སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྗེ་བཙུན་མི་ལ་རས་པའི་མགུར་མ་བྱུང་བའི་རྒྱུ་རྐྱེན་ལ་ད་དཔྱད་པ།
སྤེལ་དུས། 2016-05-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀུན་དགའ་དབང་ཕྱུག
  【ནང་དོན་གནད་བསྡུས】འཇིག་རྟེན་གྱི་ཆོས་ཐམས་ཅན་རྒྱུ་རྐྱེན་གྱིས་བསྐྱེད་ཅིང་། དེ་ལས་བྱུང་བ་ཆོས་ཉིད་དུ་གྲུབ་ཕྱིར། རྗེ་བཙུན་མི་ལ་རས་པའི་མགུར་མ་ཡང་དེ་ལས་མ་འདས་པར་རྒྱུ་རྐྱེན་ལས་བྱུང་བ་ལོ་རྒྱུས་རྣམ་ཐར་གུང་བསྒྲིགས་ཏེ་དཔྱད་འཇོག་བྱས་ཡོད།
  【གནད་ཚིག】མི་ལའི་མགུར་གླུ།   རྒྱུ་རྐྱེན། གདུལ་བྱ།
  གླེང་གཞི།
  རང་རེའི་བོད་ཁ་བ་ཅན་དུ་རྗེ་བཙུན་མགུར་མ་ཞེས་སྙན་པའི་ཚད་དུ་མཁས་བླུན་ཀུན་གྱིས་བགྲངས་ཤིང་། དེ་ལ་བརྟེན་ནས་མགུར་མའི་སྐོར་ལ་དཔྱད་པ་སྣ་ཚོགས་བྱུང་ཡོད་ནའང་།   《རྗེ་བཙུན་མི་ལ་རས་པའི་རྣམ་མགུར》ལ་ལོ་རྒྱུས་སྨྲ་བ་ཆེན་མོ་སུམ་པ་ཡེ་ཤེས་དཔལ་འབྱོར་དང་ཁོང་གི་ཡར་སྔོན་དུ་བྱོན་པའི་ཀུན་མཁྱེན་ཡེ་བཟང་རྩེ་བས་བཅོས་མ་དང་ནང་འགལ་ཡོད་པར་གསུངས་པའི་སྐོར་ལ་ད་ལྟའི་བར་དཔྱད་པའི་ས་བོན་ཙམ་ཡང་བྱུང་མེད་ལ། རབ་བྱུང་དང་པོའི་ནང་དང་རབ་བྱུང་གཉིས་པའི་སྟོད་ཀྱི་ཆར་རྗེ་བཙུན་གྱི་མགུར་མ་བྱུང་བའི་རྒྱུ་རྐྱེན་ལ་གནས་བབ་དང་འབྲེལ་བའི་དཔྱད་པ་དེ་བས་ཀྱང་མེད་པས།   རང་བློས་ལྕོགས་ཚོད་ཀྱིས་ཕྱི་མ་འདི་ཅུང་ཟད་གླེང་བར་འདོད་དོ།།
  དང་པོ། མགུར་མ་བྱུང་བའི་རྒྱུ་བཤད་པ།
  གཅིག གྲེ་བ་བདེ་བ།
  སྤྱིར་ན《མི་ལའི་མགུར་འབུམ》དུ་མགུར་ཚན་ལྔ་བརྒྱ་ལྷག་བཞུགས་ལ། དེ་དག་ལས་ཁག་ཅིག་རྗེ་བཙུན་ཞལ་བཞུགས་པའི་སྐབས་སུ་བསྒྲིགས་པ་ཡང་ཡོད་དེ། དཔེར་ན། ཚེ་རིང་མཆེད་ལྔས་དྲོད་ཉུལ་བ་དང་ཞུས་ལན་གྱི་རིམ་པ་ནི། ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་ཡིས་མི་བརྗེད་གཟུངས་སུ་ཡི་གེར་བཀོད་པ་སྙན་ངག་མུ་ཏིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་དང་། ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་དང་རྣལ་འབྱོར་ཞི་བ་འོད་གཉིས་ཀྱིས…གསུང་བགྲོས་ལ་དབྲི་བསྣན་ལྷག་ཆད་མེད་པར་ནན་ཏན་དུ་བྱས་ཏེ།   ངག་བརྗོད་པ་ཚིག་གི་ཕྲེང་བ་སྡེབ་ལེགས་པའི་ཡི་གེར་བཀོད་པ་བདུད་རྩི་འོད་ཀྱི་ཕྲེང་བ་ཞེས་བྱ་བ་དང་། ཡང་དམ་ཚིག་ཅན་གྱི་རྡོ་རྗེ་སྤུན། ཕུ་བོ་གཅེན་པོའི་ཞལ་ངོ་རུ།   གུ་རུ་བོ་ངྷི་རཱ་ཛ་དང།།   བདག་མིང་འོད་ཀྱི་མཐའ་ཅན་གྱིས།   གསུང་གླེང་དྲི་ཞིབ་ནན་ཏན་གྱིས། དྲི་རྨེད་ཞུས་དག་བགྱིས་ནས་ཀྱང་།། ཆོས་འདི་བར་དོ་འཕྲང་སྒྲོལ་ལ། མགུར་ཆུ་གསེར་གྱི་ཕྲེང་བ་ཞེས།   དོན་ལྡན་ཕྱིར་ན་མཚན་དུ་གསོལ། ཞེས་དང་། ཡང་རས་པ་མཆེད་གཉིས་ཀྱིས་མཎྜལ་ཕུལ་ནས་ཞུས་པས་དགྱེས་བཞིན་གནང་བ་ས་མ་ཡ་རྒྱ་རྒྱ་རྒྱ། ཚེ་རིང་མའི་ཆོས་སྐོར་རྣམས་ལ་འཆད་པ་པོ་དཔལ་བཞད་པ་རྡོ་རྗེའི་བཀའི་རྒྱ། ཞུ་བ་བོ་མཁའ་འགྲོ་མཆེད་ལྔའི་གསང་བའི་རྒྱ། སྡུད་པ་པོ་ཨརྱ་བོ་ངྷི་རཱ་ཛ་དང་རས་པ་ཞི་བ་འོད་གཉིས་ཀྱིས་དམ་ཚིག་གི་རྒྱ་ཞེས་དང་། ས་ལེ་འོད་ཀྱི་སྐོར་ཡང་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོས་མི་བརྗེད་པའི་གཟུངས་སུ་ཡི་གེར་བཀོད་པ་ཞེས་དང་། ཁ་ཐོར་སྣ་ཚོགས་ཀྱི་མཇུག་ཏུའང་།། ཐུགས་སྲས་རྣམས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་ཞིང་ཡི་གེར་བཀོད་པ་ཞེས《མགུར་འབུམ》དེ་ཉིད་དུ་ཐེངས་དྲུག་འབྱུང་བས། ཕལ་ཆེ་བ་རས་པ་མཆེད་གཉིས་ཀྱིས་ཟིན་བྲིས་སུ་བཀོད་ཚུལ་ཤིན་ཏུ་གསལ་ཡང་།   གཞན་རྣམས་ནི། རྗེ་བཙུན་མི་ལའི་རྣམ་ཐར་ཏེ།   སློབ་མ་ཆོས་པར་གྲགས་པ་མཛོད་ནག་དང་མཁའ་སྤྱོད་པས་བསྒྲིགས་པ།   སྟོད་པ་ཤེས་རབ་ཀྱིས་མཛད་པའི《རྫེ་བཙུན་མི་ལའི་རྣམ་ཐར་མ་རིག་མུན་སེལ》གསང་སྟོན་ཞི་བྱེད་རི་བས་རྣམ་ཐར་མི་འདྲ་བ་བརྒྱ་དང་བདུན་ཅུ་ཙམ་མཇལ་བར་གསུངས་པ་སོགས་ཕྲན་གྱི་མིག་བསོད་དུ་མ་གྱུར་བ་མང་ཡང་།   དེ་དག་ཏུའང་མགུར་མ་ཡང་བཞུགས་ན། དེ་ལས་བཏུས་པ་ཡང་བསྙོན་མི་ནུས་ཏེ།   གཙང་སྨྱོན་ཁོང་གིས་ཀྱང《རྣམ་མགུར》གྱི་མཇུག་ཏུ་རྗེ་བཙུན་གྱི་རྣམ་ཐར་མང་དུ་མཐོང་བར⑴གསུང་པས་སོ།
  ཞིབ་ཏུ་བཤད་ན།   གཙང་སྨྱོན་ཧེ་རུ་ཀའི་ཡར་སྔོན་དུ་བྱུང་བའི་ད་ལྟ་དངོས་སུ་དཔར་ཡོད་པའི་མི་ལའི་རྣམ་ཐར་ནི། དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང》དུ་བཞུགས་པ་དེ་ཡིན་ཞིང་། དེ་ནི་རྗེ་བཙུན་མི་ལ་རབ་བྱུང་གཉིས་པའི་ཆུ་ཡོས(སྤྱི་ལོ1123)ལོར་བཤེགས་པ་ནས་བརྩིས་པའི་བགྲང་བྱ།   324ལོར་བརྩམས་པ་དང་། དེའི་རྗེས་སུ་ཀུན་མཁྱེན་ཡེ་བཟང་རྩེ་བས་བརྩམས་པའི《དེབ་སྔོན》དུ་བཞུགས་པའི་རྣམ་ཐར་དེ་ཡིན་ཞིང་།། དེ་ནི་རྗེ་བཙུན་ཞི་བར་གཤེགས་པ་ནས་བརྩིས་པའི་བགྲང་བྱ354ལོར་བརྩམས་པ་དང་། དེའི་རྗེས་སུ་གཙང་སྨྱོན་ཧེ་རུ་ཀས་བརྩམས་པའི《མི་ལའི་རྣམ་མགུར》དེ་ཡིན་ཞིང་།   དེ་ནི་རྗེ་བཙུན་ཞི་བར་གཤེཊ་ནས་བརྩིས་པའི་བགྲང་བྱ366ལོར་བརྩམས་པས།   རྣམ་ཐར་ཆེས་སྔ་ཤོས་ཀྱང་མིན་པ་རྟོགས་སླ་བ། རྗེ་བཙུན་ཞི་བར་གཤེགས་པ་ནས་བརྩིས་པའི་ལོ་བཞི་བརྒྱ་མ་ལོངས་ཙམ་གྱི་ནང་དུ་བརྩམས་པས།  ལོ་ཚིགས་དང་མགུར་མ་ཕྱོགས་བསྒྲིགས་ཐད་ལ་དོགས་པ་ཡོད་མོད།   འོན་ཀྱང། སྔ་གཞུག་ཏུ་བྱུང་བའི་རྣམ་ཐར་གུང་བསྒྲིགས་ཏེ་མཇལ་བའི་ཚེ་ན། ཕལ་ཆེར་གཅིག་ཏུ་འདུག་པས་སྤྱི་བབ་ཀྱི་ཆ་ནས་ཆེས་མི་མཐུན་པར་ལྟག་སྤྲོད་དུ་གྱུར་བ་ཞིག་ནི་མིན་ནོ། །དེ་བས། རྗེ་བཙུན་མི་ལ་ཆུང་དུས་ནས་གྲེ་བ་བདེ་བ་ཡང་གཙང་སྨྱོན་ཧེ་རུ་ཀས་རྣམ་མགུར་དུ་གསུང་པ་ཇི་བཞིན་ཡིན་ཏེ།  རྒྱ་གར་གྱི་དོ་ཧའི་གླུ་དང་སྟོད་དབུས་གཙང་ནས་བྱོན་པའི་རྒོད་ཚང་བ་མགོན་པོ་རྡོ་རྗེ།   སྨད་མདོ་ཁམས་ནས་བྱོན་པའི་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་སོགས་ཀྱང་།  རྗེ་བཙུན་མི་ལའི་མགུར་བཞིན་མགུར་བཞེངས་པ་པོ་གྲེ་བ་བདེ་བའི་རྐྱེན་གྱིས་བྱུང་བ་མ་གཏོགས། ཨུ་ཚུགས་ནན་བཙུར་གྱིས་བྱུང་བ་ཞིག་མིན་ནོ།། 《རྗེ་བཙུན་གྱི་རྣམ་མགུར》དུའང་།། རྩའི་མི་ཐོད་གད་ཁ་བྱ་བ་ན་སྔགས་རྙིང་མ་བའི་སློབ་དཔོན་ཀླུ་བརྒྱད་མཁན་གྲོང་ཆོག་ལ་ཤིན་ཏུ་བྲིན་པ་ཞིག་ཡོད་པ་དེར་ང་ཀློག་སློབ་ཏུ་བཏང་།   …རྩའི་མདའ་རུ། སྐྱིད་སྟོན་གྱི་ཆང་ས་ཆེན་པོ་བྱུང་བ་དེའི་གྲལ་དབུ་ལ་སློབ་དཔོན་སྤྱན་དྲངས་པའི་ཕྱག་ཕྱི་ལ་ང་ཡང་ཕྱིན། དེར་ཆང་མང་བ་དང་སློབ་དཔོན་ལ་ཟུར་ནས་ཀྱང་ཆང་འདྲེན་མང་རབ་བྱུང་བ་ཀུན་ནས་བཏུངས་པས་བཟི་བེར་སོང་ཡོད་པ་ལ། སློབ་དཔོན་གྱིས་ང་ལ་སྐྱོས་མ་རྣམས་བསྐུར་ཏེ་སྔོན་ལ་བརྫངས་པས། ཆང་གིས་བཟི་བ་དང་། དེའི་ཉིན་གླུ་ལེན་མཁན་རྣམས་ལ་སེམས་འཕྲོས་ནས། གླུ་ལེན་སྙིང་འདོད་པ་ཞིག་བྱུང་བ་དང་། གྲེ་བ་བདེ་མོ་ཞིག་ཡོད་པས།   གླུ་ལེན་ཞིང་འོངས⑵ཞེས་གསུངས་པ་དང་།  བྲག་དཀར་རྟ་སོ་སོགས་སུ་བཞུགས་པའི་སྐབས་སུའང་། ཐོལ་བྱུང་གི་མགུར་བཞེངས་པས།   ཁྱི་ར་བ་འགའ་དང་ལམ་འགྲོ་བ་སོགས་ཀྱིས་རྣལ་འབྱོར་བ་ཁྱོད་ལ་གླུ་ལེན་པའི་སྐད་སྙན་མོ་འདུག་པར་བཤད་པ③རྣམ་ཐར་དུ་འབྱུང་ཞིང་། ཁྱད་པར་དུ་ཐོས་པ་དགའ་ཞེས་བྱ་བའི་མིང་ཡང་གཙང་སྨྱོན་ཧེ་རུ་ཀས་མཛད་པའི《རྣམ་མགུར》དུ། ལྷ་དང་བླ་མས་མཚན་གསོལ་བ། བཞད་པ་རྡོ་རྗེ་མི་ཟེར་རམ།   །ཡབ་དང་ཡུམ་གྱིས་མཚན་གསོལ་བ། མི་ལ་ཐོས་དགའ་མི་ཟེར་རམ། རྒྱལ་ཁམས་ཡོངས་ཀྱིས་མཚན་གསོལ་བ། །གྲུབ་ཐོབ་རས་པ་མི་ཟེར་རམ་④ཞེས་ཡབ་ཡུམ་གྱིས་མཚན་གསོལ་བར་གསུངས་ཀྱང་། གཞན་དུ་གླུ་ལ་དགའ་བས་མིང་དུ་ཐོགས་པར་བཤད། གང་ལྟར་ཆུང་དུས་ཕར་ཟད།   ཕྱིས་སུ་འཁོར་བ་ལ་ངེས་འབྱུང་ཆེན་པོས་ཟིན་ཏེ། གངས་ཁྲོད་གཡའ་ཁྲོད་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས་སུའང་། རྗེ་བཙུན་གྱིས་སློབ་མ་རྣམས་ལ་བསྙུན་དྲི་སྨེད་ཀྱི་མགུར་གསུངས་པས། ཉ་མ་རྣམས་དགའ་དྲགས་འུར་ཏེ་བྲོ་འཁྲབས་པས། རྗེ་བཙུན་ཡང་ཐུགས་ཉམས་འུར་བ་ལྟར་མཛད་ནས་ཞབས་བྲོ་མཛད་པའི་ལོ་རྒྱུས་འདུག་པ⑤ལས་ཀྱང་། འཇིག་རྟེན་པའི་ལུགས་ལྟར་གླུར་མ་ཟད། ཞབས་བྲོ་ལའང་དགའ་བའི་ཐུགས་གཤིས་ཤིག་ཡོད་ཚོད་འདུག་པས། ཆུང་དུས་ནས་གླུ་ཐོས་པ་ལ་དགའ་བས་མཚན་དེ་ལྟར་ཐོགས་པར་གསུངས་པའང་གཏན་ཚིགས་དང་བདེན་དོན་གྱི་ཆ་ཏིལ་འབྲུ་ཙམ་ཡང་མེད་པ་མིན་ནོ།། དེའི་ཕྱིར། གཙང་སྨྱོན་ཧེ་རུ་ཀས་བསྒྲིགས་པའི《རྗེ་བཙུན་རྣམ་མགུར》ལས་ལོ་བཞི་བཅུ་ལྷག་གི་སྔོན་དུ་བརྩམས་པའི《ལྷོ་རོང་ཆོས་འབྱུང》དུ་བྱུང་བའི་རྗེ་བཙུན་གྱི་རྣམ་ཐར་དུ། རྗེ་བཙུན་འདི་ནི་ཆུང་ངུའི་དུས་ནས་གླུ་དང་སྡེབ་སྦྱོར་ལ་ཤིན་ཏུ་མཁས་པ། འཚོ་རྫི་བའི་རྗེས་སུ་བྱོན་ནས།   ཕྱག་གི་འུར་རྡོ་དང་ན་བཟའ་ལ་སོགས་ལས་དྲངས་པའི་གླུ་མཆོད་དཔག་ཏུ་མེད་པ་མཛད་པས། མཚན་ཡང་ཐོས་པ་དགའ་ཞེས་ཡོངས་སུ་གྲགས⑥ཞེས་གསུངས་པས། ཆུང་དུས་ནས་གླུ་ལེན་པ་ལ་དགའ་བ་ཙམ་མ་ཡིན་པར། གཞན་གྱི་གླུ་ཉན་པ་ལ་ཤིན་ཏུ་སྤྲོ་བས། འཚོ་རྫིའི་སྐབས་ཐོག་དེར་ཕྱག་གི་འུར་རྡོ་དང་ན་བཟའ་ཚུན་ཆད་འབུལ་ཏེ། གླུ་མཆོད་མཛད་པའི་ལོ་རྒྱུས་བྱུང་འདུག་པ་ལྟར་རོ།།
   ཁ་ཅིག་གིས་རྗེ་བཙུན་གྱི་མགུར་ནི་ངག་བདེ་བ་ལས་བྱུང་བར་སྨྲ་བ་རྫུན་དུ་ཐལ་ཏེ། ད་ལྟ་དུས་ཀྱིས་ཆོད་པས་རྗེ་བཙུན་གྱི་ངག་བདེ་མིན་དང་ངག་ལས་བཞེངས་མིན་སུས་ཀྱང་མི་ཤེས་པའི་ཕྱིར་ཞེས་འཛེར་ནའང་། གནས་ལུགས་གཏན་ནས་མེད་པ་མིན་ཏེ། གཙང་སྨྱོན་ཧེ་རུ་ཀས་བསྒྲིགས་པའི་རྣམ་མགུར་ཁ་ཤས་དོགས་གཞིར་གནས་ཀྱང་གཞན་དུ་གླེང་བར་བྱ་ལ། ཕལ་ཆེ་བ་ཡིད་ཆེས་པར་ཆོག་པ་གོང་དུ་གླེང་ཟིན་པས། རྣམ་ཐར་དེ་ལྟ་བུར་གཞི་བཅོལ་ཏེ་དཔྱད་དགོས་པ་ལས། དཔྱད་པའི་ཡུལ་མཐའ་དག་མངོན་སུམ་ཡིན་དགོས་ཚེ། དངོས་གཙོའི་ལྟ་བ་ཐལ་དྲགས་པས་སོ། །རྗེ་བཙུན་མ་ཟད། རྗེས་ཐོགས་སུ་བྱོན་པའི《རྒོད་ཚང་བ་མགོན་པོ་རྡོ་རྗེའི་མགུར》དུའང་། འཇིག་རྟེན་འདི་ཆུ་བོའི་གཉེར་མ་དང་འདྲ། གཅིག་མ་སངས་པར་གཅིག་གིས་སླེབ། །འདི་རྒྱབ་ཏུ་བསྐྱུར་ན་ལེགས་པར་གོ །འཇིག་རྟེན་དང་བློ་གཏད་ཅིག་མི་བྱེད་རི།། དབྱངས་མཆོད་པར་འབུལ་ལོ་བླ་མ་དཀོན་མཆོག་གསུམ།། སྒྲ་ཚོགས་སུ་རོལ་ཅིག་མཁའ་འགྲོའི་ཚོགས། །རྐྱེན་བར་ཆད་སེལ་ཅིག་བསྟན་སྲུང་རྣམས། བཀྲ་ཤིས་པར་བྱོན་ཅིག་ལྷ་མི་ཚོ། །བཀྲ་ཤིས་ཆོས་ཐུན་དུ་མཇལ་བའི་སྨོན་ལམ་འདེབས⑦ཞེས་གསུངས་པ་ལས་ཀྱང་། མགུར་དེ་དག་རང་གཞན་གང་གིས་བྲིས་ཏེ་བཞག་པ་མ་ཡིན་པར་ཐོལ་བྱུང་དུ་བརྡོལ་ཞིང་། ཚིག་གོང་འོག་གི་དབྱངས་རྟ་མཉམ་པས་ངག་ལས་གྱེར་བ་ནི་ཤེས་ནུས་ལ།   འདི་ལ་བརྟེན་ནས་གྲེ་བ་བདེ་བའང་ཤེས་ནུས་པའི་ཕྱིར་རོ།། རྗེ་བཙུན་རང་གི་མགུར་དུའང་། འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་།། མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས།   །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། མི་ང་རང་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་སྨད་དུ་བཅད།། སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས། ཕ་དགྱེས་སྟོན་རྔོག་མེས་དབུ་མཛད་ནས། རོང་སྟོན་ལྷ་དགའ་ཡན་ཆད་དུ།   །ལར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས⑧ཞེས་རང་གི་རྣམ་ཐར་མགུར་དུ་བཞེངས་པ་དང་། ཁྱོད་འཇིག་རྟེན་འདི་ཡི་སོ་ནམ་མཁན། །ང་སྐྱེ་བ་གཏན་གྱི་སོ་ནམ་མཁན།། སྟོན་ཐོག་སུ་མང་བལྟ་ཡང་བལྟ།   ནམ་ཕུགས་སུ་སྐྱིད་འགྲན་ཡང་འགྲན།   །དེ་སྣང་བ་དཔེ་རུ་དྲས་པ་ཡིན།   སོ་ནམ་གླུ་རུ་བླངས་པ་ཡིན།   །ཞེས་ངན་རྫོང་སྟོན་པ་ལ་མགུར་དུ་བཞེངས་པ་དང་། འཕྲལ་ངོ་མཚར་ལྟད་མོ་ཁོང་ཚོས་སྟོན།   །ཉམས་བྱུང་རྒྱལ་གླུ་ལ་ང་རང་མཁས། །ཞེས་སྐབས་དེར་དིང་རི་ན་དམ་པ་སངས་རྒྱས་དང་རྒྱ་གར་ན་ངྷརྨ་བོངྷི། བལ་བོ་ན་ཤི་ལ་བྷ་རོ། གཉའ་ནང་ན་མི་ལ་རས་པ་སྟེ།   གྲུབ་ཐོབ་ལྔ་དུས་མཚུངས་པ་ལས།   རས་ཆུང་བས་ངྷརྨ་བོངྷི་དང་མཇལ་ན་ལེགས་ཚུལ་ཞུས་པའི་ལན་དུ་གསུངས་པ་འདི་དག་ལས།   ངག་ཏུ་གྱེར་བ་ཤེས་ནུས་ལ། ཁྱད་དོན་བོད་ཀྱི་སྒྲུང་གླུ་དང་འདྲ་བར་ལ་ལ་རང་བཞིན་ལྷུག་པོར་བརྗོད་པ་དང་། ཤགས་གླུ་དང་འདྲ་བར་ལ་ལ་དཔེ་དཔེ་ཅན་སྦྱོར་ཚུལ་གསོན་ཉམས་ལྡན་པས།   གྲེ་བ་བདེ་ལ་ཤེས་རབ་ཆེ་བ་མ་གཏོགས་སྤྱིར་བཏང་གི་ངག་ལས་ཐོན་མི་སྲིད་པ་ཞིག་གོ། ཁ་ཅིག་གིས་གྲེ་བ་བདེ་མོད་ཀྱང་། ཕྱིས་སུ་བྱུང་བའི་མགུར་ལ་ལ་བཞིན་བྲིས་པའང་ཡོད་པར་བཤད། དེ་འདྲ་མིན་ཏེ།   སེ་བན་རས་པ་དང་མཇལ་བའི་སྐོར་དུ། སྣང་བ་དཔེ་ཆར་ཤར་བའི་རྣལ་འབྱོར་བདེ།   །ཞེས་དང་།   ངན་རྫོང་སྟོན་པ་དང་མཇལ་བའི་སྐོད་དུ།   ཚེ་འདིའི་ལོ་འདོད་ཀྱི་ཆེད་དུ་ཡིག་ནག་ལ་བལྟས་པའི་ཚིག་རིགས་ཀྱི་ལྷ་སྒོམ་སྤྱོད་པ་རྣམས་ལམ་ལོག་པར་འགྱུར་བ་ཡིན་ཞེས་ཡིག་ནག་ལ་བལྟ་བ་དང་འབྲི་བར་མི་དགྱེས་པས་ཡིག་ནག་ཅེས་པའི་སྨོད་ཚིག་འདི་ཡང་སྒྲུབ་པ་ལ་གཞོལ་བའི་བཀའ་བརྒྱུད་དམ་པ་རྣམས་ཀྱི་རིང་ལ་བྱུང་ངམ་སྙམ་སྟེ། 《རྣམ་མགུར》རང་དུ་ཡིག་ནག་ཅེས་པའི་ཐ་སྙད་ཐེངས་དགུ་ལྷག་བྱུང་བ་ལས། རྗེ་བཙུན་ཡང་སྔོན་གྱི་ཡིག་ཚང་རྣམས་སུ་དེ་མེད་པའི་ཕྱིར།   རས་པ་དར་མ་དབང་ཕྱུགས་དང་མཇལ་བའི་སྐོར་དུ། ཡིག་ནག་དཔེ་ལ་ལྟ་མ་མྱོང་ཞེས་མགུར་དུ་བཞེངས་པ་ལ་གཞིགས་ན། ཡིག་ནག་ལ་བལྟས་མ་མྱོང་ན་འབྲི་བ་འབྱུང་ཐབས་མེད་པས་མགུར་སོགས་ཀྱང་ངག་ལས་གྱེར་བ་ལས་བྲིས་པ་མིན་པ་རྟོགས་ནུས་པའི་ཕྱིར་རོ།།
  གཉིས། ཉམས་རྟོགས་བརྡོལ་བ།
  འོ་ན། རྗེ་བཙུན་གྱི་གྲེ་བ་བདེ་བའི་རྒྱུ་ཁོ་ན་ལ་བརྟེན་ནས། བོད་ཁམས་ཡོངས་སུ་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་སྔར་ལས་ཁྱད་དུ་འཕགས་ཤིང་། སྙན་པའི་ཚད་དུ་བགྲང་བའི་མགུར་མ་དེ་བྱུང་བ་ཡིན་ནམ་ཞེ་ན། དེ་ཁོ་ནའང་མ་ཡིན་ཏེ། རྗེ་བཙུན་མི་ལས་ཐོག་མར་སྡུག་བསྔལ་གྱི་བདེན་པ་ཕུལ་དུ་ཕྱིན་པ་ཐུགས་ཉམས་སུ་བཞེས་ཏེ། ངེས་འབྱུང་རྒྱ་ཆེན་པོས་བསྐུལ་བ་ལ་བརྟེན་ནས། ཕྱིས་སུ་ཕྱི་ཡི་མཐུན་རྐྱེན་དགེ་བའི་བཤེས་གཉེན་མར་བ་ལོ་ཙཱ་བ་དེ་ཉིད་བསམ་སྦྱོར་གཉིས་ཀྱིས་ལོ་དྲུག་ཟླ་བ་བརྒྱད་དང་རྔོག་གི་སར་དང་བཅས་པས། ལོ་ངོ་དགུ་མ་ལོངས་ཙམ་བསྟེན། 《རྣམ་མགུར》ལས་ཀྱང་གོ་རིམ་བཞིན་ཤེས་ནུས་ཏེ། སྔོན་གྱི་རྒྱུ་འབྲས་མི་བསླུ་བས། ངེད་མ་སྨད་བསོད་ནམས་ཆུང་བའི་ཕྱིར།   །ཡབ་མི་ལ་དེ་ཉིད་དགུང་ལ་གཤེགས། །སྒྱུ་མའི་ཟས་ནོར་གང་ཡོད་རྣམས།   ཨ་ནེ་དང་ཨ་ཁུ་གཉིས་ཀྱིས་འཕྲོགས།   ངེད་མ་སྨད་ཀྱིས་ཁོང་གི་གཡོག་པོ་བྱས།   །ཟ་མ་ཁྱི་ཡི་ལྟོ་བ་ལ།   །གོས་སུ་དུག་པོ་ཚེམ་་བེར་གྱོན། །སྐྱོ་བསེར་རླུང་དང་འཁྲུག་པ་ཤོར། ཨ་ཁུའི་འཐབ་རྡུང་རྒྱུན་དུ་ཁུར། །ཨ་ནེའི་ངོ་འཛུམ་དཀར་ནག་བལྟས།   །བྲན་གཉའ་ཤོར་གྱི་གདན་ས་ངེད་ཀྱིས་འཕྲོགས། ངེད་མ་སྨད་ལ་སྡུག་པའི་རེ་མོས་བབ། །སྡུག་བསྔལ་གྱི་ཡི་མུག་བཟོད་གླགས་མེད།   །བླ་མ་གཡུང་སྟོན་དང་རོང་སྟོན་ལྷ་དགའ་ལ།   །མཐུ་སེར་གཏད་གསུམ་པོ་རྫོགས་པར་བསླབས།   །ཨ་ཁུ་དང་ཨ་ནེས་ཐོག་དྲངས་པའི།   །ཡུལ་མི་ཁྱིམ་མཚེས་ཕུང་ལ་བཏང་། །ང་དེ་ཕྱིར་བསམས་ཤིང་འགྱོད་པ་སྐྱེས། ཕ་ལོ་ཙཱ་བའི་སྙན་པ་རྒྱང་ནས་ཐོས། ལམ་དཀའ་བ་སྤྱད་ནས་དྲུང་དུ་ཕྱིན།། ཕ་དྲིན་ཆེན་དེ་ཡི་ཞབས་དྲུང་དུ།། ཁོ་བོ་མི་ལ་རས་པ་ངས། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡད⑨ཅེས་གསུངས་པ་དེ་བཞིན་ཡིན་ཞིང་། དགུང་ལོ་ཞེ་དྲུག་སྟེང་།   བླ་མ་མར་བ་ཆེན་པོ་དང་གྱེས་ཏེ། རང་ཡུལ་དུ་ལོག   དེའི་ཚེ་ཡུམ་ནི་འདས་ཤིང་ལྕམ་སྲིང་ནི་འཁྱར།   ཁང་བ་ནི་རལ་ཞིང་ས་ཞིང་ནི་ཐ་སྐམ་དུ་གྱུར་བ་གཟིགས་པས།   སྔར་གྱི་ངེས་འབྱུང་ལས་ཀྱང་འཁོར་བའི་ཞེན་ལོག་མེ་ལ་བུད་ཤིང་སྣོན་པ་བཞིན་རྒྱས་པས།   བླ་མའི་གདམས་ངག་དང་སྒྲུབ་པ་མིན་པ་གཞན་གང་ཡང་དགོས་པ་མེད་པའི་བསམ་པ་བརྟན་པོ་ཞིག་འཁྲུངས་པར་སྣང་། དེ་དུས་བཞེངས་པའི་མགུར་ནི།   ཚང་མང་ཀ་བཞི་གདུང་བརྒྱད་དེ།། དུས་དེང་སང་སེང་གེའི་ཡ་མགལ་འདྲ། །མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ   །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །བཤོས་ཞིང་འོར་མ་གྲུ་གསུམ་དེ། ། དུས་དེང་སང་འཇག་མའི་ཡུལ་དུ་སོང་། གཉེན་ཉེ་བ་ཕ་སྤུན་རེ་བ་རྣམས། །དུས་དེང་སང་དགྲ་བོར་དམག་ཏུ་ལངས། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད།། ཕ་བཟང་མི་ལ་ཤེས་རྒྱལ་དེ། །དུས་དེང་སང་བྱུང་བའི་རྗེས་ཀྱང་མེད། །ཨ་མ་མྱང་ཚ་དཀར་རྒྱན་དེ། དུས་དེང་སང་རུས་བྲང་ཁོག་པ་ཞིག། འདི་ཡང་མི་རྟག་སྒྱུ་མའི་དཔེ། དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད⑩ཅེས་གསུངས་པ་ལྟར།  བྲག་དཀར་རྟ་སོ་སོགས་སུ་བྱོན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས། དགུང་ལོ་ཞེ་བདུན་སྟེང་གྲུབ་པ་བརྙེས་པར་གྲགས། བོད་ཀྱི་ཆོས་འབྱུང་རྣམས་སུའང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཚད་གཞི་ལྟ་བུར་བརྩི་བས། སྔོན་འགྲོ་མགོན་འཕགས་པ་རིན་པོ་ཆེ་ཧོར་སེ་ཆེན་ཧན་གྱིས་གདན་དྲངས་ཏེ། ཕོ་བྲང་དུ་བྱོན་པའི་ཚེ་ནའང་། རྒྱལ་པོས་ཁྱོད་བོད་ཡུལ་དུ་ཕོ་རྒོད་པ་སུ་བྱུང་གསུངས་པ་ལ། ཕོ་རྒོད་པོ་མི་ལ་རས་པ་ཞེས་བྱ་བ་བྱུང་གསུངས་པས་དེ་ཅི་ཡིན་གསུངས། ཚེ་སྟོད་ལ་དགྲ་བཏུལ། ཚེ་གཞུག་ལ་ཆོས་བྱས་གྲུབ་པ་ཐོབ་པ་ལགས་ཞུས་པའི་ལོ་རྒྱུས་འདུག⑾པ་བཞིན་ནོ།། འགྲོ་མགོན་ཞབས་དཀར་བས་པཎ་ཆེན་སྐུ་ཕྲེང་ཞིག་རྒྱ་ནག་ཏུ་ཕེབས་པའི་སྐབས་སུ། གོང་མ་ལ་དེ་ལྟར་ཞུས་པའི་ལོ་རྒྱུས་ཡིན་པར་རྣམ་ཐར་དུ་བཀོད⑿འདུག་ནའང་། མ་དག་པར་སེམས་ཏེ། ཞར་བྱུང་དུ་ཐལ་བའི་གཏམ་མོ།།
  དེ་ནས་བཟུང་། མར་བ་ལོ་ཙཱ་བས་གསུངས་པའི་གནས་རྣམས་སུ།  རི་ཁྲོད་འགྲིམས་ཏེ། ཉམས་རྟོགས་ཀྱི་ཡོན་ཏན་རྣམས་གླུ་རུ་གྱེར་བ་བྱུང་བས། མགུར་ལས་ཀྱང་། མི་ལ་རས་པའི་སྒོམ་བསྲན་ལ། །འཇིག་རྟེན་བྱ་བ་གཏོང་བ་དེ། །ལོ་འདོད་གྲགས་འདོད་མ་ཡིན་ཏེ།   །ཞེན་པ་ལོག་པའི་རང་རྟགས་ཡིན།། ཐམས་ཅད་གྲོལ་བའི་རྣལ་འབྱོར་བ།   དབེན་གནས་རི་ཁྲོད་འགྲིམ་པ་དེ། །འཁྲུལ་གྱིས་དོགས་པ་མ་ཡིན་ཏེ། །ཐར་ལམ་འགྲོད་པའི་རྣམ་ཐར་ཡིན། །སྐལ་ལྡན་དད་པ་ཅན་རྣམས་ལ། །གདམས་ངག་གླུ་རུ་ལེན་པ་དེ། །བྱ་རྒྱུ་མེད་པ་མ་ཡིན་ཏེ། རྒྱུད་པ་འདི་ཡི་ཕྱག་སྲོལ་ཡིན།⒀ ཞེས་གསུངས་ཀྱང་། ངེས་དོན་དུ་ཆོས་ཀྱི་གནས་ལུགས་ནི་མཐའ་ཆོད་པར་རྟོགས།   གྲེ་བ་ནི་ལྷན་སྐྱེས་ཀྱིས་བདེ་བས་མགུར་མ་བྱུང་བའི་རྒྱུ་ཡོངས་སུ་ཚང་སྟེ།  རྗེ་བཙུན་རང་གིས་ཀྱང་། ཁ་ནས་གླུ་ཆུང་ལེན་པ་དེ། ཉམས་མྱོང་ཁོང་ནས་ཤར་བ་ཡིན།⒁ཞེས་ཉམས་རྟོགས་ཀྱི་ཡོན་ཏན་ཁོང་ནས་བརྡོལ་བ་ལ་བརྟེན་ནས་ལེན་པ་མ་གཏོགས་གཞན་མིན་པར་གསུངས་པ་ཇི་བཞིན་བརྗོད་པའོ།། འོ་ན།   རྫེ་བཙུན་མི་ལའི་ཡར་སྔོན་དུ། བོད་ལ་ལྷན་སྐྱེས་ཀྱི་གྲེ་བ་བདེ་བ་ནི་ཡོད་སྲིད་པས། དེ་དག་ལ་རྗེ་བཙུན་མགུར་མ་ལྟ་བུ་མ་བྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་པའི་རྟོགས་པ་ཞིག་ངང་གིས་འབྱུང་མོད་ཀྱང་། ཞིབ་ཏུ་དཔྱད་ཚེ།   ལྷན་སྐྱེས་ཀྱི་གྲེ་བ་བདེ་བ་དང་ཉམས་རྟོགས་ཀྱི་ཡོན་ཏན་བརྡོལ་བ་གཉིས་ཀ་འཛོམས་པའི་རྒྱུ་མཚོགས་འདི་ལྟ་བུ་ནི་སུ་ལའང་མ་བྱུང་བ་འདྲ་ལ།   《རྫེ་བཙུན་མགུར་མ》ཆེས་ཆེར་དར་བའི་རྐྱེན་ཡང་སྤྱི་ཚོགས་ཀྱི་གནས་བབ་ལ་འབྲེལ་བ་ཡོད་པ་གདོན་མི་ཟའོ།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716