སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
སྤེལ་དུས། 2017-11-09   ཡོང་ཁུངས། བཙན་པོའི་མགར།   རྩོམ་པ་པོ།  
                              རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
                              རྨད་བྱུང་ལྷག་བསམ་སྟོབས་ལས་འཁྲུངས་པ་ཡི།།
                              མཐའ་མཁས་སྦྱོར་བས་སྐལ་ལྡན་གདུལ་བྱ་ཀུན།།
                              མི་ལྡོག་དད་པའི་མྱུ་གུ་སྐྱེད་མཛད་པ།།
                              རྒྱལ་བ་བློ་བཟང་གྲགས་པའི་སྐུ་བཟང་མཆོད།།

                              ཡིད་དབང་འཕྲོག་བྱེད་སྙན་པའི་ང་རོ་ཡིས།།
                              མཐའ་བྲལ་ཟབ་མོའི་དོན་རྣམས་ལེགས་གསུང་ཞིང་།།
                              མདོ་རྒྱུད་གཞུང་དོན་མཐའ་དག་སྩོལ་མཛད་པ།།
                              རྒྱལ་བ་བློ་བཟང་གྲགས་པའི་གསུང་ཉིད་དྲན།

                              མཁྱེན་དཔྱོད་གང་ཞིག་དྲི་མེད་ཟབ་ཡངས་ཏེ།།
                              ཤིན་ཏུ་རྒྱ་ཆེའི་ཤེས་བྱ་སྣ་ཚོགས་དང་།།
                              རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་མཛད་པ།།
                              རྒྱལ་བ་བློ་བཟང་གྲགས་པའི་ཐུགས་ལ་འདུད།།
          ཅེས་དྲིན་ཅན་རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་ལ་འགྱུར་མེད་དད་པའི་རང་མདངས་ཀྱི་མཆོད་པའི་དབྱངས་ཀྱིས་སྔོན་བསུས་ཏེ། གང་གླེང་བར་བྱ་བ་ནི། རྗེ་རིན་པོ་ཆེའི་རྣམ་ཐར་སྐོར་དགེན་གྱིས་བཀའ་སློབ་གནང་བ་འདི་ཡིན་པས། 
          དེ་ཡང་། སྟོང་སྐོར་དགོན་དུ་སྤྱི་ལོ་༢༠༡༦/༠༩/༢༥ཉིན་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་ལྷ་རམས་པ་རྗེ་བཙུན་བློ་བཟང་འབྲུག་གྲགས་མཆོག་གིས་རྗེ་རིན་པོ་ཆེའི་རྣམ་ཐར། རྟེན་འབྲེལ་བསྟོད་པའི་ཁྲིད་ལུང་། དམིགས་བརྩེ་མ་དགུ་སྐོར། དམིགས་བརྩེ་མ་ལྔ་སྐོར། དམིགས་བརྩེ་མ་བཞི་སྐོར། དྲན་པ་བཞི་ལྡན། ཐུན་དྲུག ལྟ་འགུར་ཨ་མ་ངེས་འཛིན། ལམ་གཙོ་རྣམ་གསུམ། ཡོན་ཏན་གཞིར་གྱུར་མ། བླ་མ་རྒྱང་འབོད། མི་རྟག་དྲན་སྐུལ་སྙིང་གི་ཐུར་མ་རྣམས་ཀྱི་ལུང་དང་།  འཇམ་དབྱངས་དཀར་པོའི་རྗེས་གནང་། སྒྲོལ་དཀར་གྱི་ཚེ་དབང་བཅས་དགེ་འདུན་དམངས་ལ་གནང་བས་ཐོག་མར་རྗེ་རིན་པོ་ཆེའི་རྣམ་ཐར་སྐོར།
          དམ་པ་ཁོང་གིས། འོ་ཡ། དང་པོ། དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ།། ཡོན་ཏན་ཐམས་ཅད་སྲུང་ཞིང་སྤེལ་བར་བྱེད།། ཅེས་ཇི་སྐད་གསུང་པ་ནང་བཞིན། སྤྱིར་བཏང་དེ་རིང་གི་བཤད་བྱ་ནི། རྗེ་རིན་པོ་ཆེའི་ལྟ་བའི་ལེགས་བཤད་ཆེན་པོ་སྔ་ཡོད་པ་དེ་རེད། དེའི་ནང་ཚན་ལེགས་བཤད་སྙིང་པོ་ཆེ་ཆུང་གཉིས། དེའི་ནང་ནས་ཀྱང་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་བསྟོད་པ་འདི་རེད། ངས་མར་བཤད་ཡས་ཀྱི་འོས་ཆོས་འདྲ་བོ་ཚང་ཡོད་མ་རེད་དང་། ཡིན་ནའང་། ཁྱེད་རྣམ་པ་ཚོས་རེ་བར་བྱས། ང་རང་གིས་བླ་མའི་མདུན་ནས་ཐུགས་དགྱེས་བཞིན་དུ་མར་གནང་སའི་དམ་ཚིག་གཙང་མའི་མཐའ་གྲྭར་གནས་པའི་སློབ་མ་ཞིག་ཡིན་བསམས་ནས་ང་རྒྱལ་འདྲ་ཞིག་སྐྱེས་བཞིན་དུ་མར་ཞུ་ཡས་རེད། དེས་ན། ང་ཚང་ནང་པ་སངས་རྒྱས་པའི་ཆོས་ལ་བརྟེན་ནས་རང་གིས་མངོན་པར་འདོད་པའི་དོན་སྒྲུབ་པ་ལ་རྒྱུའི་གཙོ་བོར་དད་པ་དང་ཤེས་རབ་གཉིས་དགོས། དེའི་ནང་ནས་ཀྱང་དད་པ་གལ་ཆེན་པོ་ཞེ་དྲགས་རེད། དཔེར་ན། མ་དེས་བུ་དེ་ཐོག་མར་སྐྱེས་པར་བྱེད་པ་དང་། བར་དུ་སྲུང་བ། ཐ་མར་བུ་རང་གི་རྐང་པའི་སྟེང་དུ་རང་ཉིད་ལངས་ཐུབ་པ་ལྟ་བུའི་མི་ཚེའི་མདུན་ལམ་ཐམས་ཅད་མ་དེས་བཀོད་སྒྲིག་བྱེད་པར་བཞིན་ང་ཚང་ནང་པའི་ཆོས་དང་པོར་ཐོས་པ་དང་། བར་དུ་བསམ་པ། ཐ་མར་སྒོམ་པའི་སྐབས་ཐམས་ཅད། ཨེ་ནི། ཐོག་མར་བསམ་བྱུང་གི་ཤེས་རབ་ཚུ་ཆད་ནས་བཟུང་སྟེ་དགེ་རྩ་ཐམས་ཅད་དད་པས་བསྐྱེད་དགོས་པ་དང་། བར་དུ་ཡང་དགེ་རྩ་ཐམས་ཅད་ཆུད་མི་ཟ་བ། མི་ཉམས་པའི་ཕྱིར་དགེ་རྩ་ཐམས་ཅད་དད་པས་བསྲུང་དགོས་ཡས་དང་། ཐ་མར་དགེ་རྩ་ཉམས་པ་ཐམས་ཅད་དད་པས་ཕྱིར་བཅོས་དགོས་ཡས་རེད། སྤྱིར་མཉམ་མེད་ཤྰཀྱའི་སེང་གེ་ལུང་རྟོགས་ཀྱི་བསྟན་པ་གཉིས་ལ་ཁ་ཞེ་གཉིས་མེད་ཀྱི་སེམས་སྟེང་ནས་དད་པ་ཡོད་མཁན་གཅིག་དང་། དེའི་ནང་ལོགས་ལའང་བོད་གངས་ཅན་ལྗོངས་སུ་ས་དགེ་བཀའ་སྙིང་ཇོ་ནང་ལ་སོགས་པ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཐམས་ཅད་ནི། སྟོན་པ་མཉམ་མེད་ཤྰཀྱ་སེང་གེའི་བཀའ་རྣམས་ནྰ་ལེནྡྲྰའི་པཎ་གྲུབ་དེ་དག་གིས་ལུང་རིགས་ཀྱི་སྒོ་ནས་གཏན་ལ་ཕབ་ཅིང་ཉམས་སུ་བླངས་ཏེ་ཐུགས་ལ་ཉམས་རྟོགས་ཚད་མ་འཁྲུངས་བྱས། དེ་ནས་མར་བརྒྱུད་དུ་འོང་བའི་ཆོས་ལུགས་རྐྱང་རྐྱང་ཡིན་པས་དག་སྣང་སྦྱོང་དགོས་པ་རེད། འོན་ཀྱང་།ང་ཚོའི་ཐུན་མོང་གི་སྟོན་པ་ནི་ཡབ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་རེད། བསྐལ་བ་དཔག་མེད་ཁྱད་དུ་བསད་ནས། ཡང་ན། སྐུའི་སྐྱེས་རབས་སྔ་མ་རྣམས་དང་སྐུ་ཚེ་འདིའིདབང་དུ་བྱས་པའི་དགེ་རྩ་ཐམས་ཅད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རང་རྒྱུད་ལ་སྐྱེས་ཆེད་རྐྱང་རྐྱང་བསྔོས་པ་རེད། རྣམ་ཐར་དེ་ཚོའི་ནང་ལོགས་ལ་ག་རེ་ཡོད་རེད་ཟེར་ན་རྗེ་བླ་མ་ཁོང་གིས་དགེ་རྩ་རླབས་ཆེན་དཔག་མེད་བསྒྲུབས་མཛད་ཡས་དང་། དེ་བཞིན་ནང་དུ་སློབ་མ་དེ་དག་གིས་ཁོང་ལ་བརྟན་བཞུགས་མང་དུ་ཕུལ་བ་སོགས་དགེ་རྩ་རླབས་ཆེན་བསྒྲུབས་མཛད་ཡོད། འོན་ཀྱང་ཁོང་གིས་དགེ་རྩ་ཐམས་ཅད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རང་རྒྱུད་ལ་སྐྱེས་ཆེད་རྐྱང་རྐྱང་བསྔོས་པ་ཡིན་ཙང་། ཁོང་སྐུ་ཚེ་རིང་དུ་གནས་པའི་རྒྱུར་སོང་ཡོད་མ་རེད་ཅེས་རྣམ་ཐར་ནང་དུ་ཐོན་ཡོད་རེད། དེས་ན། རྗེ་རིན་པོ་ཆེས། དངོས་གནས་དྲང་གནས་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་ནས་མངོན་པར་འདོད་པའི་དོན་རང་ཉིད་སྡུག་བསྔལ་ཐམས་ཅད་དང་བྲལ་བདེ་སྐྱིད་ཐམས་ཅད་དང་ལྡན། དེ་ཙམ་དུ་མ་ཟད།ནམ་མཁའ་ཇི་སྲིད་མ་སྟོང་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ཡས་དང་། བདེ་སྐྱིད་སྒྲུབ་ཡས་དེ་འདྲའི་ནུས་ལྡན་ཞིག་ཏུ་སྒྲུབ་པར་བྱེད་པ་ལ། ཨེ་ནི།གཞིའི་རྣམ་བཞག ལམ་གྱི་རྣམ་བཞག འབྲས་བུའི་རྣམ་བཞག་ཟེར་བ། ཐོག་མར་གཞིའི་རྣམ་བཞག་གཏན་ལ་དབབ་དགོས། དེ་ཡང་། མ་ནོར་བ། མ་འཁྲུལ་བ།མ་རྟོགས་པ། ལོག་པར་རྟོགས་པ། ཐེ་ཚོམ་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ཞིག་གཏན་ལ་འབེབ་པ་དེ་ལ་ལྟོས་ཀྱིན་ཡོད་པས། གཙོ་བོ་དེ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཏེ་དགེ་རྩ་ཐམས་ཅད་དེ་འདྲའི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་དུ་བསྔོས་པ་རྐྱང་རྐྱང་རེད། དེས་ན། རྗེ་བླ་མའི་རྣམ་ཐར་གཙང་མ་སོ་སོས་ཤེས་ནས་དད་པ་ཐོབ་པ་ཞིག་ཡིན་གཅིག་མིན་གཉིས་ཡབ་རྗེ་བླ་མ་ཙོང་ཁ་པའི་རྗེས་འཇུག་རྣམས་ཀྱིས་ངེས་པར་དུ་དགོས་ཡས་ཤིག་རེད། དེ་མིན་ན། ཨེ་ནི། གཞན་དག་ཡང་དད་པས་དང་དུ་བླངས་ཐུབ་ཡས་མེད་པའི་བཟོ་འདྲ་བོ་ཞིག་འདུག ག་རེ་རེད་ཟེར་ན། རྗེ་བླ་མའི་བསྟན་པ་འདི་མཇལ་དཀའ་བ་ཡིན་གསུང་འདུག སྤྱིར་སངས་རྒྱས་ཀྱི་བསྟན་པ་མཇལ་དཀའ་བ། ད་ལྟར་འཛམ་བུའི་གླིང་གི་འགྲོ་བ་གཞན་དག་ཕར་ཞོག་མི་གཅིག་པུའི་དབང་དུ་བཏང་ནའང་མཉམ་མེད་ཤྰཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་གཉིས་ལ་སེམས་སྟེང་ནས་དད་པ་ཡོད་མཁན་མི་ཕལ་ཆེར་ཉུང་ཉུང་རེད། ཉུང་ཉུང་ནང་གི་ཉུང་ཉུང་རེད། དེའི་ནང་ནས་ཀྱང་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་འདིར་དད་པ་ཡོད་མཁན་དེ་བས་ཀྱང་ཉུང་ཉུང་རེད། ང་ཚོས་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་མཇལ། དེ་ལ་དད་པ་ཡོད་མཁན་གང་ཟག་ཞིག་གྱུར་ཡས་འདི་ཚེ་འདིའི་གཅིག་པུས་འབད་བརྩོན་ལ་ལྟོས་པ་ཨེ་རེད་ཟེར་ན། གཏན་ནས་མ་རེད། ང་ཚོས་སྐྱེ་བ་སྔོན་མ་རྣམས་སུ་ཡང་དགེ་རྩ་རླབས་ཆེན་བསག དེ་ཡང་། ཡབ་རྗེ་བླ་མ་ཙོང་ཁ་པའི་བསྟན་པ་དང་མཇལ་བར་སྨོན་ལམ་སྟོབས་ཆེན་པོས་དགེ་རྩ་རྣམས་ཁ་ལོ་སྒྱུར་བས་ད་ལྟར་འབྲས་བུ་སྨིན། ཨེ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ལུང་རྟོགས་ཀྱི་བསྟན་པ་རྣམ་པར་དག་པ་དེ་འདྲ་ཞིག་མཇལ་རྒྱུ་བྱུང་བ་འདི་དཔེར་མི་སྲིད་པའི་ང་རང་ཚོས་སྐྱེ་བ་སྔ་མ་རྣམས་སུ་དཀའ་ལས་བརྒྱབ་པའི་འབྲས་བུ་རེད། དེ་ལ་ང་ཚོས་རྗེས་སུ་ཡི་རངས་བྱེད། ད་རྗེ་རིན་པོ་ཆེའི་བསྟན་པ་མཇལ་དཀའ་བ་འདི་པཎ་ཆེན་རིན་པོ་ཆེས་ག་འདྲའི་བཀའ་གནང་འདུག་ཟེར་ན། སོག་པོ་གཅིག་གིས་པཎ་ཆེན་རིན་པོ་ཆེ་མཇལ། ཁོའི་དངོས་པོ་ཁ་ཤས་ཡར་ཕུལ་ནས་ཁོ་བོས་སྐྱེ་བ་རྗེས་མ་རྣམས་སུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་ཐུགས་སྨོན་མཛད་རོགས་གནང་ཞེས་ཡར་ཞུས། པཎ་ཆེན་རིན་པོ་ཆེས་འོང་རྒྱུ་རེད་ཅེས་གསུངས། ཡང་བསྐྱར་དེ་ཙམ་གྱིས་མ་ཚོམ་པར་ཁོ་བོས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བར་ཐུགས་སྨོན་མཛད་རོགས་གནང་ཞེས་ཡར་ཞུས། པཎ་ཆེན་རིན་པོ་ཆེས་འོང་རྒྱུ་རེད་ཅེས་གསུངས།ཡང་བསྐྱར་དེ་ཙམ་གྱིས་མ་ཚོམ་པར་རྗེ་བླ་མའི་བསྟན་པ་དང་མཇལ་བར་ཐུགས་སྨོན་གནང་རོགས་གནང་ཞེས་ཡར་ཞུས། པཎ་ཆེན་རིན་པོ་ཆེས། དེ་དཀའ་མོ་རེད།ཁྱེད་རང་གིས་སྔར་གྱི་སྨོན་ལམ་གཉིས་ཀར་འགྲུབ་ཀྱི་རེད། འོན་ཀྱང་། རྗེ་རིན་པོ་ཆེའི་བསྟན་པ་དང་མཇལ་བར་དཀར་མོ་རེད། རྗེ་བླ་མའི་བསྟན་པ་མཇལ་བ་ལ་ཚོགས་རླབས་ཆེན་བསག ཁ་ཞེ་གཉིས་མེད་ཀྱིས་སེམས་སྟེང་ནས་འཇམ་མགོན་བླ་མའི་བསྟན་པར་དད་པས་གྲོགས་བྱས། དེས་ཀུན་ནས་བསླངས་ཏེ་སྨོན་ལམ་བཏབ་པ་ཞིག་དགོས་ཀྱི་ཡོད་རེད། དེ་དཀར་མོ་རེད་ཅེས་གསུངས་ནས་པཎ་ཆེན་རིན་པོ་ཆེས་ཞལ་བཞེས་གནང་མི་འདུག་ཨ། དེས་ན། ང་ཚོས་དེ་འདྲའི་དཀའ་མོ་ཞིག་ཡིན་རྒྱུ་དེ་ང་ཚོས་སྐྱེ་བ་སྔ་མ་རྣམས་སུ་སྒྲུབ་ཡས་རེད་ཨ། དགེ་རྩ་བསོད་ནམས་རླབས་ཆེན་བསགས་ནས་དེ་སྨོན་ལམ་གྱིས་ཁ་ལོ་བསྒྱུར་ཏེ། ད་ལྟར་ང་རང་ཚོས་རྗེ་བླ་མའི་བསྟན་པ་འདི་མཇལ་འདུག་ཨ། ད་འོ་ན། ལམ་རིམ་ས་བཅད་ནང་དུ་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་ཟེར་བ་དེ། ལམ་རིམ་ས་བཅད་དང་པོ་དེ་རེད་ཨ། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་ཟེར་བ་དེ། ད་ལྟར་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་བསྟོད་པ། མཉམ་མེད་ཤྰཀྱ་སེང་གེ་ལ་མཉམ་མེད་ཟེར་དགོས་དོན་ནི། འཛམ་བུའི་གླིང་འདིའི་སྒང་ལ་སྟོན་པ་ཞེས་པའི་མིང་བཏགས་ས་མང་པོ་ཞིག་ཡོད་རེད་ཟེར། ཡིན་ན་ཡང་དེ་ཐམས་ཅད་ཀྱི་ནང་ནས་མཉམ་པ་མེད་པའམ་མཚུངས་པ་མེད་པའི་སྟོན་པ་ཡིན་ཟེར་བའི་རྐྱེན། མཉམ་མེད་སྟོན་པ་འཇོག་བྱེད་འདྲ་བོ་ནི་རྟེན་འབྱུང་རང་དབང་དུ་གསུངས་པའི་སྒོ་ནས་མཉམ་མེད་ཀྱི་སྟོན་པ་འཇོག་པས་རྗེ་བླ་མས་དཀའ་བ་དཔག་མེད་ཁྱད་དུ་བསད་ནས་ཚོགས་གསོག་སྒྲིབ་སྦྱོང་འཇམ་པའི་དབྱངས་ཀྱིས་བཀའ་གནང་བ་ནང་བཞིན་དཀའ་སྡུག་དཔག་མེད་ཉམས་སུ་བླངས་པའི་འབྲས་བུར་འདི་འདྲའི་རྟེན་འབྱུང་ལྟ་བ་འདི་རང་གི་ཐུགས་ལ་འཁྲུངས། མར་བཀའ་གནང་བ། འོ་དེ་འདྲའི་ལེགས་བཤད་ཅིག རང་ལའང་ལུང་རྒྱུན་ཞིག་གམ་ཁྲིད་རྒྱུན་དྲི་མ་མེད་པ་ཐོབ་པ་ཡིན་ཙང་། དེ་མར་ལན་སྐྱེལ་བ་ལྟ་བུ་ཞིག་བྱ་རྒྱུ་ཡིན། འོ་དེ་འདྲའི་རྟེན་འབྲེལ་བསྟོད་པ་མཛད་མཁན་རྗེ་བླ་མ་དེ། ག་འདྲ་བྱས་ནས་བྱུང་བ་རེད། གང་དུ་འཁྲུངས་བ་རེད་ཟེར་ན། དང་པོ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གཤིན་རྗེ་ལ་སོགས་པ་འདུལ་བའི་ཆེད་དུ་དྲག་པོའི་རྣམ་པར་བསྟན་པའི། ཨེ་ནི། ང་རང་དགེ་ལུགས་ཚང་གིས་ཐུན་མོང་མ་ཡིན་པའི་ཡི་དམ་བསྟེན་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཟེར་བ་དེ། རྗེ་རིན་པོ་ཆེས་ཡི་དམ་གྱི་ལྷ་ག་རེ་ཞིག་གི་རྣམ་པ་ནས་རྗེས་འཇུག་རྣམས་འདུལ་བའི་ཆེད་དུ་མིའི་རྣམ་པར་བསྟན་ཡོད་རེད་ཟེར་ན། ཐོག་མར་ཆོས་རྗེ་དོན་གྲུབ་རིན་ཆེན་ནི་རྗེ་རིན་པོ་ཆེའི་རྩ་བའི་དགེ་རྒན། བཀའ་དྲིན་ཆེ་ཤས་ཀྱི་དགེ་རྒན་རེད་ཨ། དེ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཆ་ནས་མཁས་པའི་དབང་པོ་ཐམས་ཅད་ཀྱིས་ཚད་མར་བཟུང་ཡས་དང་། མངོན་ཤེས་ལ་སོགས་པ་ལའང་ཐོགས་པ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཡོངས་གྲགས་རེད། རྗེ་རིན་པོ་ཆེ་སྐུ་འབུམ་ལ་མ་འཁྲུངས་པའི་སྔར་གྱི་ལོ་དེར་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱིས་ཞལ་གཟིགས་ཏེ་ཡི་དམ་གྱིས་ག་རེ་གསུང་ཡོད་རེད་ཟེར་ན། ལོ་རྗེས་མར་ང་འདིའི་ལུང་པའི་མདའ་དེར་འོང་གི་ཡིན་ཞེས་གསུངས་པ་རེད། དེའི་རྗེས་སུ་ལུང་པ་དེའི་མདའ། ད་ལྟར་སྐུ་འབུམ་ནས་ཡར་སོང་ན་ཆོས་རྗེ་རིན་ཆེན་དོན་གྲུབ་ཀྱི་སྒྲུབ་ཕུག་དེའི་ལུང་ཕུང་ཕུག་ལ་ཡོད་རེད་ཟེར། ངས་མཇལ་ཐུབ་མ་སོང་། དེ་ཡིན་ཙང་། རྗེ་རིན་པོ་ཆེ་དེའི་ལོ་རྗེས་མར་ད་ལྟའི་སྐུ་འབུམ་དགོན་པའི་ནང་ལོགས་གསེར་གདོང་ཆེན་མོ་ཡོད་ས་དེའི་སྲོག་ཤིང་འདྲ་བོ་དེ་རྗེ་རིན་པོ་ཆེ་སྐུ་འཁྲུངས་མ་ཡུམ་གྱི་ལྟེ་ཁྲག་སར་འཐོར་བའི་ཤུལ་དུ་ལ་དེར་ཙན་དན་གྱི་སྡོང་པོ་སྐྱེས། ཙན་དན་གྱི་སྡོང་པོ་དེར་རྗེ་རིན་པོ་ཆེས་མ་འོངས་པར་རྒྱལ་བ་སེང་གེའི་ང་རོར་སྐུ་མངོན་པར་རྫོགས་པར་སངས་རྒྱས་པའིམཛད་པ་བསྟན་དགོས་པས། ཙན་དན་གྱི་ཤིང་ལོའི་སྟེང་དུ་རྒྱལ་བ་སེང་གེའི་ང་རོའི་སྐུ་འབུམ་ཕྲག་མང་པོ་འཁྲུངས་ཡོད་རེད་ཟེར། ཙན་དན་གྱི་ཤིང་ལོའི་སྟེང་དུ་རྒྱལ་བ་སེང་གེའི་ང་རོའི་སྐུ་མང་པོ་རང་བྱོན་དུ་གྲུབ་པས་ན་སྐུ་འབུམ་ཞེས་ཟེར། དེ་ནས། འཇིགས་བྱེད་ཀྱི་སྤྲུལ་པ་ཞིག་དེ་འཁྲུངས་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཐུགས་ལ་དགོངས་ནས། རྗེ་རིན་པོ་ཆེ་དགུང་ལོ་གསུམ་པའི་སྟེང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན། དེ་ནས། རྗེ་རིན་པོ་ཆེའི་ཡབ་ལ་ཀླུ་འབུམ་དགེ་དང་། ཡུམ་ལ་ཤིང་བཟའ་ཨ་ཆོས་ཞེས་ལབ་ཀྱིན་འདུག དེ་གཉིས་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དངོས་པོའི་རྣམ་འགྱུར་དཔག་ཏུ་མེད་པ་ཕུལ་ནས་ཁྱེད་རང་གཉིས་ཀྱི་སྲས་འདི་ནི་ང་ལ་ཕུལ་ཞིག་ཅེས་བཀའ་གནང་བ་རེད། ཡབ་ཡུམ་གཉིས་ཀྱིས་ཀྱང་ལགས་སོ་ཞེས་ཏེ་སྲས་དེ་རིན་པོ་ཆེར་ཕུལ་པ་རེད། འོ་དེའི་སྐབས་སུ་རྗེ་རིན་པོ་ཆེ་དགུང་ལོ་གསུམ་རེད། ཆོས་རྗེ་དོན་གྲུབ་རིན་ཆེན་དེར་ཕེབས་ནས་སྲས་འདི་ང་ལ་ཕུལ་ཞིག་ཅེས་བཀའ་གནང་དགོས་ཡས་རྒྱུ་མཚན་གང་ལ་ཐུག་ཡོད་ཟེར་ན། ལོ་སྔ་མ་ལ་རྡོ་རྗེ་འཇིགས་བྱེད་ཀྱིས་ཞལ་གཟིགས་ཏེ་ལོ་རྗེས་མ་ལ་ང་འདིར་འོང་གི་ཡིན་ཞེས་གསུངས་ཡོད་པས། དེ་ཡིན་པ་དེ་ཁོང་གིས་དགོངས་ནས་སྲས་འདི་ང་ལ་ཕུལ་ཞིག་ཅེས་གསུངས། ཡབ་ཡུམ་གཉིས་ཀྱིས་ཀྱང་སྲས་འདི་ཕུལ་པ་རེད། ཕུལ་ནས་ལོ་གསུམ་པའི་སྐབས་ད་ལྟར་སྐུ་འབུམ་དགོན་ནས་ཕལ་ཆེར་ལེ་དབར་བཅུ་ཁ་ཞིག་གི་མཚམས་སུ་ཤར་རྫོང་རི་ཁྲོད་ཟེར་བ་ཞིག་ཡོད་རེད། མདོ་སྨད་དུ་རྫོང་ཆེན་བཞི་དང་།བྱང་གི་དགོན་ཆེན་བཞི་ཡོད་རེད། རྫོང་ཆེན་བཞིའི་ཡ་གྱལ་ཤར་རྫོང་རི་ཁྲོད་ཟེར་བ་དེར་ཀརྨ་པ་རོལ་པའི་རྡོ་རྗེ་བཞུགས་ཡོད། དེ་ཉིད་ལས་དགེ་བསྙེན་བསྒྲུབས་ཏེ་ཀུན་དགའ་སྙིང་པོ་ཞེས་མཚན་གསོལ། དེ་ནས། ཡང་བསྐྱར་རྗེ་རིན་པོ་ཆེ་ཡབ་ཡུམ་གཉིས་ཀྱི་མདུན་དུ་དགུང་ལོ་བདུན་གྱི་བར་བཞུགས། དགུང་ལོ་བདུན་སྟེང་ཆོས་རྗེ་དོན་གྲུབ་རིན་ཆེན་དང་མཉམ་དུ་རྗེ་རིན་པོ་ཆེ་བྱ་ཁྱུང་དགོན་དུ་ཕེབས་ནས་བདེ་མཆོག་དང་། བསྐྱེད་རྫོགས་ལ་སོགས་དབང་ལུང་མན་ངག་མང་པོ་ཞུས། དེར་མ་ཟད། ཆོ་ག་མང་པོ་ཐུགས་ལ་བཟུང་། གཞོན་ནུ་བློ་བཟང་གྲགས་པ་རྒས་པའི་རྟུལ་ཞུགས་ཅན་ཞེས་ལབ་འོང་དེས། དེ་དུས་གཞོན་ནུ་ཆུང་ཆུང་རེད། ལོ་བདུན་ནས་བཅུ་དྲུག་གི་བར་གྱི་གཞོན་ནུ་ཞིག་རེད་དང་། ཡིན་ནའང་ཁོང་གི་ཀུན་སྤྱོད་འདྲ་བོ་དེ་ལ་བླ་རྒན་བླ་རྒན་ལྟ་བུ་ཞིག་གི་ཀུན་སྤྱོད་ཡོད་རེད་ཟེར། འོ་དེ་འདྲ་རེད། དེ་ནས། ཆོས་རྗེ་རིན་ཆེན་དོན་གྲུབ་ཀྱིས་ད་འདི་དབུས་གཙང་ཆོས་ཀྱི་ཞིང་སར་ཡར་བཏང་ནས་སློབ་གཉེར་སྦྱར་ཆུག་ན། མ་འོངས་པར་བསྟན་པའི་བདག་པོ་ཆགས་ཀྱི་ཡོད་པ་ཁོང་གི་ཐུགས་ལ་དགོངས་ནས་དགུང་ལོ་བཅུ་དྲུག་གི་སྟེང་དུ་ཁྱེད་རང་ཞེས། དེའི་ཚིགས་བཅད་རྣམས་ངས་བློ་ཐོག་ནས་འགྲོ་མི་འདུག ཡ་གིའི་དབུས་གཙང་ཕྱོགས་སུ་ཡར་ཕེབས། ཕེབས་པའི་ཁ་ཐུག་ལ་དང་པོར་འདི་དང་འདི་ལྟ་བུ་ལ་སློབ་གཉེར་སྦྱར་དགོས། ཐ་མར་ཡང་འདི་འདྲ་སློབ་གཉེར་སྦྱར་དགོས་ཟེར་ནས་གང་ག་བཀོད་སྒྲིག་གནང་སྟེ། རྗེ་རིན་པོ་ཆེ་དབུས་གཙང་ལ་ཡར་ཕེབས་རྒྱུ་ལྟ་སྐུལ་འདྲ་བོ་དེ་ལ་དགུང་ལོ་བཅུ་དྲུག་གི་ཁ་ཐུག་ལ་མཛད་བྱས། རྣམ་ཐར་ལ་ལའི་ནང་དུ་དགུང་ལོ་བཅུ་དྲུག་རང་ནས་དབུས་གཙང་ཆོས་ཀྱི་ཞིང་སར་ཆོས་ཁ་སྒྱུར་གྱི་རེད་ཟེར། ལ་ལའི་ནང་བཅུ་བདུན་ནས་རེད་ཟེར་བ་དེ་འདྲ་འདུག དེ་ནས། དེའི་བར་བྱ་ཁྱུང་དགོན་པ་ནང་དུ་བཞུགས། བྱ་ཁྱུང་དགོན་པ་ནང་དུ་བཞུགས་པའི་ཁ་ཐུག་ལ། ཐོག་མར་ཡི་དམ་ཐམས་ཅད་ཀྱི་ནང་ནས་ཕྱག་ན་རྡོ་རྗེ་དང་། ཨེ་ནི། པཎ་ཌི་ཐམས་ཅད་ཀྱི་ནང་ནས་ཇེ་བོ་རྗེས་ཞལ་གཟིགས་གནང་བ་རེད། གསང་བའི་རྣམ་ཐར་ནང་དུ་ཡོད་ཨ། དགུང་ལོ་བདུན་ནས་རྗེ་བཙུན་གསང་བདག་དང་། །ཤིང་རྟ་ཆེན་པོ་དཔལ་ལྡན་མ་མེ་མཛད། །མངོན་སུམ་གཟིགས་ནས་རྒྱུན་དུ་རྗེས་བཟུང་བ། །སྔགས་དང་ཕ་རོལ་ཕྱིན་པའི་གདམས་པར་ཤར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕལ་ཆེར་དེ་རེད་ཨ། དེ་ཡིན་ཙང་། སྔགས་དང་ཕ་རོལ་ཕྱིན་པའི་གདམས་པ་ཤར་བའི་རྟགས་ལ། སྔགས་ཀྱི་གདམས་པ་དེ་ཕྱིན་ཅི་མ་ལོགས་པ་ཞིག་འཆར་གྱིན་ཡོད་པའི་རྟགས་ལ་ཡི་དམ་ཐམས་ཅད་ཀྱི་ནང་ནས་གསང་བདག་ཕྱག་ན་རྡོ་རྗེས་དང་པོར་ཞལ་གཟིགས་གནང་བྱས། དེ་ཡང་། སྔགས་ཀྱི་གསུང་རབ་ཡོངས་སུ་རྫོགས་པ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པས་སྔགས་ཀྱི་བདག་པོ་ལྟ་བུར་གྱུར་ཡོད། དེ་ཞལ་གཟིགས་གནང་ཡས་དེ། མ་འོངས་པར་གསང་སྔགས་ཀྱི་གདམས་པ་ཡོངས་སུ་རྫོགས་པ་འཆར་གྱིན་ཡོད་པའི་རྟགས་དང་། ཨེ་ནི། མདོ་སྔགས་གཉིས་ཀྱི་བསྟན་པའི་བདག་པོ་ཇེ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རེད། དེ་ཞལ་གཟིགས་དང་པོར་གནང་ཡས་དེ་མདོའི་གདམས་པ་ཡོངས་སུ་རྫོགས་པ་འཆར་གྱིན་ཡོད་པའི་རྟགས་ཡིན་ས་རེད་བསམ་བསམ་འདྲ་ཞིག་འདུག་སྟེ། གསང་བའི་རྣམ་ཐར་ལས། སྔགས་དང་ཕ་རོལ་ཕྱིན་པའི་གདམས་པ་ཤར། །ཞེས་གསུངས་འདུག་ཨ། དེ་ནས། ཡར་ཕེབས་པ་རེད། ཡར་ཕེབས་པའི་ལམ་བར་དུ་ཆབ་མདོ་ནས་ཕེབས་པའི་སྐད་ཆ་ཡོད་རེད།དེ་མན་ཆད་གང་ནས་ཕེབས་ཡོད་མེད། དེ་སྔར་རྩད་གཅོད་གསལ་པོ་མི་འདུག་ཀྱང་། ན་ནིང་འདན་སྒྲོལ་མ་ལྷ་ཁང་ཡོད་ས་དེ་ནས་ཡར་ཕེབས་པར་ད་ལྟར་གཏན་ཁེལ་འདྲ་བོ་བྱས་ཡོད་རེད། ག་འདྲ་བྱས་ནས་རེད་ཟེར་ན། ན་ནིང་འདན་ཆོས་འཁོར་དགོན་དུ་འདན་མ་སྨོན་ལམ་ཆེན་མོ་འཚོགས་སྐབས་དགེ་འཇིགས་མེད་རྒྱལ་མཚན་དང་། དགེ་འཇམ་དཔལ་བློ་ཤེས་ཁོང་རྣམ་ཚོ་དེར་ཕེབས་བྱས། ཕེབས་སྐབས་འདན་སྒྲོལ་མ་ལྷ་ཁང་གི་ནུབ་བྱང་གི་མཚམས་དེར་མི་ཚང་ཁོ་རང་གི་མིང་ལ་ཤར་ནུ་བོ་ཚང་ཟེར་བ་གཅིག་ཡོད། ཤར་ནུ་བོ་ཟེར་བའི་རྒྱུ་མཚན་ནི་དེ་དུས་མ་གཏོགས་ག་རེ་ཡིན་ཧ་གོ་མི་འདུག་ཨ། དེ་འདྲའི་མི་ཚང་གཅིག་ཡོད་ཟེར། དེའི་མི་ཚང་ནང་ལ་རྗེ་རིན་པོ་ཆེ་ཕེབས་འོང་དུས། ཞག་བཞུགས་མཛད། གནས་ཚང་གཡར། མི་ཚང་དེར་འཇིགས་བྱེད་ཀྱི་ཐང་ག་གཅིག་དང་། རྗེ་རིན་པོ་ཆེའི་དབུ་ཞྭ་གཅིག་གནང་བཞག་ཡོད་ཟེར། ཨེ་ནི། མི་ཚང་དེ་དཔེར་མི་སྲིད་པའི་འགྱུར་ལྡོག་ཞེ་དྲགས་མེད་མཁན་གསེར་ནང་བཞིན། མི་ཚང་ཡག་པོ་ཞེ་དྲགས་ཤིག་འདུག་ཟེར། རིག་གནས་གསར་བརྗེ་སྐབས་དེའི་སྔོན་ལ། ཨེ་ནི། ད་ལྟར་རྗེ་རིན་པོ་ཆེ་སྐུ་གཤེགས་ནས་ལོ་དྲུག་བརྒྱ་འགྲོའི་ཡོད་རེད། དེའི་སྔོན་ལ་ཁོ་རང་ཚོའི་ལུང་པའི་བླ་མ་རང་ཤར་རིན་པོ་ཆེ་ཟེར་བ་དེས་ལོ་རེའི་ནང་འཇིགས་བྱེད་ཐང་གར་ཁྲུས་གསོལ་རེ་རེར་མཛད་ཡས་དང་། དེ་ཚོས་མཇལ་ཁ་དེ་ཙམ་ཞིག་རག་གི་མ་གཏོགས་མི་ཚང་དེ་ཚོས་སུ་གཅིག་ལ་མཇལ་ཁ་གཏོང་གི་མེད་པས་རིག་གནས་གསར་བརྗེ་སྐབས་སུ་ཡང་། སུ་གཅིག་གིས་ཧ་མི་གོ་བས་ལྷག་འདུག་ཡོད་ས་རེད། དེ་ནས། ན་ནིང་མི་ཚང་དེ་ཚོའི་མི་རྒས་པ་ཚོ་ཕ་གྲོལ་བྱས། ཁྱིམ་གཞིས་འཛིན་མཁན་མག་པ་ལྟ་བུ་ཡིན་ནའང་ཅིག་ཡོད་ས་རེད། དེའི་མི་རབས་ཉེ་འབྲེལ་ཁ་ཤས་ཧ་གོ་བར་བྱས་ནས་དགེ་རང་ཁོ་ཚོས་མཇལ་ཁར་བཏང་རོགས་གནང་ཞེས་ཞུས་འདུག མཇལ་ཁར་བཏང་འདུག མཇལ་ཁ་གཏོང་སྐབས་དབུ་ཞྭ་དེ་བྱ་ཁྱུང་དགོན་པའི་ཐུན་མོང་མ་ཡིན་པའི་ཞྭ་མོ་གཅིག་ཡོད་རེད། དེ་ག་རང་རེད་ཟེར། མི་ཚང་དེ་ཚོ་ནི་ནོར་གྱི་འཆུགས་ཀྱི་མེད་པའི་བཟོ་འདྲ་རེད། རྗེ་རིན་པོ་ཆེས་སྔར་གནས་ཚང་གཡར་ནས་བཞུགས་ས་ཚང་རེད་བྱས།དེས་ཆ་ནས་ཤར་གནས་པོ་ཚང་ཟེར་བ་ཡིན་ས་རེད། ད་གཅིག་ལྷག་འདུག་ཨ། རྗེ་རིན་པོ་ཆེ་དགེ་བསྙེན་སྒྲུབ་ས་ཤར་རྫོང་རི་ཁྲོད་རེད། དགེ་ཚུལ་སྒྲུབ་ས་བྱ་ཁྱུང་དགོན་པ་རེད། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མདུན་ནས་སྒྲུབ་མཛད་པ་རེད། དེ་ནས། འདན་ཁོག་ནས་ཡར་ཕེབས་པའི་ཉིན་མོར་འདན་ཆོས་འཁོར་དགོན་པའི་ལྷ་སྡེ་ཚོའི་ངག་རྒྱུན་ལ་དེ་ནས་ཕར་ཕེབས་པའི་ཉིན་གུང་ལ་གསོལ་ཚིགས་བཞེས་ས་དེར་ཤ་མེད་གོ་ཉུག་གིས་གསོལ་ཚིགས་ཕུལ་ཡོད་ས་རེད། རྗེ་རིན་པོ་ཆེས་ཚིགས་བཅད་ཅིག་གསུངས་བྱས། ཅིག་ཅིག་ལུང་པ་ན། གོ་ཉུག་ལས་རྒྱག་སོང་། ཟེར་བ་འདྲ་དང་། དེའི་དགོང་མོར་བྲག་ཕུག་ཅིག་གི་ནང་དུ་བཞུགས་ནས། ཡང་ཚིགས་བཅད་ཅིག་གསུང་ཡོད་ས་རེད། ཚིགས་བཅད་དེ་འདྲ་དམངས་ཁྲོད་དུ་འདུག་ཟེར། འོ་དེ་འདྲའི་ཡར་ཕེབས་ཡོད་ས་རེད། སྐབས་དེར་ཕལ་ཆེར་འབྲི་གུང་གི་ཚོང་པ་དེ་འདྲ་དང་མཉམ་དུ་ཡོད་པའི་ཚུལ་འདྲ་འདུག དེ་ནས། དབུས་གཙང་ཆོས་ཀྱི་ཞིང་ཁམས་ལ་ཐོག་མར་འབྲི་གུང་དགོན་དུ་ཕེབས། སྤྱན་སྔ་རིན་པོ་ཆེའི་མདུན་ནས་སེམས་བསྐྱེད་ལ་སོགས་པ་ཆོས་འབྲེལ་ཞུས། དེ་ནས། ཡར་ཕེབས་ཏེ་ཐོག་མར་དཔེ་ཆ་གཟིགས་ས་དེ་ད་ལྟར་རྭ་སྟོད་དགོན་པ་ཡོད་ས། དེ་དུས་བདེ་བ་ཅན་ཟེར་བ་དེར་གཙོ་བོ་སྙེ་ཐང་པ་བཀྲ་ཤིས་སེང་གེ་ཟེར་བ་འདྲ་དང་། གདན་ས་པ་ཡེ་ཤེས་སེང་གེ། བླ་མ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ། བླ་མ་ཨུ་རྒྱན་པ་དེ་ཚོའི་མདུན་ནས་ཆོས་འབྲེལ་ཞུས། དགེ་རྒན་བསྟེན་ནས་ཕར་ཕྱིན་སྐོར་ལ་ཐུགས་སྦྱོང་མཛད། དེ་ནས། བདེ་བ་ཅན་ཟེར་བ་དེ་ལྷ་ས་ནས་སོང་ན་ཕལ་ཆེར་ལེ་དབར་ཉི་ཤུ་ཡས་མས་བཅུ་བཅོ་ལྔའི་མཚམས་སུ་ཡོད་རེད། སྙེ་ཐང་སྒྲོལ་མ་ལྷ་ཁང་གི་ལེ་དབར་གཅིག་འདྲ་ཕར་སོང་ན་འདུག ངས་མཇལ་སོང་། རྗེ་རིན་པོ་ཆེ་ཁོ་རང་སློབ་གཉེར་སྦྱར་བའི་ཁ་ཐུག་ལ་གཞུགས་ས་གཟིམ་ཤག་དེ། ད་ལྟར་ཡང་རྒྱས་སྤྲོས་ཆེན་པོར་མ་སོང་བར། ཁོ་རང་གི་སློབ་གཉེར་སྦྱར་ནས་གྲྭ་རྐྱང་གི་རྣམ་པར་བསྟན་ནས་གཟིམ་ཤག་དེ། ད་ལྟར་དམིགས་བསལ་གྱི་ཐུན་མོང་མ་ཡིན་པ་བཞག་ཡོད། དངོས་གནས་ཡིན་ས་རེད་བསམ་བསམ་འདྲ་ཞིག་དང་། དངོས་གནས་དད་པ་སྐྱེས་ཡས་བཟོ་འདྲ་བོ་འདུག དེ་ནས། དེའི་ཐད་ཀར་ཕ་གུ་ན་ལྷ་སའི་སྐྱིད་ཆུའི་ཟུར་ངོས་ལ་གསང་ཕུ་དགོན་པ་འདུག ། རྗེས་མར་མཇལ་ཡས་བྱུང་ན། དངོས་གནས་མཇལ་སྐོར་ལ་ཕེབས་ན། ཐོག་མར་སྐུ་འབུམ་ལ་ཕེབས། དེ་ནས། བྱ་ཁྱུང་ལ་། དེ་ནས། འདན་ཁོག་ལ་འགྲོ། དེ་ནས། རིམ་བཞིན་ཡར་ཕེབས་པ་ཡིན་ན་ཡག་ས་རེད་བསམ་འདུག དེ་ནས།གསང་ཕུ་ལ་ཆ་པ་ཆོས་ཀྱི་སེང་གེས་ཐོར་མར་ང་ཚོས་འདི་འདྲའི་རྟགས་གསལ་གཏོར་རྒྱུའི་སྲོལ་གཏོད་སའི་བཞུགས་ཁྲི་ཡང་ད་ལྟར་ཡོད་རེད། རྗེ་རིན་པོ་ཆེས་ཚད་མའི་སྐོར་ལ་འཆད་ཉན་གནང་ས་ནི་གསང་ཕུ་དགོན་པ་རེད་ཟེར་འདུག དེའི་ཁ་ཐུག་ལ་གསང་ཕུ་ལ་ཕལ་ཆེར་གྲྭ་བ་བརྒྱད་སྟོང་མ་ཟིན་པ་ཡོད་ས་རེད། ད་ལྟར་གསང་ཕུ་ནི་ས་སྐྱའི་དགོན་པ་རེད། ད་ལྟར་ས་སྐྱའི་འདུ་ཁང་ངམ་ཁང་ཚན་གཅིག་ཡར་ཞིག་གསོ་བཟོས་འདུག་མ་གཏོགས་གཞན་དག་གང་ག་གྱང་རིས་རྐྱང་རྐྱང་རེད། དཔེར་མི་སྲིད་པའི་རྒྱལ་ཆེན་པོ་རེད། དེ་ནས། དེའི་རྗེས་སུ་ས་སྐྱ་ལ་ཡར་ཕེབས། ཨེ་ནི། རྗེ་བཙུན་རེད་མདའ་བ་དང་། ཉ་དཔོན་ཀུན་དགའ་དཔལ་བ། བུ་སྟོན་ཕྱོགས་ལས་རྣམ་རྒྱལ་སོགས་འོ་དེ་ཚོ་བླ་མ་བསྟེན་ནས་མདོ་སྔགས་རིས་སུ་མ་ཆད་པར་ཡོངས་སུ་རྫོགས་པར་འཆད་ཉན་བྱེད་ཚུལ་དེ། རྟོགས་བརྗོད་མདུན་ལེགས་མ་ནང་ལོགས་ལ་རྗེ་རིན་པོ་ཆེ་ཁོ་རང་གིས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།ཚོམ་པ་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཚུལ་འདི་བསམ་ཞིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེ་འོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་ཇི་སྐད་གསུང་བ་ནང་བཞིན་མདོ་སྔགས་ཀྱི་གཞུང་ཕྱོགས་རེ་བ་སོང་བ་མ་ཡིན་པ། བོད་གངས་ཅན་གྱི་ལྗོངས་ལ་གཞུང་པོ་ཏི་ལྔ་སྔགས་དང་བཅས་པ་ཟེར་བ་དེ་ཚོ། གཞུང་ཕྱོགས་རེ་བ་སོང་བ་མ་ཡིན་པ། མདོ་སྔགས་ཀྱི་གཞུང་ཡོངས་སུ་རྫོགས་པར་བརྗོད་བྱ་རགས་པ་རེས་ཚོམ་པར་མ་བྱས་པ། བརྗོད་བྱ་ཕྲ་ཞིང་ཕྲ་བ་མཐར་ཐུག་པ་དེ་དག་མ་རྙེད་བར་དུ་སློབ་སྦྱོང་མཛད་པ་ཡིན་གསུང་འདུག འོ་དེ་འདྲའི་སློབ་གཉེར་གནང་རྗེས་གདན་ས་ཁག་ལ་གྲྭ་སྐོར་མང་པོ་ཕེབས། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། བློ་གཟུ་བོར་གནས་མཁན་སྐྱེས་བུ་ཐམས་ཅད་ཀྱིས་བསམ་བཞིན་དུ་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞིས་མཁན་ཞིག་མིན་ན་སུ་འདྲ་ཡིན་བསམས་ཏེ། ཐམས་ཅད་ཀྱིས་རང་དབང་མེད་པ་དད་པ་སྐྱེས། འོན་ཀྱང་། ད་དུང་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་མ་རྙེད་པའི་ཚུལ་བཟུང་སྟེ་བླ་མ་དབུ་མ་པ་མཇལ། བླ་མ་དབུ་མ་པ་ཟེར་བ་དེ། ཆུང་ཆུང་སྐབས་མདོ་སྨད་དུ་ཟོག་རྫི་ཕེབས་པའི་ཁ་ཐུག་ལ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ། དམ་པ་ཁོང་གི་སྙིང་ཁ་ནས་ཨ་ར་པ་ཙ་ནའི་སྒྲ་འུར་འུར་གྲགས།དེའི་རྐྱེན་གྱིས་ཁོང་གི་སེམས་དྲན་མེད་དུ་བརྒྱལ་ཀྱང་། དེའི་རྗེས་སུ་ཁོང་གི་དྲན་པ་སོས་པའི་སྐབས་འཇམ་པའི་དབྱངས་ཀྱིས་ཞལ་དངོས་སུ་གཟིགས། དུས་དེ་ནས་བཟུང་སྟེ་འཇམ་པའི་དབྱངས་ལ་དུས་ག་དག་གསོལ་བ་བཏབ་ནའང་མི་དང་མའི་བར་ལྟ་བུའི་སྐད་ཆ་བཤད་ཆོག་པ་གྱུར་ཡོད། དེའི་རྗེས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ད་ཁྱེད་རང་གིས་སློབ་གཉེར་སྦྱར་ཟིན་པ་རེད། རང་གིས་གང་ཤེས་པ་དེ་སེམས་རྒྱུད་ལ་སྦྱར་དགོས་པས་བྱ་བྲལ་ལ་ཕེབས་དགོས་རེད། ཅེས་གསུངས་འདུག བྱ་བྲལ་ལ་མ་ཕེབས་པའི་སྔོན་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཁོང་ལ་བཀའ་ག་རེ་གནང་འདུག་ཟེར་ན། ད་ཁྱེད་རང་གིས་ཤག་ལ་ཟ་ཡས། འཐུང་ཡས།གྱོན་ཡས་ལ་སོགས་པའི་ཅ་ལག་གང་ཡོད་པ་ཐམས་ཅད་དགེ་འདུན་ལ་ཚོགས་གསོག་པའི་ཆེད་དུ་ཡར་ཕུལ་ཞིག་ཅེས་གསུང་འདུག ཁོང་གིས་ག་རེ་ཞུས་འདུག་ཟེར་ན།གང་ག་ཡར་འབུལ་ན། ངའི་འཚོ་རྟེན་ག་རེ་བྱ་དགོས་རེད་ཅེས་ཡར་ཞུས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཁོང་བཞུགས་གནས་དེའི་འོག་ཏུ་མར་ཁྲིད་དེ། རྡོ་ཞིག་འདུག་ཨ། རྡོ་དེ་ཡར་འགྱོགས་ཞེས་གསུང་འདུག་ཨ། ཁོང་གིས་རྡོ་ཡར་འགྱོགས་དུས་རྡོ་དེའི་འོག་ཚང་མར་གསེར་རྐྱང་རྐྱང་རེད་བྱས། གསེར་གྱིས་གང་བྱས། སེར་ལམ་གྱིས་མཐོང་ཡོད། ད་རྡོ་དེ་མར་འཇོག་ཅེས་དང་། ད་སོང་ཟེར། རྗེས་མར་འཚོ་རྟེན་འདི་ཆོག་རེད་མདོག་མདོག་བྱས། ཡ་གིའི་ཤག་ལ་ཡོད་པའི་ཅ་ལག་གང་ག་དགེ་འདུན་ལ་སྔོས་ཤིག་ཅེས་གསུངས། ཤག་ལ་ཡོད་པའི་ཅ་ལག་གང་ག་བླ་མ་དབུ་མ་ཁོ་རང་གིས་ཚོགས་ལ་བསྔོས་ན་རྗེས་མར་གསེར་ལེན་ཆོག་འདུག་དགོངས་བྱས།ཡ་གིའི་གང་ག་ཚོགས་ལ་བསྔོས་འདུག ཚོགས་ལ་བསྔོས་རྗེས་གསེར་གཅིག་ལེན་མཁན་འགྲོ་སྙམ་སྟེ་མར་འགྲོ་དུས་རྡོ་གཅིག་མ་གཏོགས་གསེར་གཅིག་ཀྱང་རྡུལ་ཕྲན་ཙམ་ཡང་མི་འདུག་ཨ། ད་ག་རེ་བྱས་དགོས་རེད་ཅེས་ཞུས་འདུག་ཨ། འཇམ་པའི་དབྱངས་ཀྱིས་ད་ཅི་བྱ། ཕྱོགས་མེད་པའི་རྒྱལ་ཁམས་པ་བྱས་ཏེ་མཚམས་བསྙེན་སྒྲུབ་བྱོས་ཞེས་བཀའ་གནང་བ་དེ་འདྲ་རེད། དེ་ནས། རྗེ་རིན་པོ་ཆེ་བླ་མ་དབུ་མ་པ་དང་མཇལ། མཇལ་ཚར་རྗེས་རྗེ་བཙུན་གྱི་རྗེས་གནང་དང་མང་ངག་མང་པོ་ཞུས་ཏེ། ཁོང་རྣམ་པ་གཉིས་ལྷན་གཅིག་ཏུ་ལྷ་སར་ཕེབས། ལྷ་སའི་ཇེ་བོ་རིན་པོ་ཆེ་ལ་གསོལ་བ་སྨོན་ལམ་མང་པོ་བཏབ། དེ་ནས། དགའ་ལྡན་དགོན་པར་ཕེབས། ཨེ་ནི། རྗེ་རིན་པོ་ཆེས་དེའི་སྔོན་ལ་རྗེ་བཙུན་འཇམ་པའི་དབྱངས་ལ་སྐད་ཆ་དྲི་དགོས་བསམ་ཡང་། རྗེ་རིན་པོ་ཆེར་དངོས་སུ་ཞལ་གཟིགས་པའི་ཚུལ་འདྲ་བོ་བསྟན་གྱི་ཡོད་མ་རེད།དེས་ན། བླ་མ་དབུ་མ་པར་ང་དེ་འདྲའི་དྭོགས་པ་ཟ་རུ་འདུག་རྗེ་བཙུན་འཇམ་དབྱངས་ལ་ཡར་ཞུ་རོགས་བྱོས་ཟེར་ནས་བླ་མ་དབུ་མ་པར་ལབ། བླ་མ་དབུ་མ་པས་ལོ་ཙྰ་བྱས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་ཡར་ཞུས། དེ་ནས། མར་བཀའ་ལན་གསུངས། ཡང་བླ་མ་དབུ་མ་པས་མར་གསུངས། དེ་འདྲ་བྱས་དགོས་ཡས་ཤིག་རེད།དེ་ནས། དགའ་ལྡན་ལ་བཞུགས་པའི་ཁ་ཐུག་ལ་རྗེ་རིན་པོ་ཆེས་རྟག་པར་རེ་བཞིན་གཞན་དག་ལ་དྲིས་ནས་ཞུ་དགོས་ན་དཀའ་མོ་ཞིག་འདུག ང་རང་གིས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་དང་མི་དང་མིའི་བར་གྱི་སྐད་ཆ་བཤད་ཀྱི་ཡོད་པ་ཞིག་ཐབས་ཤེས་བྱེད་དགོས་སྙམ་པ་ཐུགས་ལ་དགོངས་བྱས། ཁོ་རང་གིས་ཀྱང་ཚོགས་གསོག་སྒྲིབ་སྦྱོང་བྱས། ཐབས་གཅིག་ཏུ་གསོལ་བ་འདེབས། བསྙེན་པར་བཞུགས་པའི་ཁ་ཐུག་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་དངོས་སུ་གཟིགས། དེ་གསང་བའི་རྣམ་ཐར་ནང་དུ་གསུང་འོང་དུས། ཨིནྡྲ་ནྰི་ལའི་མདོག་ལྟར་རབ་སྔོ་བའི། །རབ་མཛེས་འོད་ཟེར་སྔ་ཡི་དྲ་བ་ཅན། །ཤིན་ཏུ་ཟླུམ་པའི་དབུས་སུ་འཇམ་པའི་དབྱངས།།མངོན་སུམ་གཟིགས་པ་རྗེ་བཙུན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས། ད་ཁྱེད་རང་ཚོས་མ་འོངས་པར་དགའ་ལྡན་མཇལ་བའི་ཁ་ཐུག་ལ། དངོས་གནས་དྲང་གནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐབས་གཅིག་ཏུ་སྐྱེད་མཁན་གྱི་ཡི་དམ་དེས་རྗེ་རིན་པོ་ཆེར་དངོས་སུ་ཞལ་གཟིགས་པའི་ཚུལ་མཛད་ས་དེ། གནས་འདི་ཡིན་ཨ་བསམས་ནས་གང་བློ་མ་དང་ཨ་ར་པ་ཙ་བཏོན་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་དགོས་འདུག་ཨ། དེ་ཡིན་ཙང་།ཐོག་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེར་ཞལ་དངོས་སུ་གཟིགས་པའི་ཚུལ་བསྟན་ས་དེ། ད་ལྟར་འབྲས་སྤུངས་ཡ་གིར་ལྷ་ས་ནས་ཡར་བལྟས་ན་བྲག་གཟར་པོ་མཐོན་པོ་ཞིག་འདུག་ཨ། འོ་དེའི་རྒྱབ་ལོགས་དེར་ཡོད་རེད། རྗེ་རིན་པོ་ཆེར་ཐོག་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་དངོས་སུ་གཟིགས་ས་དེར་ཡིན་པས་ང་དེར་སོང་བ་ཡིན། རྗེ་རིན་པོ་ཆེའི་བྲག་ཕུག་དེར་འདུག རྗེ་རིན་པོ་ཆེར་གསོལ་བ་སྨོན་ལམ་མང་བཏབ། དེར་གྲྭ་བ་ཁ་ཤས་འདུག་དེ་ཚོར་མང་ཇ་འདྲ་བཏང་།སྐུ་འགྱེད་འདྲ་ཕུལ་དེ་འདྲ་བྱས་ཡོད། དེ་ནས། ཕ་ག་ཕར་བལྟས་ན་སྐྱོར་མོ་ལུང་ཟེར་བ་ཞིག་ཡོད། སྐྱོར་མོ་ལུང་ལ་རྗེ་རིན་པོ་ཆེས་སློབ་གཉེར་བྱས་ནས་བཞུགས་པའི་ཁ་ཐུག་ལ་སྔ་རབས་པའི་ལྟ་བ་གང་ཡང་ངེས་བཟུང་མེད་པ་ཟེར་བ་འདྲ་དང་། ཁས་ལེན་མེད་ཟེར་བའི་ལྟ་བ་རྣམས་ཐུགས་ལ་ཡོད་པའི་ཚུལ་བསྟན་བྱས། ཚོགས་ཡར་འཚོགས་འགྲོ་བའི་ཁ་ཐུག་ནས་ཚོགས་མར་མ་གྲོལ་བར་དུ་ཏིང་འཛིན་གཅིག་གི་སྒང་ལ་དེའི་སྟེང་དུ་གནས་ཐུབ་ཀྱི་འདུག་ཅེས་གསུང་ཡས་དང་། དེའི་སྐབས་སུ་རྗེ་རིན་པོ་ཆེས་སྐུ་རྒྱབ་རྟེན་སའི་ཀ་བ་དེའི་མིང་ལ་ཏིང་འཛིན་ཀ་བ་ཟེར་བ་དེ། ད་ལྟར་ཡང་མཇལ་གྱི་འདུག ཁོ་རང་ཚོས་རྩ་ཆེན་པོ་བྱས་ནས་བདག་པོ་ཡག་པོ་བྱེད་འདུགའོ་དེ་འདྲ་ངས་མཇལ་སོང་། དངོས་གནས་དྲང་གནས། ང་ས་དགེ་བཀའ་སྙིང་ཇོ་ནང་དང་བཅས་པའི་སྐྱེས་ཆེན་དམ་པ་རྣམས་དང་། དེའི་ཆོས་ཐམས་ཅད་ལ་སེམས་སྟེང་ནས་དད་པ་ཡོད། དེ་ལ་གཡོ་ཟོལ་རྩ་བ་ཉིད་ནས་མེད། འོན་ཀྱང་། རང་གི་ཐུན་མོང་མ་ཡིན་པའི་སྟོན་པ་ནི་ཡབ་རྗེ་བླ་མ་ཙོང་ཁ་པ་ཡིན་པས་དང་པོར་དེའི་ཞལ་གྱིས་ཟིན་དགོས་རེད། དེ་ལ་ཕྱིར་མི་ལྡོག་པའི་དད་པ་ཞིག་སྐྱེ་དགོས་དགོས་རེད་བསམས་ནས། དེའི་རྣམ་པར་དཀར་བའི་མཛད་པ་མཐོང་ཙམ་དང་། སོ་སོའི་ཨ་མཆོག་གིས་ཐོས་ཚད་ཐམས་ཅད་རྗེས་སུ་དྲན་ནས་སོང་བ་ཡིན། སྤྱིར་བཏང་སྐུ་གསུང་ཐུགས་རྟེན་གང་བཞེང་པ་ཐམས་ཅད་མཇལ་ཡས་དང་། ཁྱད་པར་དུ་ཡབ་རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་གཙང་མའི་ཆ་ཤས་ཙམ་ཞིག་ཚེ་འདིར། ཡང་སྙིང་། དད་ལྡན་མང་ཚོགས་དང་། སོ་སོར་འབྲེལ་ཡོད་པ་དེ་ཚོའི་སེམས་རྒྱུད་ལ་བག་ཆགས་ཤིག་འཇོག་ཡས་དང་། རང་གིས་ཀྱང་ཤི་ཁ་ལ་སེམས་ཀྱི་གཏིང་ནས་ཡབ་རྗེ་བླ་མ་ཙོང་ཁ་པར་གསོལ་བ་ཞིག་འདེབས་ཐུབ་ཡས་ཆེད་དུ་གང་ག་མཇལ་དུ་སོང་། དེ་ནས།རྗེ་རིན་པོ་ཆེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བཀའ་ག་རེ་གནང་འདུག་ཟེར་ན། རྗེ་རིན་པོ་ཆེའི་དངོས་སློབ་གུང་རུ་རྒྱལ་མཚན་བཟང་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་ནང་དུ་ག་རེ་གསུང་འདུག་ཟེར་ན། རྗེ་བཙུན་གྱི་དྲུང་དུ་བླ་མ་དེ་ཉིད་ཀྱི་ལོ་ཙྰ་མཛད། རྗེའི་ཞལ་སྔ་ནས་སྤྱིར་བདེ་བ་གཤེགས་པའི་ངེས་དོན་གྱི་གསུང་རབ་དང་། འཕགས་པ་ཡབ་སྲས་ཀྱི་གཞུང་དང་། ཁྱད་པར་དུ་བཞི་བརྒྱ་པའི་རྩ་འགྲེལ་ལ་བརྟེན་ནས་ཁས་ལེན་མེད་ཅིང་རང་ལུགས་ལ་ངེས་བཟུང་ཀུན་དང་བྲལ་བ་རྣམ་བཞག་ཐམས་ཅད་གཞན་ངོར་བསྐྱེད་དགོས་པའི་གོ་བ་ཅིག་ཡོད་པས། ངེད་ཀྱི་ལྟ་བ་འདི་ཐལ་རང་གང་དུ་གཏོགས་ཞེས་དྲིས། འཇམ་པའི་དབྱངས་ཀྱིས། གང་ཡང་མིན་ཞེས་གསུངས། རྗེ་རིན་པོ་ཆེས་རང་རྒྱུད་ཀྱི་ལྟ་བ་འདི་ཐལ་རང་གང་རུང་དུ་གཏོགས་སྙམ་ཐུགས་ལ་དགོངས་ནས་འཇམ་པའི་དབྱངས་ལ་བླ་མ་དབུ་མ་པས་ལོ་ཙྰ་བྱས་ནས་ཞུས་ཀྱང་། འཇམ་པའི་དབྱངས་ཀྱིས་ཁྱོད་ཀྱི་ད་ལྟའི་ལྟ་བ་འདི་གང་ཡང་མིན་ཞེས་བཀའ་གནང་འདུག་ཨ། གུང་རུ་རྒྱལ་མཚན་བཟང་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་ལས། དེ་ནས། རྗེ་བཙུན་གྱིས་རྟེན་འབྲེལ་དང་སྟོང་པའི་ངེས་པ་ཕན་ཚུན་ཆ་མཉམ་ནས། ཁྱད་པར་དུ་རྟེན་འབྲེལ་གྱི་ཕྱོགས་ལ་གཙོས་སུ་བྱ་དགོས་ཞེས་ཡང་ཡང་གསུངས། ཁྱེད་རང་གི་ད་ལྟའི་ལྟ་འདི་གང་ཡང་མིན། ཡིན་ན་ཡང་སྟོང་ཕྱོགས་དང་སྣང་ཕྱོགས་ཆ་མཉམ་དུ་བསྒོམ་དགོས། དེའི་ནང་ནས་ཀྱང་སྣང་ཕྱོགས་གཙོ་བོར་བྱོས། ཟེར་དགོས་ཡས་ནི་དེང་སྐབས་དེར་བོད་སྔ་རབས་པ་ཕལ་ཆེ་བས་སྟོང་ཕྱོགས་རྐྱང་རྐྱང་བསྒོམས་ཏེ། ཆ་ཚང་བཀག་སྟེ་ལས་རྒྱུ་འབྲས་ཀྱི་ངེས་པ་རྙེད་ས་མེད་པ་ཆགས་ཡོད། དེའི་གནད་ཀྱིས་སྣང་སྟོང་ཆ་མཉམ་དབྱེར་མེད་པ་གཅིག་དང་། དེའི་ནང་ནས་ཀྱང་སྣང་ཕྱོགས་གཙོས་སུ་བྱས་ནས་བསྒོམ་ཟེར་དགོས་ཡས་དེ་རེད། ལས་རྒྱུ་འབྲས་ལ་ངེས་པ་སྐྱེ་བ་སོགས་སྣང་ཕྱོགས་ཤོར་ཡས་ཉེན་ཁ་ཆེ་བས་སྣང་ཕྱོགས་གཙོས་སུ་བྱོས་གསུང་དགོས་ཡས་དེ་རེད། གུང་རུ་རྒྱལ་མཚན་བཟང་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་ལས། དེ་ནི། སྔར་ཆོས་ལུང་དུ་དྲིས་ལན་མཛད་པའི་ཚུལ་ལོ།། འདི་ཉིད་དུ་གསོལ་བ་དྲག་ཏུ་བཏགས་ནས་ཞུས་དུས། ལྷན་སྐྱེས་དང་ཀུན་བརྟགས་གཉིས་ཀྱིས་ཇི་ལྟར་བཟུང་བའི་ཚུལ་དང་། གྲུབ་མཐའ་གོང་འོག་གི་རྟགས་ཀྱི་དགག་བྱ་ཕྲ་རབ་ཀྱི་ཁྱད་པར་དང་། ཐལ་འགྱུར་བའི་ལྟ་བ་རྟོགས་པའི་ཚད་དང་། ཐ་སྙད་ཀྱི་འཇོག་མཚམས་བདེ་བ་རེ་དང་། སྔགས་ཀྱི་མཚན་ཉིད་ཀྱི་ཁྱད་པར་དང་། གསང་བ་འདུས་པའི་རིམ་པ་ལྔའི་ཁྱད་པར་དང་། རིམ་པ་དང་དྲང་ངེས་ལ་སོགས་པ་རྣམས་ཀྱི་གནད་ཤིན་ཏུ་བསྡུས་པ་རེ་གསུངས་ཞེས་ཡར་ཞུས། ཞེས་བཀའ་སློབ་ཚན་པ་དང་པོའོ།།
                              དགེ་ཆོས་འདིའི་ནང་ཆད་ལྷག་བྱུང་ཡོད་ན།།
                              དགེ་འདུན་མཁས་དབང་མདུན་དུ་སྙིང་ནས་འཆགས།།
                              དགེ་བ་འདིས་མཚོན་བསགས་དང་བསགས་འགྱུར་ཀུན།།
                              དགེ་འདུན་ལུགས་བཟང་དར་བའི་རྒྱུ་རུ་བསྔོ།།
          སྤྱི་ལོ་༢༠༡༦/༡༢/༢༤བོད་ཟླ་༡༠/༢༥དྲིན་ཅན་རྩ་བའི་བླ་མ་༧རྗེ་ཙོང་ཁ་པ་ཆེན་པོ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཉིན་མོར་དུས་ཚིགས་ཀྱི་མཆོད་པའམ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། སྟོང་སྐོར་དགོན། དགེ་བློ་བཟང་སྦྱིན་པས། དགེའོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716