སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྡོ་རྗེ་དྲིལ་བུའི་བཤད་པ་རྒྱུད་ལུང་དཔང་བཞག་ཅེས་བྱ་བ་བཞུགས་སོ།
སྤེལ་དུས། 2012-06-11   ཡོང་ཁུངས། ཀྲུང་གོའི་བོད་རིག་པའི་དྲ་བ།   རྩོམ་པ་པོ།  མི་གསལ།
    ན་མོ་གུ་རུ་སརྦ་སིདྡྷི་མེ་པྲ་ཡཙྪ་ཡེ། མ་ལུས་རྒྱལ་ཀུན་མཁྱེན་བརྩེ་དང་།། ནུས་བྱིན་འཕྲིན་ལས་བདག་ཉིད་མཆོག། རྡོ་རྗེ་འཛིན་དངོས་བླ་མ་དང་།། ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད།། འདི་ན་རྡོ་རྗེ་ཐེག་པ་ཡི།། ལམ་གྱི་ཡན་ལག་རྡོར་དྲིལ་གྱི།། ཚིག་དོན་རང་གིས་གོ་ཐོས་ཀྱིས།། དཔོགས་ཙམ་འབྲི་ལ་ཡིད་ཕྱོགས་ན།། དོན་གཉེར་མཆོག་གང་དགྱེས་པ་བསྐྱེད།། བླ་མེད་རྡོ་རྗེ་ཐེག་པ་ལ། སྔ་ཕྱི་འགྱུར་གཉིས་བྱུང་བ་ལས།། རྡོར་དྲིལ་ཚད་དང་མཚན་ཉིད་དང་།། རྣམ་དག་མཚོན་དོན་དེ་ཉིད་དང་།། རབ་ཏུ་གནས་དང་བཅང་ཚུལ་ལོ།། དང་པོ་རྡོ་རྗེ་ལ་ཡང་གཉིས།། མཚོན་བྱ་དང་ནི་མཚོན་བྱེད་དོ།། དང་པོ་གསང་བའི་རྡོ་རྗེ་ཞེས།། རྒྱན་ཀུན་ཐུགས་ཀྱི་ཡེ་ཤེས་སོ།། གཉིས་པ་རྟགས་ཀྱི་རྡོ་རྗེ་ནི།། རྩེ་མོ་གཅིག་གསུམ་ལྔ་དགུ་དང་།། སྣ་ཚོགས་རྡོ་རྗེ་ལ་སོགས་པ།། ཞི་བ་རྭ་ཟུམ་དྲག་པོར་གདེངས།། རྭ་གསུམ་དང་པོ་ལྔ་པ་ཡི།། སྣ་ཚོགས་རྡོ་རྗེ་གཉིས་སུ་ངེས།། དྲིལ་བུ་རྩེ་ལྔ་རྩེ་དགུ་ཡི།། ཡུ་བ་བྱས་པ་གཙོ་ཆེ་ཞིང་།། སྐབས་འགར་སྣ་ཚོགས་རྡོ་རྗེ་ཡང་།། ཡོད་པའི་མཐའ་ནི་བཀག་པ་མེད།། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ནི།། དགུག་ལ་རྡོ་རྗེ་རྩེ་གསུམ་སྟེ།། རྩེ་མོ་དག་ནི་གདེངས་པར་བྱ།། དེ་བཞིན་རྩེ་མོ་གཅིག་པ་ནི།། ཀླུ་རྣམས་སྐྲག་པར་བྱེད་པའོ།། ཁྲོ་བའི་རྡོ་རྗེ་གདེངས་པ་སྟེ།། ལྷག་མ་རྣམས་ཞི་འདུལ་བྱེད་པའོ།། ཞི་ལ་ཞི་བའི་ལྷ་ཉིད་དེ།། རིགས་ཀྱི་རིམ་པ་ཆོ་གས་དབྱེ།། ཞེས་སོགས་གསུངས་ཤིང་དོན་དུ་ནི།། སྒྲུབ་པོས་ཞི་ཁྲོ་གང་བསྒྲུབ་ཀྱང་།། དེ་ཡི་རྡོ་རྗེ་བཟུང་ནས་སུ།། བསྒྲུབ་ན་ལྷ་དང་ཉེ་བར་འགྱུར།། དྲིལ་བུའང་དེ་ཡི་རྗེས་སུ་འགྲོ།། ཡང་གཅིག་མཁའ་འགྲོ་རྡོ་རྗེ་ལས།། རྩེ་དགུ་ཞེས་ནི་བྱ་བ་ཡི།། ཡེ་ཤེས་རྡོ་རྗེས་འགྲོ་བ་སྒྲོལ།། ཞེས་གསུངས་རྡོར་དྲིལ་རྩེ་དགུ་ལ།། ཡེ་ཤེས་རྡོ་རྗེ་ཞེས་པ་དང་།། རྩེ་ལྔར་དམ་ཚིག་རྡོར་དྲིལ་ཟེར།། གཞན་ཡང་གདན་བཞི་སམྦུ་ཊ།། ལ་སོགས་འགའ་ལས་རྩེ་དགུ་ཡི།། རྣམ་བཞག་བཤད་ལ་མིག་ཟུམ་པས།། རྩེ་ལྔ་རྩེ་དགུ་ཕྱི་ནང་གི།། རྡོར་དྲིལ་ཡིན་ཞེས་སྨྲ་ན་བླུན།། གཞན་ཡང་མཁའ་འགྲོ་རྒྱ་མཚོ་ལས།། རྩེ་དགུ་རྩེ་མོ་གཅིག་པ་དང་།། རྩེ་ལྔ་རྩེ་མོ་གསུམ་པ་ཅན།། དེ་ལྟར་ལ་སོགས་དྲིལ་བུ་ཆེ།། རྩེ་མོ་སྟོང་གི་བར་དུའོ།། ཞེས་གསུངས་གྲགས་དང་གོ་རིམ་གྱི།། རྡོར་དྲིལ་ཡོད་ཚུལ་མཁྱེན་དགོས་སོ།། མཚོན་བྱེད་རྟགས་དང་མཚོན་བྱ་དོན།། ཕྱི་དང་ནང་དུ་དབྱེ་ཤེས་བྱ།། རྡོར་དྲིལ་ཚད་དང་མཚན་ཉིན་ནི།། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ནི།། ཞི་དང་རྒྱས་དང་མངོན་སྤྱོད་ཀྱི།། རྡོ་རྗེ་དག་ནི་ཐམས་ཅད་ཀྱང་།། གསེར་ལ་སོགས་པས་ལེགས་པར་བརྡུངས།། ཞེས་གསུངས་གང་རུང་རྫས་ཀྱིས་ཆོག། ཚད་ནི་ཆང་བཟུང་ཆ་གཅིག་དང་།། རྩེ་ཟུང་ཆ་གཉིས་བགོ་དགོས་ཤིང་།། སོར་བཞིའམ་སོར་དྲུག་ནས་བཟུང་སྟེ།། སོར་མོ་ཉི་ཤུའི་སྲིད་ལྟ་བུའི།། ཆ་མཉམ་གསུམ་དུ་ཤེས་པར་བྱ།། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས།། དབུས་མ་རིང་བ་ཉིད་ཀྱིས་ནི།། ཆ་གསུམ་གྱི་ནི་ཚད་དག་བྱ།། ཞེས་དང་མན་སྙེ་དཔང་འགྱུར་ལ།། ཆ་གསུམ་བགོས་པའི་ཆ་ཡི་ཚད།། ལྟེ་བའི་ཆ་ཤས་བརྒྱད་པའོ།། རྭ་རྣམས་རྩེ་གུག་ཆས་ཤས་བཞི།། དབུས་རྭའི་འོག་ནི་ཟླུམ་པོ་དང་།། དབུས་རྭ་གྲུ་བཞི་དྲང་ལ་རྣོ།། རྐེད་དཀྲིས་གསུམ་ལྡན་ནས་འབྲུའི་དབྱིབས།། རྭ་བར་རྣམས་མཉམ་ནས་འབྲུའི་ཚད།། དབུས་རྭའི་སྐེད་སྦོམ་སྟེང་འོག་ཕྲ།། རྩེ་མོ་ཟླུམ་འབུར་ཅུང་ཟད་ལྷག། རྭ་གཞན་དབུས་སྦོམ་མཐའ་གཉིས་ཕྲ།། རྒྱུད་ལས་གསུངས་པ་བསྡུས་ཏེ་བཀོད།། ལྟེ་བའི་ཆ་ཤས་བརྒྱད་ཅེས་པ།། ཕྱོགས་མཚམས་བརྒྱད་དུ་བགོས་པའི་དོན།། ཆ་གསུམ་དོན་ནི་ལྟེ་བ་དང་།། ངོས་གཉིས་དཔལ་འཁོར་ཆ་མཉམ་པར།། རྭ་རྣམས་ཟུར་བཞི་དབུས་རྭར་ཟུག། ལྟེ་བ་རིན་ཆེན་ཟུར་བརྒྱད་ལྟར།། སྐབས་འགར་ཟུར་ཡང་དགོས་ཚུལ་བཤད།། རྩེ་ལྔ་རྩེ་དགུ་གང་ཡིན་ཡང་།། སྤྱིར་བཏང་ཙམ་དུ་གོང་གསལ་བཞིན།། བྱེ་བྲག་རྡོ་རྗེའི་ལུས་ཚད་ལ།། གཞལ་ནས་ཆ་ཚད་བགོ་ཚུལ་བསྟན།། དབུས་རྭའི་སྟོད་ཆ་ཟུར་བཞི་པ།། ཡིན་ཡང་གདན་དང་འཕྲད་མཚམས་ཀྱི།། རྩ་བ་ཟླུམ་པོ་དགོས་པར་གསུངས།། པད་འཁོར་རྩེ་མོ་རྩ་བ་གཉིས།། རིམ་པས་ཆུང་དང་ཆེས་གཞོལ་ཞིང་།། དབུས་ཆ་ཅུང་ཟད་མཐོ་བར་བྱ།། ཕན་ཚུན་པད་འཁོར་ཁ་ཆོད་ཚུལ།། ཟླུམ་སྐོར་ཟླ་བའི་གདན་ཡིན་པས།། དེ་སྟེང་འཁོར་མོ་མུ་འཁྱུད་ལྟའི།། རི་མོའི་བསྐོར་ལ་ཁ་ཁྱོན་ཟེར།། དེ་ཚུལ་དོར་ནས་ཟླུམ་གཟུགས་ཀྱི།། ཕྱི་ལ་བསྐོར་བ་སྨད་པའི་གནས།། རྡོ་རྗེ་ཆ་གསུམ་བགོ་བའི་ཚེ།། ཟླ་བ་མུ་ཁྱུད་དབུས་ཆར་བརྩི།། ལྟེ་བའི་གཡས་གཡོན་འཁོར་མོ་རུ།། རི་མོ་མུ་ཏིག་འཕྲེང་ལྟར་བསྐོར།། ལྟེ་བར་ཧཱུྃ་ཡིག་འབྲི་བ་ཡང་བཤད།། དབུས་རྭ་མ་གཏོགས་རྭ་རྣམས་ཀུན།། ཆུ་སྲིན་ཁ་ནས་འཐོན་པར་བྱ།། དེ་དོན་སམྦུ་ཊ་ལས་ནི།། ཆུ་སྲིན་ཁ་ནས་བྱུང་བ་ཡི།། རྩེ་མོ་འོད་ཟེར་ཟླ་བར་གནས།། ཞེས་དང་མན་ངག་སྙེ་མ་ལས།། བསྟན་པ་ཚིགས་སུ་བཅད་དེ་འཆད།། རྭ་རྣམས་ཆུ་སྲིན་སོའི་བར་ན།། གནས་ཤིང་སྣ་ཡི་སྟེང་དུ་ནི།། འབྲས་སའི་ལྐོག་པོའི་ཕྱེད་ཚད་ཙམ།། ཆུ་སྲིན་གདོང་ནི་རྭའི་བཞི་ཆ།། ཞེས་པ་སྔ་མ་སྣའི་སྲིད་ཚད།། ཕྱི་མ་སྣ་གདོང་ཚངས་མའི་དཔངས།། རྭ་ཡི་བཞི་ཆའི་ཚད་དུ་འདོད།། སྐབས་འགར་ཆུ་སྲིན་སྣ་ལ་ནི།། སེང་གེའི་སྣ་ཞེས་མིང་བརྗེས་ནས།། སྣ་རྩེ་རྭ་ཡི་ཕྱིར་འཕགས་ཚད།། ནས་འབྲུའི་ཚད་ཙམ་དགོས་ཞེས་བཤད།། རྡོ་རྗེ་ཆེ་ཆུང་གང་ཡང་རུང་།། ཆུ་དང་ཞེང་ནི་མཉམ་དགོས་ཞེས།། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས།། དེ་དོན་རྭ་གུག་ཕྱིར་འཁོར་ནས།། སྲད་བུས་ཚད་ལ་ཞེང་དང་ནི།། དེ་ཉིད་རྩེ་གཉིས་བར་ཚད་པ།། ཆུ་ཞེང་སྔོན་བྱོན་མཁས་རྣམས་བཞེད།། དེ་དག་རྩེ་དགུ་རྩེ་ལྔའི་སྤྱིའི།། བཤད་པ་ཡིན་གྱི་ལོག་ན་དབེན།། རྩེ་ལྔ་ཕྱོགས་ཀྱི་པད་འདབ་བཞིའི།། རྩེའི་ཐད་ཟླ་གདན་ལས་འཐོན་དང་།། རྩེ་དགུ་ཕྱོགས་མཚམས་པད་འདབ་ཀྱི།། རྩེ་ཐད་ལས་ནི་སྔོན་བཞིན་ནོ།། དྲག་པོའི་རྡོ་རྗེའང་དེ་བཞིན་ལས།། དབུས་རྭར་འཕྲད་ཚེ་ཕྱིར་གྱེས་ཤིང་།། རྭ་རྣོ་ཁ་གདངས་དབུས་ལས་དམའ།། དབུས་ཀྱི་རྭ་ཡང་རྣོ་བར་བྱ།། རྭ་གསུམ་ལ་ཡང་ཁ་ཟུམ་དང་།། ཁ་གྱེས་གཉིས་པོ་གོང་དང་མཚུངས།། རྩེ་གཅིག་ལྟེ་བ་པད་ཟླ་སོགས།། སྔོན་མར་མཚུངས་ཤིང་ཕྱོགས་རྩེ་སྤངས།། དབུས་རྭར་ཤིན་ཏུ་རྣོ་དགོས་གསུངས།། རྡོ་རྗེའི་བཤད་པ་དེ་ཙམ་མོ།། དྲིལ་བུའི་ཚད་དང་མཚན་ཉིད་ནི།། རྒྱུད་ཆེན་རྡོ་རྗེ་མཁའ་འགྲོ་ལས།། ཀུན་ལ་འཁར་བའམ་ཡང་ན་ནི།། ལྕགས་གསུམ་ལ་ནི་དྲིལ་བུ་སྟེ།། ཆ་གསུམ་ལས་ནི་ལྡན་པར་བྱ།། ཞེས་པས་འཁར་བའམ་གསེར་དངུལ་ཟངས།། གང་ཡང་རུང་བར་ངེས་བྱས་ནས།། རྡོ་རྗེ་ཇི་བཞིན་ཆ་གསུམ་བགོ། དེ་ཡང་ཁོག་པ་ཆ་གཅིག་ལ།། དབྱུག་པ་ཆ་གཉིས་གསུངས་པའི་དོན།། དྲིལ་བུའི་ལུས་ཚད་ཆ་དྲུག་ཏུ།། བགོས་པའི་ཆ་བཞི་ཁོག་པ་དང་།། ཆ་གཉིས་དབྱུག་པར་ཤེས་པར་བྱ།། ཞེས་གསུངས་སྔ་མར་སྤྱི་ཙམ་དང་།། རྗེས་མ་བྱེ་བྲག་འབྱེད་པའི་ལུགས།། དེ་ལྟར་བཟང་པོ་ཡོངས་བཟུང་ལས།། དྲིལ་བུ་ཀུན་ཏུ་ཆ་དྲུག་ལ།། དེ་ཡི་ཆ་བཞི་འཁར་བ་ཡིན།། རང་བཞིན་མ་དྲེས་པ་ལས་བྱ།། གཞན་ནི་གཞན་ལས་བརྟགས་པར་བྱ།། ཞེས་པས་ཆ་བཞི་ཁོག་པ་དང་།། སྟེང་ཆ་འོག་ཆ་ཤེས་རབ་ཞལ།། བུམ་པ་གདན་དང་བཅས་པ་ཡིན།། དེ་སྟེང་པདྨ་རྡོར་ཕྱེད་བཅས།། ཆ་གཅིག་བྱས་པས་ཤིན་ཏུ་ལེགས།། ཅིའི་ཕྱིར་ཞེ་ན་དབྱུག་པ་ནི།། གཟུགས་མེད་གནས་དང་དེ་འོག་གི།། ལྷ་མོ་བརྒྱད་མཚན་དགོད་པའི་གནས།། གཟུགས་ཁམས་ཡིན་ནོ་དེ་འོག་གི།། ནང་གི་དབྱུག་གུ་ནམ་མཁའ་བཅས།། འདོད་པའི་ཁམས་སུ་འདོད་དགོས་པ།། ཁོག་པའི་སྟེང་འོག་པདྨ་ལས།། ལྷ་མོའི་ས་བོན་བརྒྱད་བཀོད་ཅིང་།། ལོངས་སུ་དྲྭ་བ་བརྒྱད་ནང་དུ།། ཕྱག་མཚན་དགོད་པར་གསུངས་པ་བཞིན།། དེ་ཡན་ཆ་གཉིས་དེ་མན་ཆད།། ཆ་གཉིས་བྱས་པས་ཆ་བཞིར་འགྱུར།། དེ་ལྟར་གསུམ་གཉིས་བསྡོམས་པ་ན།། རྒྱུད་རྣམས་དགོངས་དོན་གཅིག་རུ་འབབ།། དྲིལ་བུའི་ཁ་ཡི་རྒྱ་ཚད་ནི།། ཞེང་དང་ཆུ་རུ་མཉམ་དགོས་པས།། དྲིལ་བུའི་ཁ་ཡི་རྒྱ་ཚད་དང་།། ཁོག་པའི་དཔངས་ཚད་མཉམ་དགོས་བཞེད།། དྲིལ་བུ་རིགས་ནི་རྣམ་གསུམ་སྟེ།། རྡོར་སེམས་སམ་ནི་ཡེ་ཤེས་དྲིལ།། དཔའ་བོ་དང་ནི་རིགས་སོ་སོའི།། དྲིལ་བུ་གསུམ་ལས་དང་པོ་ནི།། རྩེ་ལྔ་རྩེ་དགུ་གཉིས་ཡོད་ཀྱང་།། གཙོ་བོར་རྩེ་དགུ་ཡིན་གསུངས་ཏེ།། ཡེ་ཤེས་བདུད་རྩིའི་དྲིལ་བུ་ནི།། རྩེ་མོ་དགུ་པ་དེ་བཞིན་ནོ།། རྡོ་རྗེ་མཁའ་འགྲོའི་ལུང་ལས་སོ།། རྩེ་ལྔ་རྩེ་དགུ་མ་གཏོགས་པའི།། མཚན་ཉིད་གཞན་ལས་ཁྱད་པར་མེད།། ཤེས་རབ་ཞལ་འོག་བུམ་པའི་གདན།། སྟེགས་བུ་གྲུ་བཞི་དེའི་འོག་ཏུ།། ཕྲེང་བ་སུམ་བརྩེགས་རིས་སུ་བྱ།། དེ་འོག་པདྨ་བྱ་བ་ནི།། དྲིལ་བུའི་ཁོག་པའི་ཡ་ཕུབ་ཀྱི།། སྟེང་གི་ཕྱི་ཡི་པདྨ་ཡིན།། རྩེ་མོ་ལྔ་དགུ་གང་ཡིན་ཀྱང་།། ཤེས་རབ་ཞལ་གྱི་གདན་དུ་ནི།། བུམ་པ་ཁོ་ན་བཤད་པ་ལས།། བུག་པ་གསར་རྒྱུད་ལས་མ་མཐོང་།། རྙིང་རྒྱུད་ཕུར་པར་དེ་ལྟར་འདུག། པདྨ་བྱས་པ་འགའ་མཐོང་ཡང་།། རྒྱུད་ན་མེད་ཅེས་བཀག་པ་མཐོང་།། ཡ་ཕུབ་སྟེང་གི་པདྨ་ལ།། ཤར་ནས་གཡོན་བསྐོར་ཕྱོགས་བཞི་རུ།། སྒྲོལ་མ་གོས་དཀར་མ་ཊཱཾ་ཀི།། རིམ་བཞིན་བཀོད་ཅིང་ཤར་ལྷོ་ནས།། གཡས་སུ་བསྐོར་ཏེ་མཚམས་བཞི་རུ།། ནོར་འཛིན་མ་དང་ཙུནྡྲ་དང་།། ཁྲོ་གཉེར་ཅན་དང་རྡོར་ཕྲེང་མ།། གཡོན་བསྐོར་ལྔ་ཡི་ས་བོན་ནི།། ཏཱཾ་པཱཾ་མཱཾ་ལཱཾ་བཞི་ཡིན་ཞིང་།། གཡས་བསྐོར་བཾ་ཙུཾ་བྷྲིཾ་མཾ་ཡིན།། དེ་ལྟར་དུ་ནི་གདན་བཞི་ཡི།། འགྲེལ་པར་ལྷ་མོ་བརྒྱད་པོ་ཡི།། སྐུ་དང་ས་བོན་གང་རུང་བཀོད།། གསུངས་པའི་དོན་ནི་དེ་བཞིན་ནོ།། ཡང་གཅིག་རྡོ་རྗེ་མཁའ་འགྲོ་ལས།། པདྨ་མཆོག་གི་འདབ་མ་ལ།། དྲྭ་བ་དྲྭ་བ་ཕྱེད་པས་བརྒྱན་།། ཞེས་པས་པདྨའི་འོག་ངོས་སུ།། མུ་ཏིག་ཕྲེང་བ་ཟུང་བར་གནས།། རྡོ་རྗེ་འཕྲེད་ཉལ་ཕྲེང་བ་དང་།། དེ་འོག་དྲྭ་བ་བརྒྱད་ནང་དུ།། ཕྱོགས་བཞིར་ཤར་ནས་རིམ་བཞིན་དུ།། འཁོར་ལོ་རིན་ཆེན་པདྨ་གྲི། མཚམས་བཞིར་ཤར་ལྷོ་ནས་བརྩམ་སྟེ།། སྤྱན་དང་རྡོ་རྗེ་པདྨ་དང་།། ཨུཏྤལ་དང་བཅས་གཡས་བསྐོར་བྱ།། དེ་འོག་ཁ་ཡི་ཕྱི་བསྐོར་མཐར།། མུ་ཏིག་ཕྲེང་བ་གཉིས་གཤིབས་བར།། རྡོ་རྗེ་གྱེན་འགྲེང་ར་བས་བསྐོར།། དེ་དག་དྲིལ་བུ་སྤྱི་ཡི་དོན།། བྱེ་བྲག་རྡོར་སེམས་དྲིལ་བུ་ནི།། རྡོ་རྗེ་མཁའ་འགྲོའི་ལུང་ལས་ནི།། ཡེ་ཤེས་བདུད་རྩིའི་དྲིལ་བུ་ནི།། རྩེ་མོ་དགུ་པ་དེ་བཞིན་ནོ།། སོར་མོ་བཅུ་གཉིས་ཚད་དུ་ནི།། རྡོ་རྗེའི་ཕྲེང་བས་སྐ་རགས་བྱས།། པདྨ་མཆོག་གི་འདབ་མ་ལ།། དྲྭ་བ་དྲྭ་བ་ཕྱེད་པས་བརྒྱན།། སྔོན་བཞིན་མཚན་ཉིད་ཐམས་ཅད་ལྡན།། ལྷ་མོ་ཡི་ནི་མཚན་མས་མཛེས།། ཤར་གྱི་ཕྱོགས་སུ་པདྨ་ནི།། ཁ་དོག་དཀར་པོས་མཛེས་པར་བྱ།། གཤིན་རྗེ་པདྨ་སྔོ་དམར་ཏེ།། ནུབ་ཀྱི་ཕྱོགས་སུ་པདྨ་དམར།། བྱང་དུ་ཨུཏྤལ་ལ་ནི་བྲི།། ཞེས་པར་འགྲེལ་པ་གཞན་མི་དགོས།། དཔའ་བོའི་དྲིལ་བུ་མན་སྙེ་དང་།། གོང་དུ་དྲངས་པའི་ལུང་ཉིད་ལས།། དེ་ནས་དཔའ་བོའི་དྲིལ་བུ་སྟེ།། རྡོ་རྗེ་ཕྲེང་བའི་སྐ་རགས་གདན།། དེ་བཞིན་དུ་ནི་ཤེས་པ་དང་།། བདུད་རྩི་ཡི་ནི་བུམ་པར་ལྡན།། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས།། དྲྭ་བ་དྲྭ་ཕྱེད་སྤང་བར་བྱ།། སོར་དགུ་རུ་ནི་དཔངས་ལ་སྟེ།། ཁ་ནི་སོར་ལྔའི་ཚད་དུ་བྱ།། དེ་ལས་ཅུང་ཟད་ལྷག་བྱ་མིན།། རྩེ་ལྔ་པའམ་རྩེ་དགུ་པ།། གསུངས་པ་འཇམ་དྲིལ་མིན་པའི་དོན།། རྡོར་ཕྲེང་སྐ་རགས་སོགས་ཀྱིས་ཤེས།། དེ་བཞིན་གཤེགས་པའི་དྲིལ་བུ་ཡང།། སོ་སོའི་རིགས་ཀྱི་དབང་བྱས་ཏེ།། མན་སྙེ་རྡོ་རྗེ་མཁའ་འགྲོ་ཟུང་།། དགོངས་པ་གཅིག་ལུང་འདི་བཞིན་ཏེ།། དེ་ནས་དེ་བཞིན་གཤེགས་པ་ཡི།། དྲིལ་བུའི་མཚན་ཉིད་བཤད་པར་བྱ།། འཁར་བ་ལས་བྱུང་སྒྲ་སྙན་བྱེད།། ཁང་སྟོང་དང་ནི་བུམ་པར་ལྡན།། རྡོ་རྗེ་རིན་ཆེན་པད་མ་དང་།། རལ་གྲི་ལ་སོགས་ཚད་མ་ཅན།། དྲྭ་བ་དྲྭ་བ་ཕྱེད་པས་སྤྲས།། ཆུ་སྲིན་ལས་ནི་བྱུང་བ་ཡི།། ཡེ་ཤེས་ལྔ་ནི་རྣམ་དག་པས།། རྩེ་མོ་ལྔ་དང་ལྡན་པ་སྟེ།། སྐ་རགས་གཉིས་གཉིས་དབུས་སུ་ནི།། འཁོར་ལོའི་ཕྲེང་བ་གཉིས་དང་ལྡན།། དེ་བཞིན་སྐ་རགས་གཉིས་དབུས་སུ།། པདྨ་ལ་ནི་པད་ཕྲེང་གཉིས།། རིན་པོ་ཆེ་དང་རིན་ཆེན་དང་།། དེ་བཞིན་སྐ་རགས་ལྡན་པར་བྱ།། དོན་ཡོད་གྲུབ་པ་ཞེས་བྱ་ལ།། སྐ་རགས་གཉིས་དབུས་རལ་གྲིས་བརྒྱན།། ཀུན་ལ་ཤེས་རབ་གདོང་ལྡན་པས།། དཔའ་བོ་ཀུན་གྱིས་རྒྱལ་བར་འགྱུར།། ཞེས་གསུངས་རིགས་བཞི་སོ་སོ་ལ།། སོ་སོའི་ཕྱག་མཚན་གཉིས་རིམ་འགོད།། མཚན་ཉིད་གཞན་རྣམས་སྔར་བཞིན་དང་།། རྩེ་ལྔ་ཁོ་ནར་ངེས་བཟུང་དགོས།། རྡོ་རྗེའི་རིགས་ནི་སྔོན་བརྗོད་ཟིན།། ཞི་དྲག་དབྱེ་བ་རྭ་ཟུམ་དང་།། གྱེས་པའི་བྱེ་བྲག་ཤེས་བྱས་ནས།། རྒྱུད་ལས་ནང་གི་དབྱུག་གུ་ཞེས།། བོད་ཀྱིས་དྲིལ་ལྕེར་སྒྲོ་བཏགས་པ།། སམ་ཊའི་རྒྱུད་ལས་གསུངས་པ་དང་།། རྡོ་རྗེ་མཁའ་འགྲོའི་ལུང་ལས་ཀྱང་།། དབུས་ཀྱི་ཡེ་ཤེས་དབྱུག་པ་ནི།། ཟུར་བརྒྱད་པ་ནི་མཛེས་པར་བྱ།། ཞེས་པས་དྲིལ་བུར་འཚམས་པའི་ལྕེ།། ཟུར་བརྒྱད་ལྕེ་ཟླུམ་ཅུང་ཟད་འབུར།། རྒྱུ་ནི་ལྕགས་དག་པ་རུ་བཤད།། གཞན་ཡང་དྲིལ་བུའི་ཁ་ཡི་དབྱིབས།། པདྨ་ཁ་འབུས་ལྟ་བུ་དང་།། དེ་བཞིན་ཁ་ཕྱེས་རྣམ་པ་ཅན།། བ་ལང་ཁ་ལྟར་ཅུང་བཀུམ་ཚུལ།། ཞི་དྲག་ཁྱད་པར་དབྱེ་བ་མེད། དྲིལ་བུའི་མཚན་ཉིད་བརྗོད་ཟིན་ཏོ།། ད་ནི་རྡོ་རྗེའི་རྣམ་དག་དང་།། མཚོན་དོན་དེ་ཉིད་ལ་སོགས་ནི།། མན་སྙེ་དཔང་འགྱུར་ལས་གསུངས་པ།། ཚིག་སྣ་བཏུས་ཏེ་འདི་བཞིན་བཀོད།། དབུས་སུ་རྣམ་སྣང་ཤར་དུ་ནི།། མི་བསྐྱོད་པའོ་ལྷོར་རིན་འབྱུང་།། འོད་དཔག་མེད་ནུབ་དོན་གྲུབ་བྱང་།། རྭ་ལྔ་པོ་ནི་ལྷ་ཉིད་དེ།། སྟེང་གི་པད་འདབ་བརྒྱད་པོ་ནི།། འཕགས་ལམ་ཡན་ལག་བརྒྱད་ཉིད་ཀྱི།། རང་བཞིན་ཡིན་ཏེ་ཤར་ཕྱོགས་ནས།། སྤྱན་རས་གཟིགས་དང་བྱམས་པ་དང་།། ཕྱག་རྡོར་ནམ་མཁའི་སྙིང་པོ་དང་།། འཇིག་རྟེན་དབང་ཕྱུག་འཇམ་དཔལ་དབྱངས།། སྒྲིབ་སེལ་ཀུན་བཟང་བརྒྱད་པོ་ཡང་།། པད་འདབ་བརྒྱད་ལ་རིམ་པར་དགོད།། དབུས་རྭ་རྡོར་སེམས་ངོ་བོར་བསལ།། འདབ་བརྒྱད་འོག་མར་གོང་བཞིན་དུ།། ཤར་ནས་བརྩམས་ཏེ་ཕྱོགས་བཞི་རུ།། ལྕགས་ཀྱུ་ཞགས་པས་ལྕགས་སྒྲོག་དྲིལ།། མན་སྙེའི་ལུགས་ལ་ཤར་ལྷོ་ནས།། ཙན་ཌ་རིན་ཆེན་སྒྲོལ་མ་དང་།། རྡོ་རྗེའི་ལུ་གུ་རྒྱུད་མ་དང་།། གཞན་གྱིས་མི་ཐུབ་མ་བཞི་པོ།། མཚམས་བཞིའི་གནས་སུ་ཤེས་བྱ་ཞིང་།། འདབ་བརྒྱད་ལྷ་མོ་བརྒྱད་གསལ་བྱ།། འོག་གི་རྭ་ལྔ་མཁའ་འགྲོ་ལྔ།། དབུས་སུ་ཡེ་ཤེས་མཁའ་འགྲོ་དང་།། ཤར་བྱང་ནུབ་དང་ལྷོ་གནས་སུ།། རྡོ་རྗེ་མཁའ་འགྲོ་དྲག་མོ་དང་།། རོ་ལངས་མ་དང་གཏུམ་མོ་ཡི།། ངོ་བོར་རྣམ་དག་ཤེས་པར་བྱ།། དེ་རྣམས་རྩེ་ལྔའི་རྣམ་དག་ཡིན།། རྡོ་རྗེ་རྩེ་མོ་དགུ་པ་ཡི།། བཤད་པ་མན་སྙེ་ལྟར་བྲི་བ།། དབུས་རྭ་སངས་རྒྱས་མི་བསྐྱོད་པ།། ཕྱོགས་བཞི་རྒྱལ་བ་རིགས་བཞི་དང་།། མཚམས་བཞི་ཡུམ་མཆོག་བཞི་ཡིན་གསུངས།། འོག་གི་རྭ་བརྒྱད་སྔར་བཤད་པའི།། བྱང་སེམས་བརྒྱད་ཡིན་རྭ་དབུས་མ།། རྡོ་རྗེ་སེམས་དཔའ་ཡིན་ཞེས་པ།། རྡོ་རྗེ་མཁའ་འགྲོའི་ལུགས་ལས་བཤད།། ལོགས་གཉིས་པད་མ་འདབ་བརྒྱད་པོ།། གོང་དུ་གསལ་བའི་ལྷ་རྣམས་ཀྱི།། གདན་དུ་ཤེས་པར་བྱ་དགོས་སོ།། རྩེ་མོ་ལྔ་དགུ་གང་ཡིན་ཀྱང་།། རྭ་རྣམས་ཆུ་སྲིན་ཁ་ནང་ནས།། ཐོན་པ་སྙིང་རྗེས་སེམས་ཅན་རྣམས།། མི་གཏོང་དམ་བཅའ་མཚོན་པ་ཡིན།། པད་མ་དང་ནི་རིན་པོ་ཆེ།། རྭ་ལས་འོད་ཟེར་འཕྲོ་བ་སོགས།། གདུལ་བྱར་འཕྲིན་ལས་རྒྱུན་འཇུག་མཚོན།། དབུས་རྭའི་སྐེད་དཀྲིས་གསུམ་པོ་ཡང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཚོན།། ཟླ་བ་ལྷ་ཡི་གདན་ཡིན་ནོ།། ཀུན་རྫོབ་རྣམ་དག་དེ་ལྟར་ཡང་།། དོན་དམ་རྣམ་དག་འདི་བཞིན་ཏེ།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། དོན་དམ་རྡོ་རྗེ་ཡིན་པར་འདོད།། དེ་དང་རྣལ་འབྱོར་སེམས་འདྲེས་པ།། ཕྱི་ཡི་རྡོ་རྗེའི་མཚོན་དོན་ཡིན།། དེ་དག་གཉིས་མེད་ཟུང་འཇུག་ན།། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཞེས།། ཡུལ་ཅན་ཡེ་ཤེས་ཡུལ་སྟོང་ཉིད།། སོ་སོར་མི་ཕྱེད་རྡོ་རྗེའི་དོན།། དེ་བཞིན་ཉམས་སུ་མྱོང་རྣམས་ཀྱི།། སློབ་མར་རྡོ་རྗེའི་དེ་ཉིད་དོན།། སྟོན་ཚེ་དེ་བཞིན་སེམས་སུ་བཞུགས།། རང་ཡང་གཉིས་མེད་ཡེ་ཤེས་དེའི།། རོལ་བར་ལྷ་རྣམས་ཤར་གྱུར་ཡང་།། དོན་དམ་སོ་སོར་མི་ཕྱེད་པའི།། ཟུང་འཇུག་ནང་གི་རྡོ་རྗེ་དང་།། རྟགས་ཀྱི་རྡོ་རྗེ་དབྱེར་མེད་པར།། དག་པ་ཡིད་ལ་བརྟན་པར་བྱ།། དེ་ལྟར་མདོར་བསྡུས་སྤྱི་ཙམ་དང་།། བྱེ་བྲག་གཞི་ཞེས་ཆོད་ཉིད་ཀྱི།། དག་པ་སྦྱོར་ཚུལ་ལུང་གསལ་བ།། རྒྱུད་ཆེན་གདན་བཞིའི་སྦྱོར་གདན་གྱི།། རབ་བྱེད་དང་པོ་འདི་ཡིན་ཏེ།། ཆོས་རྣམས་རྡོ་རྗེ་ལས་གཞན་མེད།། ཐམས་ཅད་རྡོ་རྗེའི་དེ་ཉིད་ཡིན།། རྡོ་རྗེ་ལས་ནི་སྙིང་པོའོ།། ཞེས་གསུངས་ཕྱིར་ན་ཆོས་རྣམས་ཀྱི།། ཆོས་ཉིད་རྡོ་རྗེ་གཅིག་པུར་འདུས།། དེ་ཉིད་བཙལ་ཚེ་སྟོང་ཉིད་ལས།། མ་འདས་ཕྱིར་ན་དོན་དམ་མོ།། རྒྱུད་སྡེ་རྣམས་ནས་གསུངས་པ་ཡི།། རབ་འབྱམས་ལས་ལ་རྡོ་རྗེའི་ལས།། གསུངས་དོན་ཕ་རོལ་སྦྱོར་བ་ཡིས།། ཞིག་ཅིང་གཞོམ་མི་ནུས་ཕྱིར་རོ།། དེ་བཞིན་མཆོག་ཐུན་གང་བསྒྲུབ་ཀྱང་།། སྔོན་དུ་རྟགས་ཀྱི་རྡོ་རྗེ་ཉིད།། བཟུང་ནས་དེ་ཉིད་དྲན་བྱ་ཞིང།། ལྟ་བས་འཁོར་གསུམ་རྒྱ་ཡིས་གདབ།། ལམ་གྱི་རྣམ་དག་ཁ་སྦྱོར་ལས།། རྡོ་རྗེ་སྤྲོ་བས་སྦྱར་བ་ཡིས།། རྡོ་རྗེ་སེམས་ཅན་འཁོར་བ་སྒྲོལ།། རྡོ་རྗེ་བཀུག་པའི་རྣལ་འབྱོར་དང་།། རྡོ་རྗེ་རེངས་པའི་རྣལ་འབྱོར་གྱིས།། མུན་པ་ལྟ་བུའི་ཉོན་མོངས་པ།། རྣམ་ཤེས་མར་མེ་དང་ལྷན་ཅིག། ཡེ་ཤེས་རྡོ་རྗེ་གཞོམ་པ་བྱ།། སྣང་བའི་ཕྱོགས་ནི་ཐོབ་པ་ཡི།། རྡོ་རྗེ་བསྒྲུབ་པ་ཐམས་ཅད་ལ།། རྡོ་རྗེའི་བདག་ཅེས་བསྟན་པ་ཡིན།། ཞེས་གསུངས་ཕྱིར་ན་མོས་རྣམས་ཀུན།། བྱང་ཆུབ་སེམས་སུ་མ་འདུས་མེད།། དེ་ལ་མཚོན་བྱ་དོན་དམ་གྱི།། རྡོ་རྗེ་ཞེས་བཏགས་ཐ་སྙད་ཙམ།། དེ་ཉིད་ལམ་ལྔ་དང་སྦྱར་ན།། གང་གསལ་རྡོ་རྗེ་སྤྲོ་བའི་སོགས།། རྐང་པ་གཉིས་ཏེ་ཚོགས་ལམ་སྐབས།། བསྐྱེད་རིམ་དུས་ཀྱི་བདེ་སྟོང་དང་།། ཀུན་རྫོབ་ལྷ་ཚོགས་སྤྲོ་བ་ཡིས།། ཐབས་ཤེས་དབྱེར་མེད་རྡོ་རྗེ་དེས།། གདུལ་བྱ་འཁོར་བ་ལས་སྒྲོལ་དོན།། སྦྱོར་ལམ་རྡོ་རྗེ་བཀུག་པ་སོགས།། རྐང་པ་གཉིས་ཏེ་རྫོགས་རིམ་པའི།། བདེ་སྟོང་གཉིས་མེད་བྱང་ཆུབ་སེམས།། མོས་སྤྱོད་སས་བསྡུས་མཚོན་བྱ་ལ།། དེ་ལ་ཡུན་རིང་གོམས་གྱུར་པས།། ཀུན་རྟོགས་རླུང་བཅས་འགོག་ནུས་ཚེ།། རང་རིག་ཤིན་ཏུ་བརྟན་པའི་དོན།། མཐོང་ལམ་མུན་སོགས་རྐང་པ་གསུམ།། གཉིས་མེད་ཡེ་ཤེས་རྡོ་རྗེའི་མེས།། ཉོན་མོངས་མུན་ཚོགས་གཞོམ་ནུས་ཤིང་།། འོད་གསལ་ཁྱད་འཕགས་ཐོབ་པའི་དོན།། སྒོམ་ལམ་རྐང་པ་ལྷག་མ་གསུམ།། སྟོང་ཉིད་རྟོགས་པའི་སྒྲིབ་པའི་སྨག། མེད་ཅིང་སྣང་ཕྱོགས་ཀྱིས་ཐོབ་པའི།། ཡེ་ཤེས་རྡོ་རྗེ་ཡང་ཡང་དུས།། གོམས་པས་གོང་ནས་གོང་འཕེལ་ཏེ།། སྤང་བྱ་ལྷག་མེད་སྤངས་པའི་དོན༎ དེ་ལྟར་སློབ་ལམ་གནས་སྐབས་ཀྱི།། ཡེ་ཤེས་དེ་དག་རེ་རེ་ལ།། ལྡོག་པའི་སྒོ་ནས་ལྔ་ལྔ་རུ།། དབྱེ་བ་རྩེ་ལྔའི་མཚོན་བྱེད་དོན།། ལམ་གྱི་ཡེ་ཤེས་གང་བྱེད་ཀྱི།། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ནི།། རྡོ་རྗེའི་ལྟེ་བས་མཚོན་ཞེས་བྱ།། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ཡིས།། སྣང་སྟོང་གཉིས་ཀ་མཚོན་པར་བྱེད།། མཚོན་བྱ་ལམ་གྱི་སྐབས་སུ་ཡང་།། རིམ་གཉིས་སྣང་སྟོང་ཟུང་འཇུག་དགོས།། འབྲས་དུས་བདེ་ཆེན་ཆོས་སྐུ་དང་།། ཀུན་རྫོབ་གཟུགས་སྐུ་དབྱེར་མེད་བསྟན།། རྡོ་རྗེའི་དེ་ཉིད་དྲན་དགོས་ཚེ།། ཚུལ་དེར་འདའ་བར་བྱ་བ་མིན།། འབྲས་བུའི་རྣམ་དག་ཁ་སྦྱོར་ལས།། རྡོ་རྗེ་ཆོས་ཀྱི་སྙིང་པོ་ཅན།། རྡོ་རྗེ་ཐེག་པ་ལྷུར་ལེན་པ།། ཞེས་གསུངས་སྤྲོས་ཀུན་ཞི་བའི་དབྱིངས།། བག་ཆགས་ལྷག་ལུས་མེད་པ་གང་།། སྙིང་པོར་གྱུར་པ་གཟུགས་ཀྱི་སྐུ།། འཁོར་བ་ཇི་སྲིད་རྟག་པ་ཉིད།། མི་ཕྱེད་རྡོ་རྗེའི་ངོ་བོའོ།། དེ་ལྟར་རྒྱལ་བའི་ཐུགས་གསང་ཉིད།། རྡོ་རྗེ་རྩེ་ལྔས་མཚོན་པར་བྱེད།། ཡེ་ཤེས་རེ་རེ་དག་ལ་ཡང་།། ལྷག་མ་བཞི་པོ་རྗེས་འགྲོའི་རྟགས།། སོ་སོར་ཟུར་བཞིར་ཤེས་པར་བྱ།། ཕུང་ལྔ་དག་པ་ཡེ་ཤེས་ལྔར།། མཚོན་ཕྱིར་རྭ་བཞི་དབུས་ཀྱི་རྭར།། ཟུག་པ་ཡེ་ཤེས་བཞི་པོ་དེ།། ཆོས་དབྱིངས་ཡེ་ཤེས་ལ་མཆེད་རྟགས།། ལྷ་ཡི་རྣམ་དག་ཀྱང་དེ་མཚོན།། ཐབས་ཀྱི་མཚོན་དོན་ཁ་སྦྱོར་ལས།། རྡོ་རྗེས་པད་མ་རྣམས་མནན་ཏེ།། སྒྲུབ་བྱེད་དེ་ཉིད་ཐམས་ཅད་ལས།། རྡོ་རྗེ་པད་མ་ཀུན་ཞུགས་པ།། རྣམ་པར་མཁས་པས་བསྒྲུབ་པར་བྱ།། ཞེས་པ་ལུང་གསལ་ཁོ་ན་ལས།། ཞིབ་མོར་འཆད་པའི་སྐབས་མིན་དོན།། ཡབ་ཡུམ་སྙོམ་འཇུག་དག་སྦྱོར་ལས།། གཞན་དབེན་ཕྱིར་ན་དེ་ཙམ་མོ།། རྡོ་རྗེ་རྩེ་དགུ་ཡེ་ཤེས་ཀྱི།། རྣམ་དག་ཇི་ལྟར་ཡིན་ཞེ་ན།། གདན་བཞིའི་འགྲེལ་པར་གསུངས་པའི་དོན།། རྩེ་དགུ་གསུང་རབས་ཡན་ལག་དགུའི།། དག་བཤད་པས་ཉིད་ཙམ་ལས།། ཡེ་ཤེས་དག་སྦྱོར་བཤད་པ་མེད།། རྡོ་རྗེ་རྩེ་ལྔ་ཕུང་པོ་ལྔ།། དག་པའི་ཡེ་ཤེས་ལྔ་མཚོན་པར།། གསུངས་ཕྱིར་མཚམས་ཀྱི་རྭ་བཞི་པོ།། ཁམས་བཞི་དག་པའི་ཚད་མེད་བཞི།། མཚོན་པར་གོ་བ་བླང་དགོས་སོ།། དེ་ལྟར་རྩེ་མོ་ལྔ་དགུ་ཡི།། རྣམ་དག་རྒྱས་པར་གསུངས་མོད་ཀྱང་།། རྡོ་རྗེ་སློབ་དཔོན་དབང་བསྐུར་ཚེ།། དམ་ཚིག་གསུམ་སྦྱིན་རྡོ་རྗེ་ནི།། རྩེ་ལྔ་ཁོ་ནར་ངེས་པའོ།། དེ་ཕྱིར་རྡོ་རྗེ་རྩེ་ལྔ་ལ།། དམ་ཚིག་རྡོ་རྗེ་ཞེས་སུ་གྲགས།། སྐབས་འགར་དམ་ཚིག་གསུམ་སྦྱིན་ཚེ།། རྩེ་དགུར་གསུངས་པ་པཎ་གྲུབ་འགས།། རྩེ་ལྔ་ཡིན་ཀྱང་སྟེང་འོག་གི།། རྭ་རྣམས་བསྡོམས་པར་དགོངས་ཞེས་གསུངས།། དེ་ཕྱི་རྡོར་དྲིལ་བཅང་རྒྱུ་ཡང་།། རྩེ་ལྔ་དགོས་པ་དམིགས་བསལ་ལགས།། རྡོ་རྗེའི་དེ་ཉིད་འདི་ལྟར་རོ།། དྲིལ་བུའི་རྣམ་དག་བཤད་པ་ལ།། སྤྱི་ནི་རྡོ་རྗེ་ཐབས་དང་ནི།། དྲིལ་བུ་ཤེས་རབ་ཏུ་བཤད་པ།། སྟོང་ཉིད་རྟོགས་དང་ཤེས་རབ་མའི།། མཚོན་དོན་བཤད་པ་རྣམ་གཉིས་སོ།། དེ་ཡང་དྲིལ་བུ་ནང་སྟོང་པ།། ཟབ་མོ་སྟོང་ཉིད་མཚོན་བྱེད་དོ།། རྒྱུད་ཆེན་རྡོ་རྗེ་མཁའ་འགྲོ་ལས།། དབུས་ཀྱི་ཁོག་པ་ཟབ་པ་དང་།། ཐམས་ཅད་དག་བྱེད་བཅུད་ཀྱི་གནས།། ཞེས་དང་གདན་བཞིའི་འགྲེལ་པ་ལས།། གསུངས་པའི་ཚིགས་སུ་བཅད་དེ་བྲི།། ཆོས་ཀྱི་ཞེས་པ་ཆོས་ཐམས་ཅད།། སྟོང་པ་ཉིད་དོ་ཞེས་བྱ་བའི།། སྒྲ་དེ་དྲིལ་བུས་སྒྲོག་པར་བསམ།། སྒྲ་ཡི་དག་པ་ཡིན་གསུངས་ཏེ།། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན།། ནམ་མཁའ་མཉམ་པར་སྦྱོར་བ་ཡི།། ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཞེས་པའང་དྲིལ་བུས་སྒྲོགས་པར་བསམ།། དུམ་བུ་གཉིས་འབྲེལ་ཉིད་ལས་བསྟན།། བྱང་ཆུབ་སྙིང་པོར་འདུག་གི་བར།། སྒྲ་དེས་ཡུལ་ཁམས་ཡོངས་ཁྱབ་མོས།། སམ་བུ་ཊ་ཡི་རྩ་འགྲེལ་དང་།། གཞན་ཡང་རྒྱུད་སྡེ་དག་ལས་བསྟན།། དེ་ཡང་རྣམ་ཐར་སྒོ་གསུམ་གྱི།། སྒྲ་སྐད་སྒྲོག་པའི་འདུན་པ་ཡིས།། དྲིལ་བུ་གསུམ་བརྡུང་ཚུལ་གྱིས་དགྲོལ།། དྲིལ་བའི་ནང་འཕྱང་ལྕེ་ལ་ནི།། ཡེ་ཤེས་དབྱུག་གུ་ཞེས་བརྗོད་དེ།། དེ་ཡང་ཡུལ་གང་སྟོང་ཉིད་དང་།། ཡུལ་ཅན་བདེ་ཆེན་ལྷན་སྐྱེས་ཀྱི།། ཡེ་ཤེས་ཉིད་ཀྱི་མཚོན་པ་སྟེ།། ཡུལ་དུས་ཀུན་ཏུ་སྟོང་ཉིད་ཀྱི།། སྒྲ་སྒྲོག་བྱེད་པོར་མཚོན་ཕྱིར་ལྕེ།། དོན་འདི་སྟོན་ཕྱིར་གདན་བཞི་དང་།། བཛྲ་ཌཱ་ཀི་སམྦུ་ཊ།། གསུམ་ཀའི་ལུང་ལས་འདི་ལྟར་ཏེ།། ནང་གི་ཡེ་ཤེས་དབྱུག་གུ་ནི།། ཐམས་ཅད་སྤྲོ་ཞིང་སྡུད་པའོ།། ཞེས་པ་མཐུན་པར་གསུངས་པའོ།། རྟོགས་པའི་ཡེ་ཤེས་ཤེར་ཕྱིན་གྱི།། རྣམ་དག་སམྦུ་ཊ་རྒྱུད་ལས།། ནང་གི་གཟུགས་ནི་ནམ་མཁའ་སྟེ།། གཟུགས་ཀྱི་གང་བའི་གཞི་བརྗོད་ཅན།། པདྨ་ཁ་ཕྱེ་ལས་བྱུང་བ།། གཟུགས་མེད་སྲིད་པའི་གནས་སུ་ནི།། ཤེས་རབ་བདུད་རྩི་བུམ་པ་ལྟར།། ཡེ་ཤེས་བདུད་རྩི་བུམ་གནས་སུ།། དེ་ཡི་དབུས་སུ་ཡིད་ཀྱི་ནི།། ལྷ་མོ་ཤེས་རབ་ཕ་རོལ་ཕྱིན།། གཟུགས་ནི་མཛེས་ཤིང་ཡོན་ཏན་ལྡན།། ཞེས་པས་དྲིལ་བུའི་ཁོང་སྟོང་དབུས།། འདོད་པའི་ཁམས་ཡིན་ཡ་ཁེབས་ཀྱི།། སྟེང་གི་པདྨ་གཟུགས་ཀྱི་ཁམས།། བུམ་པ་ཤེས་རབ་ཞལ་དང་བཅས།། གཟུགས་མེད་ཁམས་ཡིན་ཤེས་དགོས་སོ།། དེ་དོན་དྲིལ་བུའི་སྒྲ་བརྗོད་ཚེ།། ཁམས་གསུམ་དབྱེར་མེད་ཤེས་རབ་ཀྱིས།། སྲིད་པའི་སྡུག་བསྔལ་དྲུང་འབྱིན་ཞིང་།། ཡེ་ཤེས་བདུད་རྩི་བུམ་བཅུད་ཀྱིས།། ཁམས་གསུམ་ཆོས་སྐུའི་སར་འགོད་དོན།། རྡོ་རྗེའི་ལྟེ་བ་བདེ་ཆེན་གྱི།། ཡེ་ཤེས་མཐར་ཐུག་ཆ་བཟུང་རྣམས།། རྡོར་སེམས་རྣམ་པར་ཤར་བ་གང་།། རིགས་ལྔའི་རྣམ་པ་མང་སྤྲོས་ཚོགས།། རྡོ་རྗེའི་རྭ་དང་པདྨ་ཡིས།། མཚོན་པར་བྱེད་པ་ལྟར་ཡིན་ཞིང་།། ཡེ་ཤེས་མཐར་ཐུག་གནས་སྐབས་ཀྱི།། སྟོང་ཉིད་ཤེས་རབ་ཆ་གསུམ་རྣམས།། རྡོ་རྗེ་སྙེམས་མའི་སྐུར་ཤར་བ།། གཤེགས་མ་སེམས་མ་ལྷ་མོའི་ཚོགས།། སྤྲོས་པ་པདྨའི་ས་བོན་གྱི།། ཡེ་ཤེས་མཚོན་པར་བྱེད་པའོ།། དྲིལ་བུའི་རྩེ་རྡོར་པདྨ་བཅས།། གདན་བཞིར་སྔར་བཞིན་ཤེས་དགོས་ཞེས།། གསུངས་དོན་རྡོ་རྗེའི་རྭ་དང་ནི།། པདྨའི་དག་པའང་འདིར་དྲན་བྱ།། ཤེས་རབ་མ་ཡི་མཚོན་དོན་སོགས།། རིག་མ་དངོས་ལ་འཇུག་དགོས་ཕྱིར།། འོག་ཏུ་མདོ་ཙམ་སྟོད་ལ་འཐུས།། རྡོར་དྲིལ་གཉིས་ཀའི་ཐུན་མོང་དུ།། ཐབས་ཤེས་ཟུང་འཇུག་རྣམ་དག་ནི།། ཡེ་ཤེས་དབང་གི་ཟུང་འཇུག་དང་།། སྒྲུབ་པོ་ཡབ་ཡུམ་ཟུང་འཇུག་ཚུལ།། གཉིས་ཀྱི་དང་པོ་རྡོ་རྗེ་ཡི།། ལྟེ་བ་རྭ་དང་པདྨ་ཡི།། ལྷ་རྣམས་སྤྲོ་བའི་བྱེད་པོ་དང་།། དྲིལ་བུར་ཞལ་བྱུང་སྙེམས་མ་སྟེ།། ལྷ་རྣམས་ཀུན་གྱི་གཙོ་ཡིན་ཕྱིར།། རྡོར་དྲིལ་ལ་ནི་ཐབས་ཤེས་ཀྱིས།། ཐ་སྙད་བརྗོད་ཀྱི་གཞན་དུ་ན།། རྡོར་དྲིལ་སོ་སོར་རིགས་མཆོག་ལྔ།། སྟེང་དཔྱལ་སེམས་དཔའ་སེམས་མ་སོགས།། ཚང་བ་སྔོན་དུ་བརྗོད་ཟིན་ཏོ།། དེ་ཡན་རྡོར་དྲིལ་ཕྱི་རོལ་གྱི།། ཐབས་ཤེས་ཡིན་ཞིང་གསུངས་པའི་དོན༎ སྒྲུབ་པོ་ཡབ་ཡུམ་ལྷ་ཡབ་ཡུམ།། བདེ་སྟོང་ཕན་ཚུན་རྒྱས་གདབ་ཕྱིར།། དྲིལ་རྩེ་རྡོ་རྗེས་མཚན་པའོ།། དེ་ལ་གཙོ་བོ་ཡབ་ཡུམ་གྱི།། དབང་དུ་བྱས་ཚེ་རྡོ་རྗེ་ཡི།། ལྟེ་བ་རྡོར་སེམས་ཞལ་དང་ནི།། སྙེམས་མའི་ངོ་བོ་ཤེས་རབ་ཞལ།། སྦྱོར་བས་ཐབས་ཤེས་མཉམ་སྦྱོར་མཚོན།། རྡོར་སེམས་ངོ་བོ་གཡས་རྡོ་རྗེ།། དེ་བཞིན་སྙེམས་མའི་ངོ་བོ་ནི།། གཡོན་པ་དྲིལ་བུ་འཛིན་པས་ནི།། འཁྱུད་སྟངས་བྱས་པས་བསྐྱེད་རིམ་པའི།། སྔགས་ཀྱི་སྐུ་དང་རྫོགས་རིམ་གྱི།། འབྲས་བུའི་ཡེ་ཤེས་སྐུ་ཡབ་ཡུམ།། ཐབས་ཤེས་ཟུང་འཇུག་མཚོན་པར་བྱེད།། སྤྱིར་ཡང་རྡོ་རྗེ་སྟོང་ཉིད་དང་།། དྲིལ་བུར་ལྷན་སྐྱེས་བདེ་ཆེན་གྱི།། རྣམ་དག་ཡོད་ཀྱང་སྐབས་འགའ་ཙམ།། གཙོ་ཆེར་བདེ་ཆེན་ལྷན་སྐྱེས་ཀྱི།། མཚོན་བྱེད་རྡོ་རྗེ་ཡེ་ཤེས་ཆེ།། དྲིལ་བུ་སྟོང་ཉིད་ཤེས་རབ་ཡིན།། རྡོ་རྗེའི་ལྟེ་བ་དྲིལ་བུའི་ཞལ།། མཉམ་སྦྱོར་ཚུལ་གྱིས་འཁྱུད་རྒྱའི་སྐབས།། ཡུལ་དང་ཡུལ་ཅན་སྟོང་ཉིད་དང་།། བདེ་མ་ཆེན་པོ་དབྱེར་མེད་སྦྱར།། བདེ་སྟོང་ཐབས་ཤེས་ཟུང་དུ་འཇུག། སམྦུ་ཊ་ལས་འདི་སྐད་དུ།། ཨཱ་ལི་ཀཱ་ལི་དགོས་པ་ནི།། གནས་ནི་བརྒྱད་དུ་བསྐྱོད་པར་བྱ།། ཨཱ་ལི་ཀཱ་ལི་རབ་སྦྱོར་བས།། འཁོར་བ་ཐམས་ཅད་གཅོད་པར་བྱེད།། ཞེས་པས་ཨཱ་ལི་རྡོ་རྗེ་སྟེ།། ཀཱ་ལི་དྲིལ་བུའི་ཆོས་འབྱུང་ངོ་།། དེ་ལ་རྩ་བརྒྱད་ཕྱོགས་རྣམས་སུ།། བདེ་བ་རབ་ཏུ་རྟོགས་ཆེད་དུ།། སྦྱོར་བ་ཇི་བཞིན་ལག་གཡས་ཀྱི།། རྒན་པོ་དང་ནི་མིང་མེད་ཀྱིས།། རྡོ་རྗེ་བཟུང་ཞིང་གཡོན་པས་ནི།། དྲིལ་ལྕེས་ཕྱོགས་མཚམས་བརྒྱད་བརྡེག་ཚུལ།། བསྐྱོད་ཅིང་དཀྲོལ་ཚུལ་དྲིལ་བུས་སོ།། རྩ་བརྒྱད་མཚོན་དོན་ལྕེ་ཟུར་བརྒྱད།། རྡོ་རྗེའི་ལྟེ་བ་དེ་བཞིན་ནོ།། ལྕགས་ལྕེ་ཌཱ་ཀིའི་གདོང་མཚོན་པའོ།། ཡང་གཅིག་རྡོར་དྲིལ་ཨཱ་ལི་དང་།། ཀཱ་ལི་སྒྲུབ་པོ་ཡབ་ཡུམ་གྱི།། རང་རྟགས་མཚོན་དོན་ལ་སོགས་པ།། རྒྱུད་སྡེ་རྣམས་སུ་གསུངས་པའི་དོན།། བླ་གྲོས་ལྡན་པས་མཁྱེན་པར་མཛོད།། རྡོ་རྗེ་རྣམ་པར་དག་པ་ཐུགས།། དྲིལ་བུ་སྐུ་ཡིན་དཀྲོལ་བ་གསུངས།། གསུམ་པོ་བྱང་ཆུབ་སེམས་ཡིན་ཞིང་།། མན་སྙེ་ལ་སོགས་རྒྱུད་ལས་བསྟན།། རྡོར་དྲིལ་གཉིས་ཀའི་བཤད་པའོ།། དེ་ཉིད་མ་ཤེས་ཉེས་དམིགས་ནི།། དེ་ཉིད་སེམས་མེད་རྣལ་འབྱོར་པ།། གླང་པོས་དྲིལ་བུ་དཀྲོལ་བ་བཞིན།། རྣལ་འབྱོར་དེ་ཉིད་དམན་པ་ཡི།། རང་གི་དངོས་གྲུབ་རིང་དུ་བརྟགས།། ཞེས་པ་སམྦུ་ཊར་གསུངས་པས།། དེ་ཉིད་མི་ཤེས་པ་རྣམས་ཀྱི།། དྲིལ་བུ་དཀྲོལ་བར་མི་བྱ་ཞིང་།། དེ་ཉིད་སྤྱོད་པའི་སློབ་དཔོན་གྱིས།། རྡོར་དྲིལ་བཟུང་དགོས་དོན་ཡིན་ནོ།། དེ་ལྟར་ཚད་དང་ལྡན་པ་ཡི།། རྡོར་དྲིལ་རབ་གནས་བྱ་ཚུལ་ནི།། ལེགས་པའི་གདན་ལ་རྡོར་དྲིལ་བཀོད།། རང་ཉིད་ལྷ་ཡི་རྣལ་འབྱོར་གྱིས།། སྦྱངས་བསྐྲུ་ལ་སོགས་སྔོན་སོགས་ནས།། རྡོ་རྗེའི་སྟེང་གི་རྭ་ལྔ་པོ།། སྔོན་བཞིན་རྒྱལ་བ་རིགས་ལྔ་དང་།། པད་འདབ་བརྒྱད་ལ་སེམས་དཔའ་བརྒྱད།། འོག་གི་རྭ་ལྔར་མཁར་འགྲོ་ལྔ།། འདབ་བརྒྱད་ལྷ་མོ་བརྒྱད་གསལ་ཞིང་།། དྲིལ་རྩེའི་རྭ་ལྔ་རིགས་ལྔ་དང་།། པད་འདབ་སེམས་དཔའ་བརྒྱད་གསལ་བྱ།། བུམ་ནང་རྡོ་རྗེ་སྙེམས་མའི་སྐུ།། སྟེང་དུ་ཞལ་ཐོན་མངོན་སུམ་བཞུགས།། དེ་འོག་དྲིལ་བུ་ཡ་ཁེབས་ཀྱི།། པད་འདབ་བརྒྱད་པོའི་ཤར་ནས་སུ།། གཡོན་དུ་བསྐོར་ཏེ་ཡུམ་མཆོག་ལྔ།། ཤར་ལྷོ་ནས་བརྩམས་གཡས་བསྐོར་གྱིས།། ཟླ་སྟེང་བཾ་ལས་ནོར་རྒྱུན་མ།། སེར་མོ་དར་བབ་རྒྱན་གོས་བཀླུབས།། གཡས་ཕྱག་འབྲས་སོའི་སྙེ་མ་དང་།། གཡོན་ཕྱག་བུམ་པས་ནོར་རྒྱུན་འབེབས།། རྡོར་དཀྱིལ་རིན་འབྱུང་ཅོད་པན་མཛེས།། ཙུཾ་དཀར་ལས་ནི་ཙུནྡ་དཀར།། ཕྱག་བཞི་གཡས་པ་མཆོག་སྦྱིན་དང་།། གཡོན་པས་པུ་སྟི་པདྨ་འཛིན།། རྩ་ཕྱག་ལྷུང་བཟེད་སེམས་སྐྱིལ་དང་།། རྣམ་པར་སྣང་མཛད་དབུ་རྒྱན་ཅན།། བྷྲེ་སེར་ལས་ནི་ཁྲོ་གཉེར་ཅན།། སེར་མོ་སྤྱན་གསུམ་ཕྱག་བཞི་པ།། གཡས་གཉིས་མཆོག་སྦྱིན་བགྲང་ཕྲེང་དང་།། གཡོན་གཉིས་དབྱུག་གུ་རིལ་བ་འཛིན།། སྣང་མཐའི་ཅོད་པན་ལྡན་པའོ།། མཾ་ལས་ཕྲེང་བ་མ་ལྗང་སྐུ།། རྒྱན་རྣམས་ཀུན་བཀླུབས་ཕྱག་གཉིས་ཀྱིས།། པུལླ་རྡོ་རྗེ་ཕྲེང་བ་འཛིན།། སྒེག་མཛེས་གཡོན་ཆར་དབུ་དུད་ཚུལ།། དོན་ཡོད་གྲུབ་པས་རྒྱས་བཏབ་སོགས།། ཀུན་ཀྱང་ཟླ་བའི་གདན་ལ་བཞུགས།། གོང་གི་རིགས་ལྔའི་ཡབ་ཡུམ་དང་།། སེམས་དཔའ་བརྒྱད་བཅས་སྤྱི་ལྟར་གསལ།། དེ་ལྟར་གསལ་བའི་གནས་གསུམ་དུ།། འབྲུ་གསུམ་གསལ་ལས་འདོ་འཕྲོས་པས།། རང་འདྲའི་ཡེ་ཤེས་སྤྱན་དྲངས་ཏེ།། སོ་སོར་བསྟིམ་སྟེ་དབྱེར་མེད་བསམ།། དབང་བསྐུར་རྒྱས་གདབ་མཆོད་བསྟོད་མཐར།། ལྷ་སྐུ་འོད་ཞུ་ཡོངས་གྱུར་ལས།། རྭ་དང་པདྨ་ས་བོན་ཞལ།། རང་རང་སོ་སོའི་རྣམ་པ་རུ།། གྱུར་པའི་རྡོ་རྗེ་ཐབས་དང་ནི།། དྲིལ་བུ་ཤེས་རབ་རང་བཞིན་དུ།། མོས་ཤིང་དོན་དམ་བྱང་ཆུབ་སེམས།། ལྷན་སྐྱེས་ཡེ་ཤེས་ངོ་བོར་བསམ།། སླར་ཡང་མཆོད་བསྟོད་བརྟན་ཞུགས་དང་།། ཤིས་བརྗོད་མངའ་གསོལ་ལ་སོགས་པ།། རབ་གནས་སྤྱི་ལྟར་ཤེས་པར་བྱ།། དེ་ལྟར་རབ་ཏུ་གནས་བྱས་པའི།། རྡོ་རྗེ་སྙིང་ཁར་གཏོད་པའམ།། ཡང་ན་གྱེན་བསླང་ཚུལ་གྱིས་མཛིན།། གདན་ཁར་བཞག་དུས་རིགས་མཆོག་ལྔ།། སྐྱེས་པའི་རྭ་ལྔ་སྟེང་ཕྱོགས་ཚུལ།། མགོ་མཇུག་མ་ལོག་གལ་ཆེ་ཞིང་།། ལྡོག་ན་ཉེས་པ་ཆེ་ཞེས་གསུངས།། སོར་རྩེ་སྟེང་རྭ་གཡས་དང་ནི།། འོག་རྭ་གཡོན་དུ་ཕྱོགས་པར་བྱ།། དེ་ཕྱིར་དེ་ལྟར་མི་ནོར་རྟགས།། སྟེང་རྭར་སྲད་བུ་འདོགས་མཛད་པ།། རྣམ་དག་ཕྱག་ལེན་ཡིན་ཞེས་བསྔགས།། དེ་ལྟ་བས་ན་རྡོར་དྲིལ་བཟུང་།། སྒྲེ་བོའི་ས་ལ་བཞག་པ་སོགས།། མ་གུབ་བརྙས་པའི་ལས་བྱ་པ།། སྐུ་གསུང་ཐུགས་རྟེན་མཆོག་གྱུར་གཞན།། བརྙས་སྨོད་སྡིག་དང་འདྲ་ཞེས་གསུངས།། རྡོ་དྲིལ་ཟས་ཀྱི་ལྷག་རོལ་དང་།། ལྷན་ཅིག་ལག་ཕྱིས་ནང་འཛུད་དང་།། རྟེན་གསུམ་ལྷམ་དང་མལ་སྟན་དང་།། དམན་པའི་ས་ལ་བཞག་པ་དང་།། རལ་གི་བཟང་བཏུང་ལྷག་མའམ།། སྤྱོད་དུ་མི་རུང་ཟས་ནོར་གྱིས།། ཡར་མཆོད་མར་གཏོང་བྱེད་པ་རྣམས།། བྱ་བའི་ནང་ནས་ཐ་ཆད་ཡིན།། དེ་ལས་ལྡོག་པ་གལ་ཆེ་གསུངས།། རྡོར་དྲིལ་ཇི་ལྟར་བཟུང་ཚུལ་ནི།། རྒྱུད་ཀྱི་རྒྱལ་པོ་སམྦུ་ཊར།། དེ་ལ་ལག་གཉིས་རབ་ཏུ་བརྐྱང་།། རྣམ་ལྔ་འདོད་པས་བསྐོར་བར་བྱ།། གཡས་པར་ཉི་མ་ཡང་དག་བསམ།། གཡོན་པ་ཡང་ནི་ཟླ་བ་ཉིད།། ལུས་ཅན་རྣམས་ཀྱི་ཐབས་ཉིད་དེ།། རང་འདོད་ལྷ་ནི་བསམ་པར་བྱ།། བྱང་དུ་རྡོ་རྗེ་གསོར་ནས་ནི།། ཕྱི་ནས་བློ་ལྡན་ཡང་དག་གདབ།། ཧཱུྃ་གྱི་གླུ་ཡི་རྣམ་པ་ཡིན།། སངས་རྒྱས་ཐམས་ཅད་དགྱེས་པར་བྱ།། ཞེས་པས་ལག་གཉིས་རྡོ་རྗེ་བཟུང་།། རྣམ་ལྔ་འདོད་བསྐོར་དང་བཅས་ཏེ།། ལག་གཡས་ཉི་མ་གཡོན་ཟླ་བ།། བསམ་ཞིང་རང་ལུས་འདོད་ལྷར་དམིགས།། ཞེས་པས་རང་ཉིད་རྣམ་སྣང་སོགས།། ལྷ་སྐུ་ཕྱག་རྒྱ་ཆེན་པོ་རུ།། མོས་ནས་འཛིན་པར་གསུངས་པ་ཡང་།། རྒྱུད་ཆེན་དེ་ཉིད་འདུས་པ་ལས།། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ཀྱིས་སྙིང་པོ་ཟླ།། དེ་ཉིད་དྲན་པའི་འཛིན་ཚུལ་ནི།། རྒྱལ་རྣམས་ཐུགས་ཀྱི་ཡེ་ཤེས་དབྱིངས།། གང་དུ་ཡང་ནི་མི་འགྱུར་ལ།། མཚན་མའི་རྟོགས་པས་གཞོམ་ཞིག་བྲལ།། རྡོ་རྗེའི་ཆོས་བདུན་ལྡན་པས་ན།། མི་སྐྱོད་པ་ཡི་བདག་ཉིད་ཅན།། དེ་ཡི་མཚན་ཉིད་དོན་དམ་པའི།། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད།། དྲན་པས་རྟགས་ཀྱིས་རྡོ་རྗེ་འཛིན།། དེ་བཞིན་དུ་ནི་དྲིལ་བུ་ལའང་།། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན།། ནམ་མཁའ་ལའང་མཚན་ཉིད་མེད།། ནམ་མཁའ་མཉམ་པ་ཉིད་སྦྱོར་བའི།། ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཞེས་དང་གསང་སྔགས་ནང་པ་ཡིས།། རྡོ་རྗེ་ཐབས་ཀྱི་ནོར་བུ་དང་།། དྲིལ་བུ་ཤེས་རབ་ཀྱི་པད་མ།། མཉམ་སྦྱོར་ཕྱག་རྒྱའི་དམ་ཚིག་གོ། དེ་བཞིན་གསང་བར་ཁམས་དཀར་དམར།། ཞུ་བདེའི་བདེ་སྟོང་ལྷན་སྐྱེས་ཀྱི།། བདེ་ཆེན་ཡེ་ཤེས་རྡོ་རྗེ་དང་།། རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད།། ཤེས་རབ་དྲིལ་བུའི་ཆོས་ཉིད་དུ།། ཟུང་འཇུག་ཡེ་ཤེས་སྐུའི་ཕྱག་རྒྱ།། མན་སྙེའི་ལུང་ལྟར་ལག་གཡས་ཀྱི།། ཐེ་བོང་དང་ནི་མིང་མེད་ཀྱིས།། རྡོ་རྗེ་སྙིང་ཁར་བཟུང་བྱ་ཞིང་།། ལག་གཡོན་དེ་བཞིན་དྲིལ་བུ་ཡི།། ཞལ་འདབ་གཡས་གཡོན་ནས་བཏེགས་ཏེ།། བཛྲ་གྷནྜེ་ཨ་བརྗོད་ནས།། དཀྲོལ་ཞིང་ནང་དུ་ཞལ་ཕྱོགས་པར།། གཞོགས་གཡོན་དཀུ་ལ་བརྟེན་དགོས་ཏེ།། རྡོར་དྲིལ་ཐབས་ཤེས་མཚོན་བྱེད་ལ།། ཟུང་འཇུག་དོན་དམ་བྱང་ཆུབ་སེམས།། ཡིན་པར་མོས་ནས་རྡོ་རྗེ་གསོར།། དེ་ཡི་ཕྱོགས་མཚམས་བརྒྱད་པོ་རུ།། གསོར་བའི་དགོས་ཆེད་སྒྲུབ་པ་པོ།། སྟང་དཔྱལ་སྦྱོར་བའི་དོན་དང་སྦྱར།། དེ་ཡང་ཨིནྡྲ་བྷུ་ཏི་ཡི།། སམྦུ་ཊ་ཡི་འགྲེལ་པ་ལས།། རྡོ་རྗེ་གཡོན་གསོར་དྲིལ་བུ་གཡས།། གསུང་བཞིན་ལག་གཉིས་སྣོལ་ནས་སུ།། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ།། ཧཱུྃ་གླུར་བླངས་པས་རྡོར་སེམས་སོགས།། རྒྱལ་ཀུན་དགྱེས་པ་བསྐྱེད་བསམ་མོ།། དེ་ལྟར་ཁ་སྦྱོར་ལས་བསྟན་ཏེ།། རྡོ་རྗེ་གསོར་བ་མཛེས་པ་ཡིས།། རློབས་པའི་སེམས་ཅན་རྣམ་པར་སྒྲོལ།། ཆོས་ཀྱི་རྣམ་ཐར་འབྲས་བུ་ཉིད།། རྡོ་རྗེས་དགྱེས་པར་འཛིན་པ་སྟེ།། ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོཿ དེ་ལྟར་ཚིགས་བཅད་རྐང་པ་བཞི།། སྔགས་དང་བཅས་ཏེ་རིམ་བཞིན་དུ།། དང་པོ་གཉིས་མེད་ཡེ་ཤེས་དོན།། གཉིས་པ་འགྲོ་རྣམས་སྒྲོལ་ཆེད་དུ།། གསུམ་པ་ཆོས་ཀྱི་དེ་ཉིད་འབྲས།། བཞི་པ་བདག་ཉིད་ཀྱིས་འཛིན་ནོ།། ཧཱུྃ་གསུམ་གསང་གསུམ་དབྱེར་མེད་རྟོགས།། ཧོ་གསུམ་སྐྱེས་བུ་གསུམ་གྱི་ཚོགས།། གྲོལ་བས་ཡང་དག་སད་བྱེད་དོ།། ཞེས་དང་རྒྱུད་གཞན་ལས་བསྟན་ཏེ།། སྙིང་རྒྱུད་རྡོ་རྗེ་ཕུར་པ་ལས།། རྡོར་དྲིལ་མཚན་ཉིད་བཅང་ཐབས་སོགས།། སྟབས་གཅིག་བཤད་པ་འདིར་གསལ་བྱ།། རྡོ་རྗེ་རྩེ་མོ་ལྔ་པ་ནི།། ལྟེ་བ་པདྨ་གཉིས་བསྐོར་བྱ།། དེ་ལ་ངེས་པའི་བློ་ཅན་གྱིས།། ཐབས་ཀྱི་ཕྱག་རྒྱ་གསལ་བར་བསམ།། ལྟེ་བ་དཔལ་ཆེན་འབར་བ་ཉིད།། ཡར་གྱི་རྩེ་ལྔ་སྲས་མཆོག་ལྔ།། མར་རྩེ་གསང་བའི་མཚན་ཉིད་དོ།། ཡར་འབུར་མར་འབུར་སྟེང་འོག་དང་།། པདྨ་བརྒྱད་ལ་ཁྲོ་བོ་བཅུ།། ཧཱུྃ་ཡེ་ཤེས་འབར་བའི་རྡོ་རྗེ་ཆེ།། ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ།། བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས།། དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ།། མ་ཧཱ་བཛྲ་ཧཱུྃ། ལན་གསུམ་གྱིས་གསོར།། འཁར་བ་དང་ནི་ལྗོན་དམར་ལ།། དྲིལ་བུ་ཚད་དང་ལྡན་པར་བྱ།། ཤེས་རབ་དག་པའི་གཞལ་ཡས་ཁང་།། རྣལ་འབྱོར་ཁྲོ་མོའི་དཀྱིལ་འཁོར་དགོད།། ལྟེ་བ་འཁོར་ལོ་རྒྱས་འདེབས་མ།། རྭ་ལྔ་རྒྱས་འདེབ་ཡུམ་ལྔ་སྟེ།། ལུང་གི་བྷ་གའི་མཚན་ཉིད་དེ།། སྤྱི་བོ་རྩེ་ལྔ་ལྕེ་ལ་ནི།། སྟེང་འོག་ཁྲོ་མོ་རྣམ་པར་བསམ།། པདྨ་འདབ་མ་བརྒྱད་པོ་ལ།། ཕྱོགས་མཚམས་ཁྲོ་མོ་བརྒྱད་པ་བསམ།། རང་བཞིན་ཡེ་ཤེས་ཁྲོ་ཚོགས་རྣམས།། རྡོ་རྗེ་ཤུག་པས་སྤྱན་དྲངས་ནས།། ཤེས་རབ་མ་ལ་བསྟིམ་ཆོས་སྒྲུབ།། སྒྲ་གྲགས་དུས་གསུམ་རྒྱལ་བ་མཉེས།། འགྲོ་བའི་སྒྲིབ་པ་དག་པར་བསམ།། ཧཱུྃཿ ཤེས་རབ་ཆེན་པོའི་རང་བཞིན་ནི།། ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས།། འཁོར་བའི་བག་ཆགས་ཟིལ་གྱིས་གནོན།། དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས།། མ་ཧཱ་གྷཎྜེ་ཧོ། ཞེས་པར་འགྲེལ་བཤད་མི་དགོས་ཏེ།། རྒྱུད་ཚིག་ཉིད་ཀྱིས་གོ་སླའི་ཕྱིར།། ངེས་དོན་སྙིང་གར་སྣོལ་དགོས་པ།། འདི་ཡི་གནད་འགག་ཡང་དག་གོ།། དོན་དེ་ཇི་བཞིན་སྟོན་ནུས་ཀྱི།། བྱེད་པོ་བླ་མ་སློབ་དཔོན་ལས།། དབང་བཀུར་ཐོབ་ལ་འདོད་དགོས་ཤིང་།། དེ་ཉིད་མཉེས་ཤིང་བཀུར་བསྟི་ཡིས།། བཟུང་ཚུལ་འདི་བཞིན་ངེས་དགོས་ཏེ།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་བཟུང་བར་བགྱི།། སློབ་དཔོན་དག་ཀྱང་བཟུང་བར་བགྱི།། ཞེས་པ་གསང་སྔགས་གསར་རྙིང་གི། དབང་དུས་དམ་ཚིག་བཟུང་སྐབས་སུ།། གསུངས་དོན་ཡིན་ལ་ངེས་བྱས་ཏེ།། ལག་གཡས་རྡོ་རྗེ་སྙིང་ཁའོ།། གཡས་དཀུར་བརྟེན་ཞིང་ལག་གཡོན་གྱིས།། དྲིལ་ལྕེ་ཕྱོགས་བརྒྱད་བསྐྱོད་བཞིན་དཀྲོལ།། དེ་ཚེ་བརྗོད་བྱའི་སྔགས་འདི་ནི།། ཨོཾ་བཛྲ་དྷྭརྨཱ་ར་ཎི་ཏ།། སྔགས་འགྲེལ་ཨོཾ་ནི་རྡོ་རྗེ་གསུམ།། བཛྲ་རྡོ་རྗེ་སྟོང་ཉིད་དོན།། དྷྭརྨཱ་ཆོས་དང་ར་ཎི་ཏ།། སྒྲོག་པའོ་པྲ་ར་ཎི་ཏ་ཡང་།། རབ་ཏུ་སྒྲོགས་པ་ཡིན་ཞེས་གསུངས།། སཾ་པྲ་ར་ཎི་ཏ་ཞེས་པ།། ཀུན་ཏུ་རབ་ཏུ་སྒྲོག་པ་སྟེ།། དེ་ལྟར་ཆོས་སྒྲ་གསུམ་བསྒྲགས་དོན།། སརྦ་བུདྡྷཱ་ཀྵེ་ཏྲ་དང་།། པྲ་ཙ་ལི་ནི་ཞེས་པ་ཡང་།། སངས་རྒྱས་ཞིང་རྣམས་རབ་གཡོ་ཞིང་།། པྲཛྙ་པ་ར་མི་ཏ་ནི།། ཤེས་རབ་ཕ་རོལ་ཕྱིན་པའོ།། ནཱ་དཱ་སྒྲ་ཡིན་སཱ་བྷཱ་ཝ།། རང་བཞིན་ཡིན་ནོ་དེའི་བྱེད་ལས།། བཛྲ་ས་ཏྭ་ཧྲཱིཿད་ཡ།། སན་ཏོ་ཥ་ཎི་བཅས་པ་ཡང་། ཀུན་ཏུ་རྡོ་རྗེའི་ཐུགས་མཉེས་ཤིང་།། བདེ་བ་ཆེན་པོའི་སེམས་ཅན་གྱི།། དོན་ལ་སད་ཅིང་འཇུག་པའོ།། ཧཱུྃ་གསུམ་ཧོ་གསུམ་གོང་ལྟར་རོ།། སྭཱ་ཧཱ་སྐབས་འདིར་དབུགས་འབྱིན་དོན།། གཞན་ཡང་ཨོཾ་གྱི་མགོ་འདྲེན་དང་།། སརྦ་ཏཱ་ཐ་ག་ཏ་ལ།། སིདྡྷཱི་བཛྲ་ནི་བཏགས་བཅས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། གྲུབ་པའི་རྡོ་རྗེ་ཞེས་པ་སྟེ།། གང་རྣམས་ངོ་བོ་ཡེ་ཤེས་ལྔའི།། རང་བཞིན་རྡོ་རྗེ་དེ་ཉིད་ལས།། འདའ་བ་མིན་པའི་དམ་ཚིག་གོ། ས་མ་ཡེ་དང་ཏིཥྛ་ནི།། མནོས་པ་ཡིན་ལ་ཨེ་ཥ་ཏྭཾ།། དྷཱ་ར་ཡ་མི་དང་བཅས་པ།། འདི་ཉིད་བཟུང་བར་བྱའོ་ཞེས།། ཧི་ལྔ་ཡེ་ཤེས་ལྔ་དང་ནི།། ཧཱུྃ་གསུམ་སྔར་ལྟར་ཕཊཿཀྱི་དོན།། སྐབས་འདིར་གསལ་བར་བྱེད་ལ་འཇུག། སྭ་ཧཱ་སྔོན་བཞིན་ཧཱུྃ་གསུམ་ཡང་།། བརྗོད་ཚེ་སྙིང་གར་འཁྱུད་སྟངས་དང་།། ཆབས་ཅིག་ཐབས་ཤེས་ཟུང་འཇུག་དོན།། དྲན་བྱས་རྡོར་དྲིལ་བཟུང་ནས་སུ།། དཀྱིལ་ཆོག་གཏོར་མ་ས་སྦྱང་སོགས།། སྒྲུབ་ཕྲིན་བྱ་བ་ཀུན་ལ་འཇུག། དྲིལ་ལྕེ་དྲིལ་བུའི་ཕྱོགས་བརྒྱད་དུ།། བསྐྱོད་པ་དང་པོ་ཚར་གཅིག་ལས།། དེ་ནས་དགོས་པ་མིན་པའི་ལུང་།། གདན་བཞིའི་འགྲེལ་བར་གསུངས་པའོ།། དེ་ཡང་ཕྱོགས་བཞིའི་པད་འདབ་ཀྱི།། ས་བོན་ཇི་བཞིན་གཡོན་བསྐོར་ཞིང་།། མཚམས་བཞི་གཡས་སུ་བསྐོར་དགོས་གསུངས།། རྡོར་དྲིལ་བཟུང་སྐབས་དེ་གཉིས་ཀ།། སྟབས་གཅིག་ལག་པ་གཡས་གཡོན་གྱིས།། བཟུང་བར་བྱ་ཡིས་ཡ་བྲལ་བའི།། རྡོ་རྗེ་གཅིག་པུ་བཟུང་བའམ།། ཡང་ན་ལག་གཉིས་དྲིལ་བུ་འཁྲོལ།། སྤང་བར་བྱ་བ་ཁོ་ནར་གསུངས།། དེ་དོན་ཟུང་དུ་སྦྱོར་བས་བསྒྲུབ།། གསུངས་པའི་དོན་ཉིད་དྲན་པར་བྱ།། དེ་ཡིས་གསང་སྔགས་གསར་རྙིང་གི། རྒྱུད་སྡེ་འག་ལས་གསུངས་པ་དང་།། འགྲེལ་བྱེད་མཁའ་པའི་དབང་པོ་འགས།། འཀྲོལ་རྣམས་ནེ་ཙོའི་བསྐྱར་ཟློས་བཞིན།། སྨྲས་འདི་ཐབས་ཤེས་རྫས་ཀྱི་མཆོག། རྡོ་རྗེ་དྲིལ་བུའི་གཏམ་ཡིན་ནོ།། འདིར་སྨྲས་པ། སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས།། མངའ་བདག་མཆོག་ཏུ་རློམས་པ་ཕལ་ཆེར་གྱིས།། མདོ་སྔགས་མ་ནོར་ལམ་རིམ་སྟོན་པའི་ལས། ཡལ་བར་དོར་ནས་ཆོས་བརྒྱད་ལག་ལེན་སློབ།། མདོ་མིན་སྔགས་མིན་རབ་སོ་མ་ངེས་ཆུང་།། བགྲོད་པ་གཤོལ་བའི་དགེ་འབྲས་འཕྱང་མོ་ཉུག། དེ་ཕྱིར་རང་སྐྱོན་མཐོང་བའི་མེ་ལོང་ཞིག། བསྙེན་ནས་སྐྱོན་སྤང་ཡོན་ཏན་བསྒྲུབ་ནས་ལེགས།། མདོ་ལམ་ཉོན་མོངས་སྤང་དང་གཉེན་པོ་བསྟེན།། སྔགས་ལམ་མཆོག་ལ་སྤང་གཉེན་དབྱེར་མེད་གྲོལ།། དེ་ལྟའི་ལམ་ལ་སློབ་ཚེ་སོ་སོ་ཡི།། སྤངས་བླང་འཛོལ་མེད་རང་རང་བཞེད་གཞུང་བཞིན།། དགོས་གལ་ཆེ་ཕྱིར་གསང་སྔགས་བླ་མེད་ཀྱི།། བཅང་བའི་དམ་ཚིག་མཛད་མཆོག་རྡོར་དྲིལ་གྱི།། བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་འདི། ས་དབང་སྟོབས་ཀྱི་འཁོར་ལོས་བསྒྱུར་ཆོག་གི། བཀའ་ཕེབས་ཇི་བཞིན་བྱ་བྲལ་ཀུ་སུ་ལུ།། འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་བྱ་བས།། རྒྱུད་དང་དགོངས་འགྲེལ་མཁས་པའི་རྗེས་འབྲངས་ནས།། བྲིས་འདི་དམན་པའི་བློ་ཡིས་མ་ཡིན་ཕྱིར།། རྣམ་དཀར་བསོད་ནམས་ཆ་མཐུན་དགེ་བའི་རྒྱུན།། ཐོགས་མེད་རྣམ་མཁྱེན་ཆུ་གཏེར་ཆེར་འདྲེས་ཤིང་།། ཐབས་ཤེས་ཟུང་འཇུག་བདེ་སྟོང་དབྱེར་མེད་དང་།། མངོན་གྱུར་སྐུ་ལྔའི་གོ་སར་ངལ་བསོས་ནས།། མཐའ་ཡས་འགྲོ་ལ་ཕན་པའི་མཐུ་ཐོབ་ཤོག།།།


 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060