་པའི་རྒྱན་གོས་ཀྱིས་བོད་བཙན་པོའི་དམག་གི་ཆ་ལུགས་གོམས་སྲོལ་གྱིས་ཤན་ཤུགས་ཡོད་ཚུལ་མཚོན་ལ་དེ་ལས་ཀྱང་ཁྱུང་མགོ་སོགས་ཀྱིས་གནའ་བོའི་བོན་གྱི་ཤུལ་བཞག་རིག་གནས་ཀྱི་གནས་གལ་ཆེན་ཞིག་ཡིན་པ་རྟོགས་ནུས།
          ༢.སྲིད་པའི་བོན་ཡུལ་འདིར་དར་བའི་ཚུལ་བཤད་པ།
          དེ་ཡང་བོད་སྤྱི་ཚོགས་ཀྱི་འཕེལ་རིམ་དང་མཚུངས་པར་མདོ་སྨད་ཅོ་ནེའི་རྒྱུད་ཀྱི་གནས་འདིར་བོན་ཆོས་དར་བ་གནའ་སྔ་མོ་ནས་ཡོད་དེ། དེར་གཙོ་བོ་ཆབ་དཀར་དང་ཆབ་ནག ཐེག་པ་རིམ་དགུ་སོགས་རིམ་གྱིས་དར་བས་གཙོ་བོ་འཚེ་བ་ཆོས་སུ་བྱེད་པའི་དམར་མཆོད་དང་། གནས་སྐབས་སུ་ཕན་པར་ཤུགས་ཆེ་བའི་ཚེ་ལྷ་དང་གཡང་ལྷ་མཆོད་ཚུལ། རྒྱུའི་ཐེག་པ་ལས་སྲིད་པའི་བོན་དང་འབྲེལ་བའི་ཕྱྭ་གཤེན་ཐེག་པའི་མོ་དང་རྩིས། གཏོ་དང་དཔྱད་སོགས་ཀྱི་གནས་བབ་ཙམ་གྱིས་རྟོགས་པར་བྱའོ། །
          (༡)དམར་མཆོད་བྱེད་པའི་ཆོ་ག་སྤེལ་ཚུལ། དམར་མཆོད་ཀྱི་ལས་ནི་གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་ཡོད། དེ་ནི་སྲིད་པའི་རྒྱུད་བོན་དུ་བཤད་པའི་བཙན་བོན་དང་བདུད་བོན་གྱི་རིགས་སུ་གཏོགས། སྲིད་པ་སྤྱི་མདོས་ལས། བདུད་བོན་གྱི་དམར་ཐབས་ལ། ། གཤེན་རབ་ནི་ཅི་དགྱེས་ཏེ། ། ཆབ་པ་ནི་ཆོས་ལ་ཕབ། ། འབྲུ་དཀར་གྱི་གཏོར་མས་མཆོད། ། ཅེས་དམར་མཆོད་ཀྱི་ཆོ་ག་སྤེལ་ཚུལ་སྟོན་པ་གཤེན་རབ་ཀྱི་ཡར་སྔོན་ནས་ཡོད། རྒྱ་བོད་ཆོས་འབྱུང་ལས། དེ་ལ་རྨུའི་བོན་པོ་སྐྱེ་ངོ་མཚར་བྱ་བ། རྒྱལ་བོའི་སྐུ་གཤེན་པ་ཡིན་པས་ཁོ་ན་རེ། འདི་བོད་དར་བའི་རྟགས་ཡིན་པས་ཤ་ཁྲག་གིས་མཆོད་ཅིག་ཟེར་བ། སེམས་ཅན་གྱི་སྲོག་དང་དབུགས་ཀྱིས་མཆོད་པས་ནད་དང་ཐན་པ་བྱུང་ནས་ལོ་ཉེས་དང་མུ་གེ་བྱུང་བས་བཀྲ་མ་ཤིས།13ཞེས་བཞེད་པ་དང་ཐང་ཡིག་གསར་རྙིང་ལས། རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུ། དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད།14ཅེས་བཀོད་པ་དམར་མཆོད་ཀྱི་སྤྱོད་སྒོ་ནི་ཆོས་ལུགས་ཀྱི་ཆོ་ག་ལས་གཞན་དམག་དོན་སོགས་སུའང་ཡོད། དེ་བས་མདོ་སྨད་ཀྱི་ཡུལ་འདིར་དམར་མཆོད་ཀྱི་ཆོ་ག་སྤེལ་ཚུལ་ཤིན་ཏུ་རྒྱ་ཆེན་པོ་ཡོད་པ་རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་དང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་ཆབ་ནག་སྲིད་པའི་ལེའུ་ཡིག་ཆ་ལས་དམར་མཆོད་ཀྱི་ནང་དོན་འདྲེས་ཡོད་པ་དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པས་ཤེས། ལྷག་པར་དུ་ཡུལ་འདིར་དམར་མཆོད་ཀྱི་ཆོ་ག་སོགས་ཡོད་པ་ནི། ཅོ་ནེ་བསྟན་འགྱུར་དཀར་ཆག་ལས། ཆས་པའི་སྲིབས། གཤེན་ཚ་སྒང་གཤིས། བདེ་ཐང་སོགས་སུ་འཇིག་རྟེན་པའི་ལྷ་འདྲེ་སྐྱབས་སུ་འཛིན་ཅིང་། ཤ་ཁྲག་གི་མཆོད་སྦྱིན་ལ་མོས་པའི་བོན་པོ་རྣམས་མགོ་བ་ཡུམ་སྐྱབས་སོགས་བཏང་ནས་བོས་ཏེ། ཁྱེད་རྣམས་ཀྱིས་ལྟ་བ་ལོག་པ་འདི་དོར་ནས་ཡང་དག་པའི་ལྟ་བ་དང་ལྡན་པ་སངས་རྒྱས་ཆོས་ལུགས་ལ་ཞུགས་ཤིག15ཅེས་གསུངས་པ་ལྟར་ཡུལ་འདིར་ཅོ་ནེ་དཔོན་བློ་བཟང་དོན་གྲུབ་ཀྱི་དུས་སྐབས་འདིར་ད་དུང་གདོད་མའི་རྒྱུའི་བོན་དུ་གྱུར་པའི་དམར་མཆོད་ཀྱི་ཆོ་ག་ནི་ཡོད་པར་རྟོགས། དེ་ལྟར་མིའི་འདུ་ཤེས་སུ་སྔོན་གྱི་མེས་པོའི་བྱེད་ལུགས་ལྟར་ཡུལ་འདིར་དུས་ད་ལྟ་ཡིན་ནའང་རང་བྱུང་གི་གནོད་པའམ་མེ་ཤོར་སོགས་ཀྱི་དོན་རྐྱེན་བྱུང་ཚེ་མེ་ནང་དུ་ཁྱིའི་དམར་མཆོད་ཀྱི་ཚུལ་ཡོད་དེ། སྤྱི་ལོ༢༠༠༦ལོའི་དགུན་ཟླ་ར་བར་ཅོ་ནེའི་གཡང་ས་ཞེས་པའི་སྡེ་དེ་ནས་གཡང་དོན་ཚེ་རིང་ཟེར་བའི་ཁྱིམ་ཚང་ཞིག་ལ་མེ་ཤོར་བས་རྒན་པ་འཕགས་པ་སྐྱབས་ཀྱིས་ལྷ་གསོལ་ལོ་ཞེས་སྐད་རྒྱབ་ཏེ་ཁྱིམ་ཚང་གི་ཁྱི་ཆུང་ངུ་དེ་ནམ་ལ་བཏེགས་ཏེ་མཆོད་དོ་མཆོད་དོ་ཞེས་དམར་མཆོད་ཀྱི་ཚུལ་ལྟ་བུ་འདུག་ཅེས་སྡེ་མི་དོན་གྲུབ་ནས་བཤད། དེ་ལྟར་ན་ད་རུང་བོད་མིའི་འདུ་ཤེས་སམ་སྣང་ཚུལ་ལ་གནའ་བོའི་བོན་གྱི་དམར་མཆོད་ཀྱི་སྲོལ་ལུགས་ཙམ་ཡོད་པར་རྟོགས་སོ། །
          (༢)ལབ་ཙེ་ལ་གསོལ་མཆོད་བྱེད་ཚུལ། ལབ་ཙེ་ནི་ཡུལ་ལྷ་དང་དགྲ་ལྷ། ཚེ་ལྷ་དང་གཡང་ལྷ་སོགས་ལ་གསོལ་མཆོད་བྱེད་པའི་རང་རིགས་བོད་མི་རིགས་ཀྱི་ཆེས་ཐུན་མོང་མ་ཡིན་པའི་ཆོ་ག་ཞིག་ཡིན། ལབ་ཙེ་ཞེས་པའི་མིང་འདི་ནི་བརྡ་རྙིང་བ་ཞིག་སྟེ། ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར་ལས། ལབ་ཙེ་ཞེས་པའི་མིང་ཚིག་དེ་ཐོག་མར་ཞང་ཞུང་སྐད་ནས་ཡོང་བ་དང་དེའི་གོ་དོན་ནི་ཕོ་བྲང་ངམ་རྟེན་གནས་ཡིན་པར་ཁ་ཚོན་བཅད།16ཅེས་བཤད། དེ་ལ་ཡང་མིང་གི་རྣམ་གྲངས་ཀྱི་དབང་གིས་ཡུལ་ཅོ་ནེའི་བོད་མི་དག་གི་གྲོང་སྐད་མི་མཐུན་པས་ལབ་ཙེའི་མིང་འབོད་ཚུལ་ལ་ཀྱེ་ཏི་དང་ལོ་རྫེ། ལ་བཙས། ལབ་རོ་སོགས་ཡོད། རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། དགུང་ལོ་ཆེན་པོ་བདུན་གྱི་རིང་ལ། ཆུ་ལ་གྲུ་བཙུགས། ལ་ལ་ལབ་རྩས་བརྩིགས།17ཞེས་པ་དང་། ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར་ལས། ལ་ལ་ནི་བཙས་ཕུལ། མྱི་ལ་ནི་ཡོན་ཕུལ།18ཞེས་ལབ་ཙེའི་གོ་ཚུལ་མི་འདྲ་བ་རེ་ཡོད་འདུག ཡིག་ཆ་འགའ་ཤས་སུ་ལབ་ཙེ་ནི་བོད་རྗེ་གཉའ་ཁྲི་བཙན་པོ་ནས་ཡོད་པར་བཤད། དོན་དུ་སྲིད་པ་ཆགས་པའི་ལྷ་དགུ་དང་བླ་དད་བྱེད་པའི་དུས་ནས་བྱུང་ཡོད་པར་སྙམ། གནའ་བོའི་སྔ་རབས་ཀྱི་ལབ་ཙེ་རུ་འབྲོང་མགོ་དང་ལུག་མགོ རི་དྭགས་སོགས་ཀྱི་མགོ་དང་རྭ་སོགས་ཀྱིས་ལབ་ཙེ་བརྩིགས་པ་ཡོད་པས་ན་གནའ་བོའི་སྲིད་པ་རྒྱུད་བོན་གྱི་དམར་མཆོད་ཀྱི་སྤྱོད་སྒོ་ལྟ་བུ་ཡིན་པར་ཤེས་ནུས། དེ་བས་ཡུལ་འདིར་ད་ལྟའི་བར་དུ་ལབ་ཙེ་བསྟོད་པའི་སྲོལ་མ་ཉམས་པར་ཡོད་པ་ནི་ཡུལ་ལྷ་གཞི་བདག་དགྱེས་བྱེད་དང་ཚེ་འདིའི་བདེ་བ་ཁོ་ནར་འཕྲིན་ལས་བཅོལ་བའི་གཞི་ལྟ་བུར་བྱེད་པས་ཡིན།
          (༣)ཨ་མྱེས་ལེའུ་ཡིས་ཆོ་ག་སྤེལ་ཚུལ། དེའང་རྒན་པོ་བདེ་ཐང་བསོད་ནམས་ཀྱིས། གནའ་སྲོལ་མ་མཉམ་པའི་བོན་པོ་དེ་དག་ལ་ཅོ་ནེ་བདེ་ཐང་མ་རུ། བརྒྱ་ཆད། ཞིང་ཁམས། བ་ཞིག་སྒང་གྲོང་སྡེ་རེ་རེར་ཨ་མྱེས་ལེའུ་ཞེས་པ་ཞིག་ད་ལྟའི་བར་དུ་ཡོད། ཨ་མྱེས་ལེའུ་རྣམས་ཀྱི་ཆ་བྱེད་ནི་མགོ་བྱད་དོམ་རལ་བཅིངས་པ། ལག་ཏུ་སིལ་སྙན་དང་ཁྱུང་དབྱངས་འཛིན་པ། གོས་སུ་ཁྱུང་ཁྲ་བཀྲ་ཤིས་གྱོན་པ་དེ་དག་གིས་གཉེན་སྟོན་དུ་གཡང་འབོད་དང་གཡང་འགུགས། ཤི་བར་འདུར་ཐབས། མོ་བཏབ་ནས་ལེགས་ཉེས་འབྱེད་པ། གཏོ་འཕེན་བ། བླ་འགུགས་སོགས་གྲོང་སྡེའི་ནང་དུ་གོ་གནས་ཆེ་ཆུང་ངེས་ཅན་ཞིག་ཟིན་ཡོད། དེ་དུས་ཨ་མྱེས་ལེའུ་རྣམས་ལ་འདུ་ཁང་མེད་པས་བོད་ཟླ་གཉིས་པའི་ཚེས་བརྒྱད་ནས་ཚེ་བཅོ་ལྔའི་བར་དུ་གཏོ་བདལ་བའི་དུས་ཆེན་ཞིག་ཡོད་དེ། ཉིན་དེ་ལ་ཨ་མྱེས་ལེའུ་རྣམས་ཚོགས་ནས་གཏོ་རིགས་སྣ་ཚོགས་བཞེངས་ནས་གྲོང་བ་དང་མཉམ་དུ་གཏོང་བདལ་དགོས19ཞེས་བཤད། འདིར་བཤད་པའི་ལེའུ་ནི་ལྷེའུ་དང་དོན་མཐུན་ཏེ། ལྷ་ཆུང་ཆུང་ཞེས་པའི་དོན། དཔོན་གསས་ཞེས་པའི་བརྡ་རྙིང་། དཔོན་གསས་ནི་བོན་གྱི་བླ་མའི་དོན་དུ་འཇུག བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། ལུང་དང་ལྷེའུ་རྗེ་དག་ལ་བརྟེན་བྱས་ནས། ཚིག་གི་སྒྲོ་འདོགས་ཆོད་དང་དོན་དམ་ཆོད་ཅེས་པ་ལྟ་བུའོ། ། ཞེས་དང་། མིང་གི་རྣམ་གྲངས་སུ་ལྷ་བདག་ལེའུ། ལེའུ་ལྷ་གསལ། ང་ཚོའི་ཡུལ་སྐད་དུ་ཨ་མྱེས་ལེ་རོ། གནའ་མྱི་རལ་སྔགས་སོགས་ཡོད། དེ་བས་བོན་གྱི་ཡིག་ཆ་དག་ལས་དཔོན་གསས་སམ་ལེའུ་རྣམས་ཀྱི་འདོན་ཆ་གཙོ་བོ་ནི་ཆབ་དཀར་ཆབ་ནག་གཉིས་སུ་ཕྱེ་བའི་ཆབ་ནག་གཙོ་བོ་དང་། ཐེག་པ་རིམ་དགུ་ལས་རྒྱུའི་ཐེག་པ་གཙོ་བོ་བྱས་ཏེ་འཇིག་རྟེན་འདིའི་བདེ་སྡུག་གཙོ་བོ་གཉེར་བ་ཡིན་པར་གསུངས། ཕྱིས་སུ་སྟོན་པ་གཤེན་རབ་ནས་སྲོལ་ཕྱེ་བའི་གཡུང་དྲུང་བོན་གྱི་བསྟན་པས་བོད་ཁམས་ཡོངས་སུ་དགེ་སྡུག་སྤང་བླང་གི་ཆོས་ལུགས་ཡོངས་སུ་དར་རོ། །
          ༣.གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ།
          མདོ་སྨད་ཤར་ཕྱོགས་སུ་ཐོག་མའི་གཡུང་དྲུང་བོན་གྱི་ལོ་རྒྱུས་མདོར་བསྡུས་ཞེས་པ་ལས་སྟོན་པ་གཤེན་རབ་མི་བོ་ཆེ་རྫུ་འཕྲུལ་གྱིས་ཐེ་བོའི་དམུ་རི་སེང་གེ་རྫོང་དང་ཐེ་བོ་བྲག་དཀར་བྱ་རྒོད་སོགས་ལ་ཞབས་ཀྱིས་བཅགས་ཚུལ་དང་བོན་ཆོས་གཏེར་སྦས་བྱས་ཚུལ་སོགས་གསལ་བོ་བརྗོད་པས་ཡུལ་འདི་དག་ལ་ཐོག་མར་གཡུང་དྲུང་བོན་གྱི་བསྟན་པ་སྤེལ། དེ་ནས་གཤེན་ཆེན་ཁ་སྟེ་མུ་ཡ་ཡིས་བོན་བསྟན་སྤེལ་ནས་མདོ་སྨད་ཡུལ་གྱི་ཆུ་མགོ་ལྟ་བུར་གྱུར། རིམ་གྱིས་མདོ་སྨད་ཞིག་ཆེན་བཅོ་བརྒྱད་དང་འཕགས་པ་རྣམ་གསུམ། བུ་འབོར་གཡུང་དྲུང་བུ་བཞི་སོགས་ཀྱིས་བོན་དར་བར་བཤད། དེ་ནས་རིམ་གྱིས་ཅོ་ནེ་ཆས་པའི་རྒྱུད་དུ་གནས་གྲགས་ཅན་ཨ་མྱེས་དཔལ་རྒོད་ཀྱི་ཞབས་སུ་ཀ་རི་བཞི་མདོ་ཞེས་པའི་སར་བོན་གྱི་དགོན་པ་ཞིག་ཆགས། རླང་ཞིག་རྒྱལ་བ་བློ་གྲོས་དང་སྣང་ཞིག་དབང་གི་རྒྱལ་པོ། རྩེ་ཞིག་སྟོང་ཉིད་ཡེ་ཤེས་རྣམས་ཀྱི་མ་དགོན་དུ་གྱུར། དགོན་དེའི་ཕྱག་འདེབས་པ་པོ་ལ་དཔྱད་པ་མང་མོད་ཅོ་ནེ་ཆས་པ་རང་ས་ནས་འཁྲུངས་པའི་བེ་རི་ཁྲོག་གཤེན་རྒྱལ་མཚན་གྱིས་བཏབ་པར་གྲགས། ཁྲོག་གཤེན་སྤྲུལ་སྐུ་རྒྱལ་མཚན་ནི་ཅོ་ནེའི་རང་ས་ནས་ཡིན་ཏེ། འདི་དང་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་གཉིས་གང་ཟག་གཅིག་མིན་པར་སྙམ། ཕལ་ཆེར་སྤྱི་ལོ༡༠༠༠ཡན་ཙམ་ལ་བཏབ་པར་སྙམ། རླང་ཞིག་སྣང་ཞིག རྩེ་ཞིག་སྟེ་གཡུང་དྲུང་སྡེ་བདག་བདུན་ཏེ་རླང་ཞིག་གཉིས། སྣང་ཞིག་གཉིས། མཁར་རྩེ་རི་ལག་གཉིས། རྩེ་དབུས་བཅས་ཚོ་ཁག་བདུན་བྱུང་། དེ་ལྟར་ན་བོན་དགོན་ཀ་རི་བཞི་མདོའམ་ཆས་པ་དགོན་ཆེན་ཞེས་པ་ཞིག་ཆེན་བཅོ་བརྒྱད་ལས་འགའ་ཤོས་ཀྱིས་མཉམ་དུ་དགོན་པ་གཅིག་ཏུ་གནས་གཞི་བཟུང་ནས་གདུང་རྒྱུད་སྤེལ་བ་ཡོད། གཞན་ཡང་མདོ་སྨད་ཆོས་འབྱུང་ལས། རྩེ་ཞིག་ལུག་གུ་དཀར་མགོ་དང་སངས་རྒྱས་དམ་པ་གཉིས་ལ་མངོན་ཤེས་མངའ་བས་ཤར་ཕྱོགས་མདོ་ཁམས་སྨད་དུ་གདུལ་བྱ་ཡོད་པར་གཟིགས་ནས་ཕྱོགས་འདིར་བྱོན། སྔ་མའི་རྒྱུད་དུ་རྗེའི་དངོས་སློབ་རོང་བོ་ལྗགས་ནག་པ་སོགས་བྱུང་། ཕྱི་མའི་རྒྱུད་པ་ཁྲ་ཤུལ་བྱམས་ཤུལ་གཉིས་སུ་གྱེས་པའི་སྔ་མ་ཀླུ་ཆུའི་རྒྱུད་ཀྱི་རྩེ་དབུས་ཡིན། དེ་ནི་ཅོ་ནེའི་བདེ་ཐང་ཁོག་གི་རྩེ་དབུས་དེ་ཡིན་པས་ལོ་རྒྱུས་ཤིན་ཏུ་རིང་། དེ་ན་ཅོ་ནེའི་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་བ་ཤིན་ཏུ་སྔ་ལ། ལྷག་པར་དུ་ཆས་པ་དགོན་ཆེན་ནམ་ཀ་རི་བཞི་མདོའི་བོན་དགོན་དེར་གྲྭ་གྲངས་སུམ་སྟོང་ལ་ཉེ་ཚུལ་ཀན་ལྷོའི་བོན་དགོན་ལོ་རྒྱུས་སུ་གསལ། དེ་ནས་དགོན་པ་ལ་ཆག་འཇིག་གང་མང་བྱུང་ནས་ཆས་པ་དགོན་ཁག་ལྔ་བྱུང་། དེ་དག་ནི་ཆས་པ་ཀོང་བུ་དགོན། ཆས་པ་ཀླུ་ཆུང་དགོན། ཆས་པ་ཡ་རུ་དགོན། ཆས་པ་རྒྱ་མཁར་དགོན། ཆས་པ་དར་དགེ་དགོན་བཅས་ལྔ་ཙམ་གྱེས། གཞན་ཅོ་ནེའི་བོན་ཙ་རི་ཁྲོད་དང་སུམ་པ་རི་ཁྲོད། དགོན་ལི་རི་ཁྲོད། མཁར་ཆེན་རི་ཁྲོད། སྟག་ཚང་རི་ཁྲོད། སྒར་རྙིང་རི་ཁྲོད་རྟོགས་ལྡན་གླིང་། སྤོས་ལུང་ཞྭ་ནག་དགོན། བྲག་ལྕོག་ཐང་རི་ཁྲོད། གཤེན་ཚལ་རི་ཁྲོད་སོགས་མང་བོ་ཡོད་པས་གཡུང་དྲུང་བོན་གྱི་གཞི་གསུམ་ཉམས་ལེན་དང་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་བར་བཤད། ཡིན་ནའང་ཆས་པ་དགོན་ཁག་ལྔ་བོ་དུས་འགྱུར་གྱི་དབང་གིས་ད་ལྟའི་གྲུབ་མཐའ་དགེ་ལུགས་དང་གཞན་རི་ཁྲོད་དག་ཡོད་མེད་ཅི་རིགས་འདུག ཡོད་ཀྱང་དགེ་ལུགས་པའི་གྲུབ་མཐའ་ལས་གཞན་མེད། དེ་ན་ད་ལྟ་ཅོ་ནེའི་ཡུལ་དུ་བོན་པོའི་ཕྱག་ལེན་གནས་པ་ནི་ཅོ་ནེའི་བོན་པོ་གྲྭ་ཚང་ཞེས་ཀླུ་ཆུང་སྟག་ཚང་དགོན་པའི་སྔར་གྱི་གནས་རྒྱ་མཁར་ཞེས་པར་ལྷ་ཁང་འདུ་ཁང་གཅིག་ཡོད་པ་དང་། དེར་བོན་གྱི་བཀའ་རྟེན་དང་སྔོན་གྱི་རྟེན་རྙིང་འགངས་ཆེན་བཅོ་བརྒྱད་ཙམ་གཉེར་ནས་གཞི་གསུམ་གྱི་ཕྱག་ལེན་ཆེར་དར་མེད་མོད། དུས་བཞིའི་ཆོ་ག་གཙོ་འཕགས་ཟླ་བ་རྒྱལ་མཚན་གྱི་ལུགས་བཟུང་ནས་བྲུ་ཡི་ཆོ་ག་ཕྱག་ལེན་རྒྱུད་འཛིན་བྱེད་མོས་སུ་ཡོད།
གསུམ། ཅོ་ནེའི་སར་བོན་བསྟན་ནུབ་པའི་ཚུལ་བཤད་པ།
          ཡུལ་འདིར་བོན་བསྟན་དར་བ་ཤུགས་ཆེ་བ་ལྟར་ནུབ་པའང་དེ་ལྟར་ལགས། དེ་ནུབ་པའི་ཚུལ་ནི་གྲུབ་མཐའི་དབང་གིས་ཡིན་པར་སྙམ།
          ༡.གྲུབ་མཐའ་ཁག་གི་བྱུང་རིམ་ལས་བོན་དགོན་ཉམས་པར་གྱུར་པ།
          མདོ་སྨད་ཅོ་ནེའི་ཡུལ་འདིར་གནའ་བོའི་བོན་དང་གཡུང་དྲུང་བོན་དར་བ་ལས་རིམ་གྱིས་སྟོན་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ལས་བོད་མིའི་སྐྱེས་ཆེན་ཁག་གི་བློ་རིག་ལས་རྙིང་མ་པ་དང་བཀའ་གདམས་པ། བཀའ་བརྒྱུད་པ་དང་ས་སྐྱ་པ། དགེ་ལུགས་པ་སོགས་ཡུལ་འདིའི་སྐལ་བར་ཤར། གྲུབ་མཐའ་འདི་དག་བརྒྱུད་པས་ཅོ་ནེའི་སྔར་དར་གྱི་བོན་དགོན་དང་བོན་གྱི་བསྟན་པ་རིམ་གྱིས་ཉམས་དམས་སུ་གྱུར་པས་གཙོ་བོ་ཅོ་ནེ་དགོན་ཆེན་དང་བྲག་ཡེར་དགོན། ནགས་མདོ་དགོན་སོགས་བཏབ་ནས་བོན་པོའི་གྲུབ་མཐར་ཤུགས་རྐྱེན་ཆེན་པོ་ཐེབས་པ་འདི་ལྟར།
          (༡)རྙིང་བཀའ་ས་གསུམ་གྱི་གྲུབ་མཐས་བོན་ལ་ཤུགས་རྐྱེན་ཐེབས་པ། ཡུལ་འདིར་རྙིང་བཀའ་ས་གསུམ་གྱི་དགོན་པ་མང་པོ་དང་རི་ཁྲོད་སོགས་དར་བ་ཤུགས་ཆེ་མོད། དེ་ལས་ཅོ་ནེ་དགོན་མ་བཏབ་པའི་ཡར་སྔོན་ནས་ཅོ་ནེ་དགོན་པའི་རི་རྩར་བོན་དགོན་ཞིག་ཡོད་པ་དང་།བླ་སྤྲུལ་རྒྱ་ལུང་བའི་སྔགས་གྲྭ་ཅོ་ནེ་མདོར་ཚུགས་པ་དང་རིམ་གྱིས་གུར་ཆེན་དཔའ་བོ་ཚལ་ལ་སྤོས་པ་དང་། དེ་ནས་མ་འཚམས་པར་མཁར་མོ་ཆེར་སྤེལ་བ་སོགས་ཀྱིས་ད་ལྟ་ཅོ་ནེའི་རྙིང་དགོན་གཅིག་པུར་གྱུར། དེ་དག་གིས་བོན་གསར་རྙིང་གི་དབྱེ་བ་ཕྱེ་ཞིང་ཕན་ཚུན་བསྲེས་པའི་ཆོ་ག་སྒྲུབ་ལུགས་སོགས་ཀྱིས་ཁྱ་དགེ་དང་ཐའོ་ཇོའུ། སྣ་ལུང་། ཆས་པའི་ཁོག་གི་བོན་མང་པོ་ཞིག་རྙིང་མར་བསྲེས་པ་དང་། དེ་ནས་ཅོ་ནེའི་སར་དགོན་ཁག་ཆེན་པོ་ལྔ་ཞེས་འདྲེན་པ་སྟེ། མདོ་སྨད་ཆོས་འབྱུང་ལས། ཅོ་ནེ་ཞེས་བྱའི་ས་ཡི་ཐིག་ལེར་ནི། ། ཅོ་ནེ་ཁག་ལྔའི་ཐོག་མ་ཡེར་བའི་དགོན། ། ཨ་ཏི་ཤ་དང་ཐེས་སེ་ཚངས་ཡན་གྱི། །བུ་སློབ་ཀྱིས་བཏབ་བྱིན་གྱིས་བརླབས་པའི་གནས། །ཞེས་གསུངས་པ་ལྟར་ཡེར་བ་དགོན་བསམ་གྲུབ་གླིང་ཞེས་རྗེ་མཉམ་མེད་ཇོ་བོ་ཆེན་པོའི(༩༨༡ ༡༠༥༤)དངོས་སློབ་རིག་གནས་ལྔར་མཁས་པ་ཞིག་གིས་བཏབ། དེ་ནས་ལོ་ཉིས་བརྒྱ་བཅུ་ཕྲག་གཅིག་ལ་ཉེ་བའི་ཚོད་རྗེ་བདག་ཉིད་ཆེན་པོ(༡༣༥༧ ༡༤༡༩)འཁྲུངས། ཡང་ལོ་རྒྱུས་ཁ་ཤས་སུ་རྒྱའི་ཟོན་ལྷོ་མའི་ཧྲོ་ཞིན་ཁྲི་རབས་སྐབས(༡༡༢༡ ༡༡༦༡)བཏབ་ཀྱང་ཟེར། ཞེས་གསུངས་པ་ལྟར་ན། ཧ་ལམ་རབ་བྱུང་གསུམ་པའི་ལོ་མགོ་མེ་ཡོས་ཏེ་སྤྱི་ལོ༡༡༤༧ལོ་ལ་ཀརྨ་བཀའ་བརྒྱུད་ཀྱི་ཆོས་སྡེ་ཞིག་ཕྱག་འདེབས་མཛད་པ་དང་ཨ་ཏི་ཤའི་སློབ་མ་ཞིག་གིས་བཀའ་གདམས་པར་བཅོས་ནས་ཡུན་རིང་འདས་པར་གྲགས། དེ་རྗེས་འགྲོ་མགོན་འཕགས་པ་མཆོག་དང་བློན་ཆེན་ཡར་ཀླུང་ཁྲི་ཆེན་རྣམ་པ་ཟུང་གིས་གནས་གཟིགས་དང་ཞལ་བཀོད་ལྟར་བོད་ཡུལ་ས་སྐྱའི་དགོན་ལག་བརྒྱ་དང་བརྒྱད་ཀྱི་གྲས་སུ་བཅུག་ཀྱང་། དེ་ནས་རྗེ་བྱམས་ཆེན་ཆོས་རྗེའི་བཀའ་དང་ཅོ་ནེའི་ས་སྐྱོང་གི་དམིགས་འདུན་ལས་ཁོང་གིས་ཀྱང་དགེ་ལུགས་སུ་བསྒྱུར། སྤྱི་ལོ༡༠༠༠ཡས་མས་ཙམ་གྱི་ཅོ་ནེའི་བོན་དགོན་ཀ་རི་བཞི་མདོ་ན་གནས་པའི་དགོན་ཆེན་དེ་ལ་རིམ་གྱིས་གྲུབ་མཐའི་ཤུགས་རྐྱེན་སྣ་ཚོགས་བྱུང་བ་རྟོགས་ནུས། དེ་ནས་ཅོ་ནེ་དགོན་དང་ནགས་མདོ་དགོན་སོགས་བཏབ་ནས་ཅོ་ནེའི་སར་ཕལ་ཆེར་ས་སྐྱ་པའི་གཞི་བཟུང་བར་གྲགས། མདོ་སྨད་ཆོས་འབྱུང་ལས། འགྲོ་མགོན་འཕགས་པ་གདན་དྲངས། རྫུ་འཕྲུལ་གྱིས་དད་རྒྱལ་པོ་དད་པར་བྱས་ཏེ་དབང་བསྐུར། གཡེར་མོ་ཐང་གི་སའི་ཆ་ཤིང་ཀུན་དང་། རྒྱ་བོད་ཀྱི་ས་མཚམས་ཆུ་མ་མཁར་སོགས་སུ་ཕེབས། རྒྱལ་པོས་སྨན་རྩེ་བཅོམ་པའི་སྡིག་བཤགས་སུ་ཕོ་བྲང་ནས་ལྷོ་ནུབ་མཚམས་སུ་དགོན་པ་བརྒྱ་རྩ་བརྒྱད་བཞེངས་སུ་བཅུག་པས་ཅོ་ནེ་ཁག་ལྔ་སོགས་བྱུང་།འཕགས་པའི་གྲྭ་ཆེན་བཞིས་མདོ་སྨད་ལྷོ་རྒྱུད་ཀྱི་བོན་རྣམས་བསྒྱུར་ཏེ་སོ་སོའི་གནས་གཞི་བརྩིགས།20ཞེས་པ་ལྟར་ཅོ་ནེའི་ཉེ་འཁོར་དུ་ས་སྐྱའི་དགོན་ཁག་ལྔ་དང་བོན་གྱི་ཆོས་དད་སོགས་ས་སྐྱ་པར་བསྒྱུར། བྱ་ཁྱུང་གདན་རབས་ལས། འཕགས་པའི་གྲྭ་ཆེན་བཞིས་རྨ་ཆེན་གངས་ལ་ཐུག་པའི་བར་གྱི་མདོ་སྨད་ཀྱི་བོན་མཐའ་དག་བན་དེར་བསྒྱུར་བ་སོགས་ཕྱག་རྗེ་ཆེ།21ཞེས་པ་ཅོ་ནེའི་སར་བན་བོན་ཤེས་རིག་གི་གྲུབ་མཐའ་མང་པོས་ཕར་བསྒྱུར་ཚུར་བསྒྱུར་བྱས་པས་བོན་བསྟན་གྱི་རི་ཁྲོད་དང་དགོན་པ་ཇེ་ཉུང་དུ་གྱུར། ལྷག་པར་དུ་ཀ་རི་བཞི་མདོའི་བོན་དགོན་ལ་གྲུབ་མཐའི་རྩོད་གླེང་གིས་དགོན་གནས་སྤོ་བ་སོགས་འཐོར་ཞིག་གི་མགོ་ཚུགས་པར་འདུག
          (༢)དགེ་ལུགས་པའི་གྲུབ་མཐས་བོན་བསྟན་ཉམས་པར་ཤུགས་ཆེན་ཐེབས་པ། ཤར་ཙོང་ཁ་པ་ཆེན་མོ་རྗེ་བློ་བཟང་གྲགས་པ་བོད་ཡུལ་དུ་སྤྱི་ལོ༡༣༥༧ལོར་སྐུའི་མཛད་པ་བསྟན་ནས་རིམ་གྱིས་ཐོས་བསམ་སྒོམ་གསུམ་གྱི་མཐའ་ཡོངས་སུ་རྫོགས་ཏེ་དགེ་ལྡན་པའི་གྲུབ་མཐའི་སྲོལ་ཕྱེ། རྗེའི་དངོས་སློབ་ལ་གསེར་གྱི་རི་བོས་བོད་ཡུལ་ཡོངས་སུ་བསྐོར་བས། སྨད་ཙོང་ཁ་དང་ཅོ་ནེའི་རྒྱལ་ཁམས་སོགས་སུ་དགེ་ལྡན་པའི་གྲུབ་མཐའ་ཡོངས་སུ་དར། ཅོ་ནེའི་ཆོས་རྗེ་རིན་ཆེན་ལྷུན་པོས་ཅོ་ནེ་དགོན་ཆེན་ཞེས་ས་སྐྱ་པའི་ལུགས་ཏེ་དགེ་ལུགས་པའི་གྲུབ་མཐར་བསྒྱུར་བ་ནས་ཡུལ་འདིར་དགོན་ཁག་མང་པོ་དགེ་ལུགས་པར་བསྒྱུར། ལྷག་པར་དུ་དགོན་ཆེན་འདིའི་དགོན་ལག་བཞི་བཅུ་ཞེ་གྲངས་ཤིག་དུས་ལྟར་རིམ་གྱིས་བསྒྱུར། དེ་ནས་རྒྱལ་བ་བསོད་ནམས་རྒྱ་མཚོའི་དུས་སུ་ཅོ་ནེའི་ཡུལ་དུ་བོན་གྱི་འདུས་སྡོད་ཤིན་ཏུ་མངའ་བའི་ཆས་པ་དགོན་ཆེན་ཞེས་སྔར་བོན་གྱི་མཁས་གྲུབ་རླང་ཞིག་རྒྱལ་བ་བློ་གྲོས་དང་སྣང་ཞིག་དབང་གི་རྒྱལ་པོ། རྩེ་ཞིག་སྟོང་ཉིད་ཡེ་ཤེས། ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན་བཅས་ཀྱི་སྤྱི་དགོན་དུ་གྲགས་པ་དེ་སྤྱི་ལོ༡༥༩༣ལོར་ཕལ་ཆེར་དགེ་ལུགས་སུ་བསྒྱུར་བ་དང་། དེ་ནས་བསྟན་པ་ཡར་འཕེལ་བྱ་བས་དགོན་གནས་བདེ་ཐང་རི་བོ་ཆེར་སྤོས། སྤྱི་ལོ༡༧༠༣ལོ་ནས་དགོན་པ་འཐོར་ཞིག་ཏུ་གྱུར་པས་ཀོང་བུ་ནང་དང་ཀླུ་ཆུང་། བདེ་ཐང་།རྒྱ་མཁར། དར་དགེ་སོགས་དགོན་ཁག་ལྔར་གྱེས་པས་ལ་ཤས་བན་བོན་འདྲེས་མ་བྱས་ཏེ་བསྐྱངས་པས་འཁྲུག་རྩོད་གང་མང་གིས་ད་ལྟ་དགེ་ལུགས་པའི་གྲུབ་མཐའ་འཛིན་པ་ཆས་པ་དགོན་ཁག་ལྔ་དང་། དེ་དག་གི་སྔ་སྲོལ་འཛིན་པ་ཅོ་ནེའི་བོན་པོ་གྲྭ་ཚང་ངམ་ཀོག་རྟ་གཡུང་དྲུང་དར་རྒྱས་གླིང་ཞེས་པ་འདུ་ཁང་ཆེན་མོ་གཅིག་སོགས་བཞེངས་ནས་ཆོ་ག་ཕྱག་ལེན་བྲུ་ལུགས་ལྟར་འཛིན་པ་ལས་ལྷ་སྡེ་མང་པོ་མེད་ཀྱང་ནུས་པ་ཅི་ལྕོགས་ཀྱིས་དར་འཕེལ་གྱི་སྒང་ལགས་སོ། །
          ༢.ཅོ་ནེ་དཔོན་པོས་བོན་ལ་དམན་པར་བྱས་པ།
          ཅོ་ནེ་དཔོན་པོ་སྐུ་རབས་རིམ་བྱོན་ནི་ཡུལ་འདིའི་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་བ་ནི་ཅོ་ནེ་བསྟན་འགྱུར་དཀར་ཆག་ལས། ས་སྐྱའི་དགེ་བཤེས་ཤེས་རབ་ཡེ་ཤེས་ཀྱིས་བོད་ཀྱི་མགོ་འཛིན་དང་། བསྟན་པའི་སྦྱིན་བདག་གིས་གསུངས་ནས་དགོན་པའི་ལྷ་ཁང་དང་བཅས་པ་དཔོན་པོ་སྤྱང་ཐཱི་ལ་གཏད་དོ། །22ཞེས་པས་ཅོ་ནེའི་ཆོས་སྲིད་ཀྱི་ལྟེ་བར་གྱུར། དེ་ནས་དཔོན་བློ་བཟང་དོན་གྲུབ་ཀྱི་དུས་སུ་ཡུལ་འདིར་བན་བོན་འཐབ་རྩོད་ཀྱི་ཤུགས་ཆེ་སྟེ། ཅོ་ནེ་བསྟན་འགྱུར་དཀར་ཆག་ལས། ཐེ་བོའི་ཁོག་ཏུ་ཆོས་མ་དར་ཞིང་མི་རྣམས་སྡིག་པ་ལ་དགའ་བས་ཁྲིམས་དང་འགལ་བ་མང་དུ་བྱས་པར་བརྟེན། མ་རུངས་པ་རྣམས་ཚར་གཅོད་པ་དང་། ཕྱོགས་དེར་དམ་པའི་ཆོས་ཀྱི་སྲོལ་ཡང་གསར་དུ་བཏོན་པར་བྱའོ་སྙམ་དུ་དགོངས་ནས། དམག་གི་དཔུང་མང་པོ་དང་བཅས་དེར་བྱོན།23ཞེས་སྔོན་ཅོ་ནེའི་གྲས་སུ་ཐེ་བོའི་ཁོག་གི་བོན་རྣམས་དང་འཐབ་པས་མི་མང་བོ་བསད་པ་དང་། བོན་པོའི་ལས་བྱེད་བྱ་མཁན་གཙོ་བོ་དག་བཟུང་བས་བོན་བཅོམ། དེ་བཞིན་མདོ་སྨད་ཆོས་འབྱུང་ལས། ཐེ་བོ་རྣམས་ཆོས་མ་དར་ཞིང་སྡིག་སྤྱོད་ལ་དགའ་བར་དམག་བརྒྱབ། འབངས་སུ་བཅུག་ནས་ཆོས་དར་བར་བྱས།24ཡང་དེ་ཉིད་ལས། ཅོ་ནེ་དཔོན་པོ་བློ་བཟང་དོན་གྲུབ་དང་བདེ་ཐང་མཁན་པོ་ཚངས་དབྱངས་པ་མཆོད་ཡོན་གྱིས་བོན་སྡེ་ཁག་ལྔ་ཡོད་པ་རྣམས་དགེ་ལུགས་པར་བསྒྱུར། 25ཞེས་པ་བཞིན། བླ་མ་དཀར་པོའི་རྣམ་ཐར་ལས། དབུས་གཙང་གཉིས་ཀྱི་གཙང་ཕྱོགས་ཆས་པའི་རིགས་ལས་ཆད་པའི་བོན་གྱི་བླ་ཆེན་རླང་ཞིག་རྒྱལ་བ་བློ་གྲོས། སྣང་ཞིག་དབང་གི་རྒྱལ་པོ། ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན། རྩེ་ཞིག་སྟོང་ཉིད་ཡེ་ཤེས་སོགས་ཆུ་ལ་ཉ་ལྟར་འཛུལ་ཞིང་གནམ་ལ་བྱ་ལྟར་འཕུར་བ། ཕ་བོང་འདམ་ལྟར་བརྫི་ཞིང་། ཉི་མའི་འོད་ཟེར་ལ་ཆིབས་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་ཐོབ་པའི་གྲུབ་ཐོབ་མང་དུ་བྱོན་པའི་རྒྱུད་པ་ཡིན་ཞིང་། དེ་ཡང་རླང་ཞིག རྩེ་དབུ། མཁར་རྩེ་སོགས་སྔོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོད་ཡོན་གྱི་བཀས། ནང་བའི་བསྟན་ལ་བཅུག་ཅིང་རང་རང་གི་ལྷ་ཁང་མི་ནུབ་རྒྱལ་མཚན་ཁང་། མི་འགྱུར་གཡུང་དྲུང་ཁང་། ལྷུན་གྲུབ་བཀྲ་ཤིས་ཁང་། མི་འགྱུར་བསེ་མཁར་ཁང་རྣམས་ཕུལ་ཞིང་།འཕགས་པ་མཆོད་ཡོན་ནས་ཐུབ་སྐུ་གླང་དར་ཁྲིམས་ཕོག་མ་སོགས་རྟེན་སྐལ་མང་དུ་བསྩལ། དེ་ལྟར་དམ་པ་འདི་ཉིད་དང་། ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན་གྱི་གཞིས་ཀ་རང་གི་ཕ་ཁྱིམ་གཉིས་བོན་གྱི་གྲུབ་མཐའ་མ་འགྱུར་བར་གནས་འདུག་པ། སྐྱབས་རྗེ་ཉིད་ཆེན་པོ་ཧོར་གྱི་ཡུལ་དུ་བཞུགས་སྐབས་གསུང་འཕྲིན་བསྐུར་ཏེ། བླ་བྲང་སྐྱབས་མགོན་རིན་པོ་ཆེར་ཞུས་ཏེ། བོན་གྱི་གྲུབ་མཐའ་བསྒྱུར་ཅིག་ཅེས་བཀའ་ཕེབས་བཞིན་ཞུས་པས། གོང་ས་མཆོག་ནས་མགོན་པོའི་ཞལ་ཐང་བྱིན་ཅན་ཞིག་གནང་སྟེ། ལྷ་རྟེན་ཚང་མ་ཆུ་ལ་བསྐྱོན་ཞེས་བཀའ་སྩལ་བཞིན། སྐྱེལ་མི་རྣམས་ཀྱིས་རྟེན་རྣམས་ཆུ་ལ་བསྐུར་ནས་ཕྱིར་སླེབས་པ་ན། ནུ་བོ་དཀོན་མཆོག་ཚེ་རིང་གི་ཆུང་མ་གློ་བུར་གཟེར་ནད་ཀྱིས་དབུགས་ཆད་ལ་ཁད་དུ་གྱུར། ཞལ་ཐང་དེ་མཆོད་ཁང་ནང་དུ་བཀྲམ་པ་ཙམ་གྱིས་རང་ཞིར་སོང་།26ཞེས་སོགས་ལ་གཞིགས་ན་ཅོ་ནེའི་བོན་སོགས་དཔོན་བློ་བཟང་དོན་གྲུབ་ནས་ཡོངས་སུ་བཅོམ་པར་ངེས་སོ། །
          མཇུག་སྡུད་པ།
          གོང་ཞུས་ལྟར་ཡུལ་འདིའི་བོན་བསྟན་དར་ནུབ་དེ་གཙོ་བོ་དུས་ཀྱི་དགོས་དབང་དང་མངའ་ཐང་ལྟར་འཕེལ་འགྲུབ་བྱུང་བ་དང་། དེ་བས་ཀྱང་ཅོ་ནེའི་དཔོན་པོའི་དྲག་ཞི་དང་དགེ་ལྡན་པའི་ཤུགས་ཆེ་བའི་སྟབས་ཀྱིས་ཉམས་རྒུད་དུ་གྱུར་པ་ཡིན་ལ། ད་རུང་དམངས་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས། ཡུལ་ཕྱོགས་གཞན་པའི་ཤུགས་རྐྱེན་སོགས་གང་མང་ཐེབས་པར་སྙམ་པས་གྲོས་འདོན་གྱི་ཚུལ་དུ་ཕུལ་བ་ལགས་སོ། །
          མཆན། 
          ①བྱང་ཆུབ་གཞོན་ནུ་དཔའ་བོ་ནོར་བཟང་། གསེར་གྱི་ལྡེ་མིག། བྲག་ཡེར་དཔེ་རྙིང་བསྡུ་བསྒྲིགས་ཁང་གིས་དཔར། ཤོག་ངོས༨༦རུ་གསལ།
          ②ཀུན་མཁྱེན་འཇིགས་མེད་དབང་བོ། ཅོ་ནེའི་བསྟན་འགྱུར་དཀར་ཆག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༣༥༥རུ་གསལ།
          ③ 林恩桑戴克著 陈廷璠译 《世界文化史》2005年三联出版社 详见82页
          ④ནམ་མཁའི་ནོར་བུ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། ༡༩༨༩ལོ་དཔར་མ། མ་ཡིག་བྲིས་མ། ཤོག་ངོས༡༩ནས༢༠རུ་གསལ།
          ⑤ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། ༡༩༨༩ལོ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༦༣རུ་གསལ།
          ⑥ཧོར་གཙང་འཇིགས་མེད། མདོ་སྨད་ལོ་རྒྱུས་ཆེན་མོ། ཤོག་ངོས༧༠རུ་གསལ།
          ⑦ དོན་གྲུབ་ལྷ་རྒྱལ་གྱིས་སྒྲིག གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས༢༣རུ་གསལ།
          ⑧ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད།
          ⑨ཚེ་རིང་ཐར་གྱིས་བསྒྲིགས། བོན་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས། ༢༠༡༡ལོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༦༨༤རུ་གསལ།
          ⑩དགེ་འདུན་ཆོས་འཕེལ། དེབ་ཐར་དཀར་པོ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༠ནས༡༡ཏུ་གསལ།
          11.མགོན་པོ་དབང་རྒྱལ། ཅོ་ནེའི་ལོ་རྒྱུས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༢༤ནས༢༩རུ་གསལ།
          12.སྐུ་ཞབས་ཡཱང་ཧྲི་ཧོན(杨世宏)གྱིས་བསྒྱུར། ཅོ་ནེའི་ཆོས་སྲིད་ལོ་རྒྱུས། ༡༩༨༥ལོའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་ཁང་། ཤོག་ངོས༨༩ནས༩༡རུ་གསལ།
          13.མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༢༣༨རུ་གསལ།
          14.དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༩རུ་གསལ།
          15.ཀུན་མཁྱེན་འཇིགས་མེད་དབང་བོ། ཅོ་ནེ་བསྟན་འགྱུར་དཀར་ཆག བླ་བྲང་ཤིང་དཔར་མ། ལྡེབ་ངོས༣༦༤རུ་གསལ།
          16.དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༣༤༦རུ་གསལ།
          17.མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༢༥༤རུ་གསལ།
          18.དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༣༤༨རུ་གསལ།
          19.བཅར་འདྲི་བྱེད་ཡུལ་བདེ་ཐང་བསོད་ནམས། ཕོ། ས་གནས་ཅོ་ནེ་རྫོང་བདེ་ཐང་གྲོང་། ལོ༨༣ཡིན། ཆོས་རྒྱུན་བོན་ཆོས།
          20.བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། ༡༩༨༢ལོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༢༡རུ་གསལ།
          21.མཁས་དབང་ཚེ་ཏན་ཞབས་དྲུང་། བྱ་ཁྱུང་གདན་རབས། ༡༩༨༩ལོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༡༠༥རུ་གསལ།
          22.ཀུན་མཁྱེན་འཇིགས་མེད་དབང་བོ། ཅོ་ནེ་བསྟན་འགྱུར་དཀར་ཆག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༣༥༤རུ་གསལ།
          23.ཀུན་མཁྱེན་འཇིགས་མེད་དབང་བོ། ཅོ་ནེ་བསྟན་འགྱུར་དཀར་ཆག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༣༢༢རུ་གསལ།
          24.བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། ༡༩༨༢ལོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༦༢རུ་གསལ།
          25.བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། ༡༩༨༢ལོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༦༢༥རུ་གསལ།
          26.སྐལ་བཟང་ལེགས་བཤད། རྗེ་བཙུན་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས༢༥༥རུ་གསལ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716