སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་སྤྱི་བཤད།
སྤེལ་དུས། 2017-09-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མི་གསལ།
          རང་རེའི་གཅེས་སུ་འོས་པའི་ཀྲུང་གོའི་རྒྱལ་ཁབ་འདི་ནི་ཆོས་ལུགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ།  འཛམ་གླིང་ཐོག་གི་ཆོས་ལུགས་ཆེན་པོ་རྣམ་གསུམ་སྟེ། སངས་རྒྱས་ཆོས་ལུགས་དང་། གནམ་བདག་ཆོས་ལུགས། ཁ་ཆེའི་ཆོས་ལུགས་བཅས་ལ་དད་པ་བྱེད་མཁན་གྱི་མི་རིགས་གང་མང་ཞིག་ཡོད་པའི་ཆོས་དད་མང་ཚོགས་དེ་དག་ལ་རྒྱལ་ཁབ་ཁྲིམས་ལུགས་ཀྱི་སྲུང་སྐྱོང་བྱ་ཡོད་པ་མ་ཟད། ཆོས་དད་པ་དེ་དག་གི་སྒྲིག་གཞིའི་རྩ་འཛུགས་དང་། ཆོས་ཀྱི་ཆོ་ག་བཤམས་སའི་ཁོར་ཡུག་བཅས་ལའང་བདག་སྐྱོང་གང་ལེགས་བྱས་ཏེ་ཆོས་ལུགས་དད་མོས་རང་དབང་གི་གནས་བབས་བདེ་སྐྱིད་ལྡན་པ་ཞིག་རང་རེའི་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོ་འདི་རུ་ཡོད་དོ། དེ་ལས་སངས་རྒྱས་ཆོས་ལུགས་ལ་སྤྱི་ལོ་སྔོན་གྱི་ལོ་གཉིས་པ་ཙམ་ནས་མེས་རྒྱལ་ནང་ཁུལ་དུ་དར་བའི་རྒྱ་བརྒྱུད་ནང་བསྟན་དང་། སྤྱི་ལོའི་དུས་རབས་བདུན་པ་ཙམ་དུ་རང་རྒྱལ་ནུབ་རྒྱུད་ཀྱི་བོད་ཡུལ་དུ་དར་བའི་བོད་བརྒྱུད་ནང་བསྟན། སྤྱི་ལོའི་དུས་རབས་བཅུ་གསུམ་ཙམ་ལ་མེས་རྒྱལ་ལྷོ་རྒྱུད་ས་ཁུལ་དུ་དར་བའི་ལྷོ་བརྒྱུད་ནང་བསྟན་བཅས་སྐད་བརྒྱུད་ཆེན་པ་གསུམ་གྱི་ནང་དུ་འདུས་ཡོད།  དེ་དག་ལས་བོད་བརྒྱུད་ནང་བསྟན་ནི་སྐད་བརྒྱུད་ཆེན་པོ་གསུམ་ལས་ནང་བསྲེས་བྱེ་བྲག་པ་ཞིག་ཡིན་ལ།  དེ་དུས་རབས་བདུན་པ་ཙམ་ནས་བོད་ཀྱི་ཡུལ་དུ་དར་འཕེལ་བྱུང་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འབྲེལ་ཆེ་ལ་འདྲིས་བཟང་པས་བོད་མི་རིགས་ལ་བགས་ཆགས་ཧ་ཅང་མཐུག་པོ་ཞིག་བསྐྲུན་ཡོད།

          སངས་རྒྱས་ཆོས་ལུགས་དེ་བོད་ཡུལ་དུ་དར་བ་དང་མཉམ་དུ།  བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་།  ཆབ་སྲིད།  དཔལ་འབྱོར།  རིག་གནས།  སློབ་གསོ་དང་ཡུལ་སྲོལ་གོམས་འདྲིས་བཅས་ཕན་ཚུན་སིམ་འདྲེས་སུ་གྱུར་སྟབས་བོད་རིགས་བྱིངས་ཀྱིས་མཐོང་ཆེན་དང་དད་པ་བྱེད་ཡུལ་ཞིག་ཏུ་གྱུར་པ་མ་ཟད།  དུས་ཡུན་རིང་མོའི་ཁྲོད་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བསྟེན་ནས་བོད་ཀྱི་ཤེས་རིག་གི་གྲུབ་ཆའི་གཙོ་བོ་ལྟ་བུར་གྱུར་པ་རེད།  དེ་བས་བོད་ནས་སོག་པོ་ཕྱི་ནང་དང་།  ཧོར་གྱི་ཡུལ།  ཡུས་ཀུའུ་རིགས།  ལྷོ་པ་རིགས།  མོན་པ་རིགས།  འཇང་རིགས།  ཕུའུ་མིས་རིགས་བཅས་མི་རིགས་གཞན་ལའང་དར་འཕེལ་བྱུང་སྟེ་དེའི་མི་དམངས་ཀྱིས་ཀྱང་དད་པ་བྱེད་བཞིན་ཡོད།  ཀྲུང་གོ་རྒྱལ་ཁབ་རང་ལ་མཚོན་ན།  ད་ལྟ་བོད་རང་སྐྱོང་ལྗོངས།  སི་ཁྲོན།  ཡུན་ནན།  ཀན་སུའུ།  མཚོ་སྔོན།  ཞིན་ཅང་།  ནང་སོག་བཅས་ལྗོངས་དང་ཞིང་ཆེན་ཁག་ཏུ་དར་ཁྱབ་ཟིན་ཡོད་པ་མ་ཟད།  ཡུལ་དེ་དག་ལས་ཕྱིའི་འབྲས་ལྗོངས་དང་།  འབྲུག་ཡུལ།  བལ་པོ།  སོག་པོ་མི་དམངས་སྤྱི་མཐུན་རྒྱལ་ཁབ།  ཨོ་རུ་སིའི་པུར་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་བཅས་སུའང་དར་ཁྱབ་བྱུང་ཡོད་པ་རེད།  བཅིངས་འགྲོལ་བྱས་པའི་ཚུན་ལ།  ཆོས་དད་རང་མོས་ཡིན་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་དད་མང་ཚོགས་ཀྱིས་རྒྱུན་ལྡན་གྱི་ཆོས་ཀྱི་འཚོ་བ་དེ་ལ་རྒྱལ་ཁབ་ཁྲིམས་ལུགས་ཀྱིས་འགན་སྲུང་ལེགས་སྒྲུབ་བྱེད་བཞིན་ཡོད།  དེ་ལྟ་བུའི་རིག་གནས་དེ་བོད་ཀྱི་ཡུལ་དུ་ཇི་ལྟར་དར་ཚུལ་དང་གོང་མས་ཇི་ལྟར་བྱམས་གཟིགས་གནང་ཚུལ་ད་ལྟའི་གནས་བབས་ཇི་འདྲ་ཡིན་པ་སོགས་མདོར་བསྡུས་ཏེ་སྤྲོ་བ་ལ།

          དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་གནའ་སྔ་མོ་ཞིག་ནས་ད་ལྟའི་བར་ལ་རིགས་གནས་ཆེ་ཆུང་བཅུ་ཞེས་གྲགས་པ་ལས་ནང་དོན་རིག་པ་དེ་ལ་ཡོངས་གྲགས་སུ་བོད་བརྒྱུད་ནང་བསྟན་པའི་རིག་པ་ཞེས་ཟེར།  དེ་ནི་རང་རྒྱལ་གྱི་ནང་བསྟན་གྱི་སྐད་བརྒྱུད་ཆེན་པོ་གསུམ་ལས་བྱེ་བྲག་པ་ཞིག་ཡིན་ལ།  དེའི་ཤེས་རིག་གི་གཞི་ཁྱོན་རྒྱ་ཆེ་ལ་གཏིང་ཟབ་པ།  ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་དོན་སྙིང་ལྡན་པའི་རིག་གཞུང་ངོ་མཚར་ཅན་ཞིག་ཡིན་པར་བཤད།

          ཡོངས་གྲགས་ལྟར་ན།  ལོ་༡༣༠༠སྔོན་གྱི་བཙན་པོ་སྲོང་བཙན་གྱི་སྐུ་རིང་ལ་བོད་མཛངས་དུ་མས་གནའ་བའི་རྒྱ་གར་གྱི་སངས་རྒྱས་ཤཱཀྱ་ཐུབ་པས་མཛད་པའི་དགེ་བ་བཅུའི་མདོདང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིགབཅས་བོད་སྐད་དུ་བསྒྱུར་སྤེལ་བཏང་བའི་རྨང་གཞིའི་ཐོག་རྒྱ་བལ་ལི་གསུམ་སོགས་མི་རིགས་གཞན་པའི་ནང་རིག་ཉེར་མཁོའི་སྐོར་དང་གནའ་བའི་བོན་ཆོས་ལས་ཀྱང་ཉུང་ཟད་ཅིག་གདམས་བཏུས་བྱས་པ་རིམ་གྱིས་འཕེལ་རྒྱས་བྱུང་བ་ལ་བོད་བརྒྱུད་ནང་བསྟན་པའི་རིག་པ་ཞེས་གྲགས།  བོད་གངས་ཅན་གྱི་ལྗོངས་འདི་ཡང་མིའི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཚུངས་པར་སྤྲ་དང་སྤྲེའུ་འདུས་པ་ལས་མིའི་འགྲོ་བ་བྱུང་།  དེ་ནས་གོས་སུ་ཤིང་ལོ་ནས་ལག་ཏུ་རྡོ་ཆས་ཐོགས་པའི་བར་ལ་མི་ཐོག་རིང་མོ་ཞིག་བརྒྱུད་པའི་ནང་དུ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་མཆོད་བཀུར་ན་རི་དྭགས་ཀྱི་གཟུགས་སོགས་ལ་མཆོད་མོས་བྱུང་།  དེ་ནས་མ་སངས་མཆོད་པ་སོགས་ཐོན་སྐྱེ་རྒྱུ་ཆ་ཤིན་ཏུ་བཀྲེན་པའི་སྤྱི་ཚོགས་སུ་ཆོས་ལུགས་ལ་དད་པ་བྱེད་པའི་བསམ་བློའི་སྟོབས་འཕེལ་ཏེ་བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་བོད་མིའི་དད་པ་བྱེད་ཤུགས་དེ་ཕལ་ཆེར་སྤྱི་ཚོགས་ཡོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།  ཁོ་བོའི་ལུགསརྒྱུ་མཚན་འདིས་ཕྱི་ནང་གི་ཆོས་ལུགས་སམ་བསམ་བློའི་རིག་འཕྲུལ་འདྲ་མིན་སྣ་ཚོགས་ཤིག་ཐོན་སྐྱེད་རྒྱུ་ཆ་འཕེལ་རྒྱས་དང་མཉམ་དུ་བོད་ཀྱི་ཡུལ་དུའང་དེ་ལྟར་འཕེལ་རྒྱས་བྱེད་མགོ་བརྩམས།  དེ་ཡང་ཡོངས་གྲགས་ལྟར་ན།  བཙན་པོའི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རིའི་དུས་ཏེ་སྤྱི་ལོ་༣༣༣་པའི་ནང་ཤཱཀྱ་ཐུབ་པའི་ཆོས་ལུགས་བོད་དུ་དབུ་བརྙེས་པ་དང་སྲོང་བཙན་སྐབས་སྤྱི་ལོ་༦༣༩_༦༥༠ལ་སྲོད་བཏོད།  ཁྲི་སྲོང་སྐབས་རྒྱ་ཆེར་སྤེལ་བར་བཤད།  ལྷག་པར་དུ་སྲོང་བཙན་གྱིས་རྒྱ་བཟའ་བལ་བཟའ་ཁབ་ཏུ་བཞེས་ཏེ་རྒྱ་བལ་གྱི་ཇོ་ཤཱཀ་རྣམ་གཉིས་ཀྱིས་རྩིས་པའི་ནང་བསྟན་པའི་ཤེས་རིག་མི་་ཉུང་བ་ཞིག་བོད་དུ་དྲངས།    ད་ལྟར་བཞུགས་པའི་ཇོ་བོའི་སྐུ་ནི་སྔོན་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ་བཞེངས་པའི་འབུར་སྐུའི་ཐོག་མ་ཡིན་པར་རི་མོའི་བསྟན་བཅོས་རྣམས་སུ་གླེང་།  དེ་ནས་རྒྱ་བཟས་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་བཞེངས།     བལ་བཟས་ར་ས་འཕྲུལ་སྣང་གི་གཙུག་ལག་བཞེངས།   རྒྱའི་གསོ་བྱེད་ཀྱི་གཞུང་དུ་མའང་བོད་དུ་བསྒྱུར།   བཙན་པོས་དམར་བོའི་རི་ལ་ལྷ་ཁང་བཏབ།   མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པ་སོགས་ཤཱཀྱ་ཐུབ་པའི་ཆོས་ལུགས་བོད་དུ་སྤེལ་ཅི་ཐུབ་བྱས།   བོད་རྒྱ་སོགས་མི་རིགས་གཞན་པའི་མཐུན་སྒྲིལ་གྱི་གསེར་ཟམ་ཐོག་མ་བཙུགས།  མེས་ཨག་ཆོན་ཅན་གྱི་སྐབས་སུ།    གྱིམ་ཤིང་གོང་ཇོ་བསུས་ཏེ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས།   དེས་ཨོ་རྒྱན་ཡུལ་གྱི་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ཏེ།   ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཤིང་ས་འདུལ་མཛད་དེ་དཔལ་བསམ་ཡས་མི་འགྱུར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས།

          མཁན་ཆེན་ཞི་བ་འཆོས་སད་མི་མི་བདུན་ལ་རབ་བྱུང་བསྒྲུབས་ཏེ་བོད་དུ་འདུལ་བའི་སྡོམ་རྒྱུན་ཐོག་མར་སྤེལ།  སློབ་དཔོན་གྱིས་རྗེས་འབངས་ཉེར་ལྔ་སོགས་སྣོད་ལྡན་གྱི་བུ་སློབ་མང་པོར་ཡོ་ག་རྣམ་གསུམ་གྱིས་སྨིན་གྲོལ་ལ་བཀོད་པས་གྲུབ་ཐོབ་མང་དུ་བྱུང་།  ལོ་ཙྭ་བ་སྐ་ཅོག་ཞང་གསུམ་བྱོན་ཏེ་བཀའ་དང་དགོངས་འགྲེལ་ཇི་སྙེད་ཅིག་བོད་ཡིག་ཏུ་བསྒྱུར།  ཁྲི་རལ་བ་ཅན་གྱིས་ཕོ་བྲང་འོན་ཅང་དུ་ལྷ་ཁང་བཞེངས་པ་དང་།  བོད་དང་རྒྱ་བལ་ཁ་ཆེ་སོགས་ནས་བྱོན་པའི་པནྜི་ཏ་མང་པོ་བཅས་སྔ་ཕྱི་བསྡོམས་པས་ལོ་ཙྭ་བ་བརྒྱད་དང་ང་གསུམ་གྱིས་མདོ་རྒྱུད་བསྟན་བཅོས་ཇི་སྙེད་ཅིག་བོད་སྐད་དུ་འགྱུར་བའི་གཞུང་ཡོད་ཚད་ལ་སྔ་འགྱུར་བའམ་གསང་སྔགས་རྙིང་མའི་འགྱུར་གྱི་དུས་ཞེས་ཟེར།

          གླང་དར་མས་རང་གི་གཅུང་ཁྲི་རལ་བཀྲོངས་ཏེ་རང་རྒྱལ་སར་བུད་དེ་སྲིད་བཟུང་།  ཆོས་དད་པ་གཞི་མེད་དུ་བཟོས།  འདུལ་བའི་བསྟན་པ་བཤིག་སྟེ་ཆོས་གཞུང་མང་པོ་མེར་བསྲེགས་ཏེ་ཤཱཀྱ་ཐུབ་པའི་བསྟན་པ་བསྣུབས།  མཚམས་འདི་ནས་བཟུང་བོད་ཀྱི་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་ཞེས་ཆོས་འབྱུང་ལོ་རྒྱུས་ཀུན་ཏུ་གྲགས་པ་ཡིན་ནོ།  དེའི་ཚེ་དམར་གཡོ་གཙང་གསུམ་མདོ་སྨད་དུ་དན་ཏིག་ཏུ་བཞུགས་པ་དེང་མཚོ་སྔོན་ཞིང་ཆེན་གྱི་ཧ་ལུང་རྫོང་ཁོངསལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས།  ༩༥༣༡༠༣༥དབུས་གཙང་གི་ཀླུ་མེས་སོགས་མི་བཅུ་དེ་ལས་རབ་ཏུ་བྱུང་སྟེ་འདུལ་བའི་བསྟན་པ་རིམ་གྱིས་སྤེལ་བ་ལ།  ཆོས་འབྱུང་ལོ་རྒྱུས་རྣམས་སུ་བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་གསོས་ཞེས་པ་དེ་བྱུང་།  བཙན་པོའི་གདུང་རྒྱུད་མང་དུ་འཕེལ་བ་ལས་མངའ་རིས་སྟོད་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་དེའི་དབོན་པོ་བྱང་ཆུབ་འོད་ཀྱིས་ལུས་སྲོག་དང་ལོངས་སྤྱོད་གང་ལ་ཡང་ལྟོས་མེད་པར་སྐབས་དེའི་རྒྱ་གར་པཎ་གྲུབ་ཡོངས་ཀྱི་གཙུག་རྒྱན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏེ་ཤ་དཀའ་བ་དཔག་ཏུ་མེད་པས་སྤྱན་དྲངས།  དེ་བོད་དུ་ལོ་བཅུ་གཉིས་བཞུགས་ཏེ་སངས་རྒྱས་ཆོས་ལུགས་ལ་མ་རྟོགས་ལོག་རྟོག་ཏུ་སོང་བའི་དྲི་མ་མཐའ་དག་ལྷག་མེད་དུ་བསལ་ཏེ་མདོ་སྔགས་ཆ་ཚང་གི་ནང་བསྟན་ཤེས་རིག་ཅིག་དར་སྤེལ་བྱས་སོ་ཞེས་དཀར་ཆག་མཆོད་པའི་མེ་ཏོགཏུ་གསལ།  ལོ་ཆེན་རིན་བཟང་གིས་མངའ་རིས་སྟོད་ནས་བརྒྱུད་པ་ལ་སྟོད་ལུགས་པ་ཞེས་བྱུང་།  དེས་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས།  ལོ་ཆེན་འདི་དགོང་གྲངས་༩༡ལ་བཞུགས།  སྤྱི་ལོ་༡༧༣འདིས་འགྱུར་ལེགས་པར་མཛད་པའི་བར་ལ་གསང་སྔགས་གསར་མའམ་གངས་ལྗོངས་བསྟན་པ་ཕྱི་དར་གྱི་དབུ་བརྩམས་པར་ཞེས་གྲགས།  ལོ་ཙྭ་བ་སྐ་ཅོག་ཞང་གསུམ་ནས་ལོ་ཆེན་འདི་ཉིད་ཀྱི་བར་དུ་འགྱུར་བ་ལ་གསང་སྔགས་གསར་མ་ཞེས་ཟེར།

          དེ་ནས་ལྷོ་བྲག་མར་བ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་བླ་མ་བརྒྱ་དང་བརྒྱད་བསྟེན།  ཟབ་ཆོས་དུ་མ་གདན་དྲངས་ཏེ་བོད་ཀྱི་ཡུལ་དུ་ནང་བསྟན་རིག་གཞུང་གི་འཆད་མཉན་རྣམ་དག་གིས་གཏན་ལ་ཕབ་ཅིང་བཀའ་བབས་ཀྱི་བརྒྱུད་པ་ལྟར་འཛིན་པས་ན་བཀའ་བརྒྱུད་གྲགས།  ཟུང་འཇུག་གྲུང་པའི་སློབ་མ་ལ་མི་ལ་རས་པ་བྱོན་པ་དང་དྭགས་པོ་ལྷ་རྗེས་ཀྱང་བུ་སློབ་མང་དུ་བསྐྱངས།  སློབ་མའི་གཙོ་བོ་ཀརྨ་དུས་གསུམ་མཁྱེན་པ་ལ་བརྟེན་ནས་ཀརྨ་བཀའ་བརྒྱུད་བྱུང་། འདིས་མཚུར་ཕུར་སྒྲུབ་སྡེ་ཞིག་བཏབ།  དེའི་སྤྲུལ་གཞི་ཀརྨ་པཀྵི་༡༣༠༤༡༣༨༣སྤྱི་ལོ་༡༣༥༦ལོར་ཧོར་རྒྱལ་བོས་མཁའ་འགྲོའི་ཞྭ་ནག་ཏུ་གྲགས་པ་དང་འཇའ་ས་སྤྲད་པ་སོགས་དངུལ་འབྱོར་གྱིས་གནང་སྦྱིན་དཔག་ཏུ་མེད་པ་བསྟབས་པས་སྒྱུབ་སྡེ་རྒྱ་ཆེར་བསྐྱེད།  དེར་བརྟེན།  ཀརྨ་ཞྭ་ནག་པ་ཞེས་བོད་ཀྱི་ཡུལ་དུ་སྤྲུལ་སྐུ་བཙལ་པའི་མགོ་བརྩམས།  ཕྱིས་གྲུབ་མཐའ་ཀུན་གྱིས་སྲོལ་དེ་བཟང་བར་རློམ་སྟེ་རང་རང་གི་ལྟ་སྒོམ་སྐྱོང་ཅི་ཐུབ་ལ་ལུགས་དེ་སྤྱད།  དགེ་ལུགས་པའི་གྲུབ་མཐར་རྗེ་དགེ་འདུན་གྲུབ་པའི་དུས་ནས་བཟུང་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་དར།  སྐབས་འདིར་ཞིབ་གསལ་དགོས་པ་ཞིག་ལ་སྤྲུལ་སྐུ་ངོས་འཛིན་ནི།

          བོད་ལས་ནང་བསྟན་དར་སའི་མི་རིགས་གཞན་ལ་མེད་པའི་ཐུན་མོང་མིན་པའི་ཆོས་ལུགས་ཀྱི་རྐང་འཛིན་མི་སྣ་འདེམས་སྒྲིག་བྱེད་ཡུས་ཀྱི་ལག་ཐེབས་ཤིག་རེད།  དེ་ལ་ངེས་པར་དུ་ཆོས་ཕྱོག་ཀྱི་ཆོ་ག་དགོས་པའི་ཁར་ལོ་རྒྱུས་ཀྱིས་གཏན་ཕབ་ཟིན་པའི་བྱེད་ཐབས་སྐོར་ཉམས་སུ་བསྟར་བའི་འོག་ཏུ།  ད་གཟོད་ཅི་ནས་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ངེས་པར་དུ་ཆོག་མཆན་ཐོབ་དགོས་པའི་རྩ་དོན་ཆེན་པོ་གསུམ་བཅས་ཚང་དགོས་པ་ནི་སྤྲུལ་སྐུ་ངོས་འཛིན་བྱེད་ཐབས་ཀྱི་གོ་རིམ་ཆེན་པོ་གསུམ་ཡིན་ལ་ཅི་ནས་ཀྱང་ལྡན་དགོས་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་གནའ་ནས་དར་བའི་ལུགས་སྲོལ་ཅིག་གོ  དེ་བས།  བོད་ཀྱི་གྲུབ་མཐའ་གང་རུང་གི་སྤྲུལ་སྐུ་ཡིན་ན་ལུགས་སྲོལ་འདི་ངེས་ཅན་དུ་ལག་ལེན་དུ་བསྟར་དགོས་པ་ཡིན་ལ་རྩ་དོན་འདི་མི་ཚང་བའི་སྤྲུལ་སྐུར་རློམ་པ་ཞིག་ཡིན་ན་དེ་ལ་ལུགས་སྲོལ་གྱི་རྩ་དོན་དང་རྒྱབ་འགལ་དུ་གྱུར་བའི་སྤྲུལ་སྐུ་རྫུན་མ་ཞིག་ཡིན་པར་གོ་དགོས།  ཕག་གྲུའི་སློབ་མ་འཇིག་རྟེན་མགོན་པོས་འབྲི་གུང་མཐིལ་དུ་དགོན་པ་བཏབ།  འཁོར་ལྔ་ཁྲི་ལོ་སྟོང་ལྷག་ལ་འཕེལ་ཞིང་དུས་གཅིག་ལ་དགེ་སློང་འབུམ་ཁྲག་གིས་ཚུལ་ཤིང་ལེན་པ་བྱུང་ཞེས་གྲགས།  འཁོན་དཀོན་མཆོག་རྒྱལ་པོའི་སྲས་རྒྱུད་ས་ཆེན་གོང་མ་ལྔ་རྗེས་འབྲང་དང་བཅས་པས་ས་སྐྱའི་གྲུབ་མཐའ་བཙུགས།  ལྷག་པར་དུ་ཆེན་པོ་ཧོར་རྒྱལ་པོས་ས་སྐྱ་པཎྜ་ཏ་དང་གཅུང་འཕགས་པ་རྣམ་གཉིས་གདན་དྲངས་ཏེ་མཆོད་ཡོན་གྱི་འབྲེལ་བ་བཙུགས།  ས་པཎ་གྱིས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡུལ་ལ་སྨན་པའི་སྔ་གཞུག་ཕྱག་ཡིག་གཉིས་བསྟུད་མར་སྤྲིངས།  བོད་བྱིངས་ལ་ཞལ་ཏ་ནན་ཏན་དུ་བསྩལ།  དེ་ནས་སྤྱི་ལོ་༡༣༦༠ལོར་འགྲོ་མགོན་འཕགས་པས་སེ་ཆེན་ཧན་ལ་གསང་དབང་ལན་གསུམ་བསྐུར།  རྒྱལ་པོས་ཏེ་ཤྲི་ཞེས་དབུ་བླའི་ཆོ་ལོ་དང་འཇའ་ས།  ཤེལ་དམ་བཅས་བསྩལ་པ་དང་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡུལ་འདི་བླ་མ་ལ་དབང་ཡོན་དུ་ཕུལ་བ་སོགས་བཀུར་བཟོ་བླ་ན་མེད་པ་བྱས།  དེ་ནས་བཟུང་བོད་འདིས་ཧོར་གྱི་གོང་མ་བདག་པོ་ཆེན་པོའི་བཀའ་ལུང་ལ་ཡིད་ཆེས་བློ་འགེལ་ཐུབ་པའི་གཡར་དམ་མཛད་དེ་མེས་རྒྱལ་གྱི་མངའ་ཁོངས་སུ་གཅིག་གྱུར་བྱུང་བའི་སྡོམ་ཚིག་བཀོད།

          གྲུབ་པའི་དབང་ཕྱུག་དམ་པར་གླེང་བའི་ཕ་དམ་པ་སངས་རྒྱས་ཀྱིས་ཞི་བྱེད་ཀྱི་ཆོས་གསུངས་པས་དེའི་བརྒྱུད་འཛིན་བྱུང་།  ཡར་ཀླུང་བ་སྨ་རི་སེར་པོ་ལས་ཕོ་གཅོད། མ་ཅིག་ལབ་སྒྲོན་ལས་མོ་གཅོད་དར།  མཁས་གྲུབ་ཁྱུང་པོ་རྣམ་འབྱོར་རྒྱ་གར་དུ་བྱོན་ནས་བླ་མ་བརྒྱ་ལྔ་བཅུ་བསྟེན་ཏེ་གཡས་རུའི་ཤངས་སུ་དགོན་པ་མང་དུ་བཏབ།  བོ་དོང་ཨེའི་གདན་ས་བ་ཕྱོགས་ལས་རྣམ་རྒྱལ་གྱིས་བོ་དོང་ལུགས་སྤེལ།  ཡུམ་ཇོ་མོ་མི་གཅོད་རྡོ་རྗེས་ཇོ་མོ་ནང་བར་དགོན་པ་བཏབ་པ་ལས་ཇོ་ནང་བའི་ལུགས་བྱུང་།  དགོན་འདི་ཕྱིས་སུ་རྒྱལ་དབང་ལྔ་བས་དགེ་ལུགས་པའི་དགོན་པར་བསྒྱུར།  རང་རྒྱལ་གྱི་མིང་རྒྱལ་རབས་ཀྱི་དུས་སུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་བྱོན་ནས་༡༣༥༧-༡༤༡༩བོད་ཀྱི་གྲུབ་མཐའ་ཡོངས་ལ་ཕྱོགས་དང་རིས་སུ་མ་ཆད་པས་ཐོས་བསམ་རྒྱ་ཆེར་བཞེས་ཏེ་སངས་རྒྱས་བསྟན་པའི་ལུས་ཡོངས་རྗོགས།  ལྷག་པར་མདོ་སྔགས་གཉིས་ཡ་མ་བྲལ་བའི་གནད་རྣམས་སྔར་བོད་ཀྱི་མཁས་པ་སུ་གང་གི་ལྗགས་རྩེར་མ་སྨིན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལེགས་པར་བཀྲལ་ཏེ།  ལམ་རིམདང་སྔགས་རིམསོགས་བསྟན་བཅོས་བཅུ་དགུས་ཤཱཀྱ་ཐུབ་པའི་བསྟན་པ་བོད་དུ་གནས་པ་ལ་དག་ཐེར་ལེགས་པོ་མཛད།  འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་པའི་གླིང་བཏབ་སྟེ་དགེ་ལུགས་པ་ཞེས་པའི་གྲུབ་མཐའ་གསར་དུ་བཙུགས།  ལྷ་སའི་ཇོ་བོར་དབུ་རྒྱན་ཕུལ།  རྗེས་འཇུག་བུ་སློབ་ལས་བྱམས་ཆེན་ཆོས་རྗེས་སེ་ར་ཐེག་ཆེན་གླིང་བཏབ།  འཇམ་དབྱངས་ཆེས་རྗེས་འབྲས་སྤུངས་དགོན་པ་བཏབ།  རྗེ་དགེ་འདུན་གྲུབ་ཀྱིས་གཙང་བཀྲ་ཤིས་ལྷུན་པོའི་དགོན་པ་བཏབ་པ་སོགས་དེའི་དགོན་ལག་ལེ་ལག་ཏུ་གྱུར་བ་མང་དུ་བྱུང་།  མདོ་སྨད་ཀྱི་ལྗོངས་སུའང་སྤྱི་ལོ་༡༥༦༠ལོར་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་ཀྱི་སྐུ་འབུམ་དགོན་པ་བཏབ།  བཀའ་གདམས་པའི་དགེ་བཤེས་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་བཏབ།  རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོས་ཆེན་པོ་ཧོར་ཀྱི་ཡུལ་དུ་ཆོས་སྤེལ་ཏེ་ཡུལ་དེར་སེམས་ཅན་མང་པོ་གསོད་པའི་སྡིག་རྒྱུན་བཅད།  རྒྱལ་བ་བཞི་བ་ཡོན་ཏན་རྒྱལ་མཚོ་སོག་པོ་རང་དུ་སྐྱེས་ཏེ་དགེ་ལུགས་པའི་ཆོས་སོག་ཡུལ་དུ་སྤེལ་ཅི་ཐུབ་བྱས།  ལྔ་བ་ཆེན་མོ་དགུང་གྲངས་ཉེར་ལྔའི་སྟེང་པེ་ཅིང་དུ་འབྱོར་ནས་གོང་མ་ཧྲུན་ཀྲིས་ཆེད་དུ་གཟིམ་གནས་ལྷ་ཁང་སེར་པོ་བསྐྲུན་ཏེ་སྣེ་ལེན་མཚུངས་མེད་བྱས།  ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞིང་གི་དགེ་བ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པོ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་གསེར་ཐམ་དང་འཇའ་ས་གནང་སྟེ་ཏཱ་ལའི་བླ་མའི་མཚན་གྱི་གོ་ས་དངོས་སུ་སྤྲད།  དེའི་སྔོན་དུ་གོང་ས་གསུམ་པར་སོག་པོ་ཨེད་ཐན་ཧན་གྱིས་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ་བར་བརྟེན།  འདིར་ཡང་བཀུར་བཟོ་ཚད་ལས་འདས་པ་ཞིག་གནང་རྐྱེན་ཆོ་ལོ་གཞན་ལས་བརྒལ་བ་བསྩལ་ཏེ་བོད་ཀྱི་ཡུལ་དུ་དགའ་ལྡན་ཕོ་བྲང་གིས་སྲིད་ཤུགས་འདོན་ཐུབ་པ་དེ་ལྟར་བྱུང་།  དེ་བས་མཚན་གྱི་ཆོ་ལོ་དེ་ཡང་ད་ལྟའི་བར་ཀྲུང་དབྱང་སྲིད་གཞུང་གིས་གནང་བ་ཡིན་པས་ཕྱིས་ཀྱི་ཏཱ་ལའི་རིམ་བྱོན་ལ་མིང་དེ་ལྟར་ཆགས་པ་ཡིན་ནོ།

          པཎ་ཆེན་གྱི་མཚན་ཐོགས་དོན་ནི།  སྤྱིར་ལེགས་སྦྱར་སྐད་ཀྱི་མ་ཧྭ་པཎྜི་ཏ་ཞེས་པའི་མཚན་གྱི་བསྡུས་མིང་ཡིན་ཡང་འདིར་ནི་གཙང་བཀྲས་ལྷུན་དགོན་པའི་གདན་ས་སྐྱོང་བ་རྣམས་ལ་པཎ་ཆེན་གྱི་མཚན་ཐོགས་པ་ལྟར་གདན་སའི་མིང་གིས་བཏགས་པ་ཡིན།   དེ་ཡང་གདན་རབས་དང་པོ་པཎ་ཆེན་དགེ་འདུན་གྲུབ་པ།  གཉིས་པ་པཎ་ཆེན་བཟང་པོ་བཀྲ་ཤིས།  དེ་ནས་པཎ་ཆེན་ལུང་རིགས་རྒྱ་མཚོ།

          པཎ་ཆེན་ཡེ་ཤེས་རྩེ་མོ་ཞེས་གདན་ས་སྐྱོང་བ་རྣམས་ལ་དེ་ལྟར་བཏགས།  གདན་རབས་བཅོ་ལྔ་བ་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་ཡིན་ལ་འདིས་གདན་ས་ཡུན་རིང་བསྐྱངས་པས་དགོན་པའི་དག་པོ་ལྟ་བུར་གྱུར་ཅིང་རྒྱལ་བ་སྐུ་ཕྲེང་བཞི་བ་ལྔ་བ་གཉིས་ཀྱི་ཡོངས་འཛིན་དུ་བསྟེན་པ་དང་པཎ་ཆེན་ཁྲི་བ་ཟུར་དུ་བསྐོ་སྲོལ་མེད་པར་བརྟེནཔཎ་ཆེན་རིན་པོ་ཆེཞེས་པའི་མཚན་འདི་ཐོགས་ཞེསབོད་ཀྱི་ལོ་རྒྱུས་གླེང་བའི་གཏམདུ་བཞེད།  དེའི་ཡང་སྤྲུལ་པཎ་ཆེན་བློ་བཟང་ཡེ་ཤེས་ལ་ཆིན་ཁྲོ་གོང་མསཔན་ཆེན་ཨར་ཏི་ནིཞེས་པའི་ཆོ་ལོ་སྤྲད་པ་ནས་བཟུང་པཎ་ཆེན་སྐུ་ཕྲེང་ཡོས་ལ་མཚན་གྱི་ཞེ་ས་དེ་ལྟར་འཇོག་ལ་ལོ་རྒྱུས་ཐོག་དགེ་ལུགས་པའི་བླ་སྤྲུལ་ཆེན་པོ་གཉིས་ལས་གཅིག་ཏུ་བགྲངས་ཡོད།

          དེ་ལྟར་སྐུ་ཕྲེང་ན་རིམ་ལས་དྲུག་པ་ཆེན་པོ་པེ་ཅིང་དུ་བྱོན་ནས་ཞེ་ཧོར་གྱི་གོང་མའི་ཕོ་བྲང་དུ་ཆིན་ལུང་དགུང་གྲངས་བདུན་ཅུའི་ཚེ་སྒྲུབ་ཏུ་ཕེབས་ཏེ་ཚེ་དབང་གནང་བ་དང་།  སྤྱི་ལོ་༡༩༡༤ལོར་པཎ་ཆེན་ཆོས་ཀྱི་ཉི་མ་དགུང་ལོ་སོ་གཉིས་སྟེང་བྱམས་ཆེན་ཐོག་སོ་བདུན་ཅན་ལ་བྱམས་སྐུའི་མཐོ་ཚད་སྤྱི་ཁྲུ་ཉེར་དྲུག་ཅན།  སྐུ་རྒྱུ་ཤུག་པ་ལ་གསེར་ཟངས་བྱིབས་གཡོགས་ཀྱིས་གསེར་རྒྱ་མ་ལྔ་བརྒྱ་དང་ང་བརྒྱད།  ཟངས་རྒྱ་མ་ཁྲི་ཚོ་ཉེར་གསུམ་ཆིག་སྟོང་བདུན་བརྒྱ་ལྔ་བཅུས་བཞེངས་པ་དེང་འཛམ་གླིང་སྟེང་གསེར་ཟངས་ཀྱི་སྐུ་ཆེས་ཆེ་བར་གྲགས་པ་དེ་ལེགས་གྲུབ་བྱུང་བ་ཡིན་ནོ།

          དེང་འདིར་ཡང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོས་ཐུགས་སྟོབས་དམ་བཅའ་མི་གཡོ་བའི་ངང་ཏང་དང་རྒྱལ་ཁབ་ཀྱི་བྱམས་གཟིགས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རོགས་སྐྱོར་རྐྱ་བསྒྲིལ་ཏེ་ངོ་མཐོང་ལོ་ཤས་རིང་ལ་དགོན་སྡེ་ཞིག་གསོ་དང་ཆོས་བྱེད་མི་སྣ་གསོ་སྐྱོང་བཅས་དེ་སྔ་སྐུ་ཕྲེང་སུའི་རིང་ལའང་བྱུང་མྱོང་མེད་པའི་པཎ་ཆེན་གདུང་རྟེན་ལྷ་ཁང་སོགས་བཞེངས་གྲུབ་ཟིན་པའི་ཁར།

          གངས་ལྗོངས་ཡུལ་གྱིབསྟན་པ་ཡང་དརདངརྒྱལ་གཅེས་ཆོས་གཅེསབཅས་ཆོས་ལུགས་ངེས་པར་དུ་སྲུང་དགོས་པའི་དགའ་བ་བཞིཞེས་པའི་མཚན་ནས་སྨྲོས་ཏེ་བོད་བྱིངས་ཀྱི་ནང་བསྟན་ཆོགས་ལུགས་འཕེལ་རྒྱལ་སྐོར་ལ་ཕྱག་རྗེས་མཚུངས་ཟླ་མེད་པ་ཞིག་བཞག་ཡོད་པ་རེད།

          དེང་འདིར་པཎ་ཆེན་མཆོག་སྤྲུལ་བཅུ་གཅིག་པ་ཆེན་མོས་རྒྱལ་བའི་གཞུང་ལ་ཐོས་བསམ་དངོམས་མེད་བཞེས་པའི་ཐོག་ཏུ།  བསྟན་དང་འགྲོ་བའི་དོན་ལ་ཐུགས་གཉེར་མཚུངས་མེད་བསྟབས་ཤིང་ལྷག་པར་དུ།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་རྩེ་རྨེན་མཆོག་གིས་བཀའ་སློབ་བསྩལ་བའི་རྒྱལ་སྐྱོང་དམངས་ཕནགྱི་གླེགས་བུའི་དགོངས་སྙིང་བཞིན་ལེགས་མཛད་མཐའ་དག་ཡར་ཟླའི་དཔལ་དུ་འཇོ་ངེས་ཡིན་པ་བཅས་སོ།

          སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་གསུང་རབ་གླེགས་བམ་དུ་བཞུགས་པའི་གྲངས་ཤིན་ཏུ་མང་བོ་ཡོད་པའི་ནང་ནས་བོས་སྐད་དུ་འགྱུར་བ་རྣམས་ལ་བཀའ་འགྱུར་ཟེར།  སྔོན་རྒྱ་གར་དུ་སྟོན་པ་དངོས་སུ་བཞུགས་དུས་བཀའ་ཡི་གེར་བཀོད་པ་རྣམས་རྒྱལ་བློན་དང་ཁྱིམ་བདག་དད་ཅན་རྣམས་ཀྱིས་མཚན་མོ་སྒྲོན་མེའི་འོད་ཚུན་ཆད་ལ་བརྟེན་ནས་ལྟ་ཀློག་བྱེད་ཀྱང་།  གསུང་རབ་རྣམས་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་བྱས་མེད།  སྟོན་པ་འདས་ནས་ལོ་སུམ་བརྒྱ་ཙམ་ན་བཀའ་བསྡུ་གསུམ་པ་བྱས་ཏེ།  སྟོན་པའི་གསུང་རབ་མི་ཡུལ་དུ་བཞུགས་པ་ཕྱོགས་གཅིག་ཏུ་བསྡུས་ནས་གླེགས་བམ་དུ་བཀོད།

          དེ་དག་ལས་ཆེས་མང་པོ་ཞིག་བསྟན་པ་ལ་དགྲ་ལན་ཤས་གསུམ་བྱུང་བའི་དུས་མེད་པར་གྱུར། ལྷག་མ་ལུས་པ་དེ་དག་ལས་ཆ་ཤིག་བོད་སྐད་དུ་བསྒྱུར་པ་ལ་བཀའ་འགྱུར་ཟེར།  རྒྱལ་པོ་སྲོང་བཙན་ནས་གླང་དར་གྱིས་བསྟན་བསྣུབས་བར་ལོ་ཉིས་བརྒྱའི་རིང་ལ་ལོ་ཙྭ་བའི་ཐོག་མ་ཐོན་མི་སབྷོཊ་ནས་ནམ་མཁའི་སྐྱུང་གི་བར་ལོ་ཙྭ་བ་ང་གཅིག་བྱུང་བ་དང་།  བསྟན་པ་ཕྱི་དར་ནས་ཇུན་གར་གྱིས་བོད་དབུས་གཙང་ལ་དབང་བསྒྱུར་མ་བྱས་ཀྱི་བར་གྱི་ལོ་གྲངས་བདུན་བརྒྱ་བཅོ་བརྒྱད་ཙམ་གྱི་རིང་དེར།  ལོ་ཙྭ་བ་རིན་ཆེན་བཟང་བོ་ནས།  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་བར་སྔ་ཕྱིར་ལོ་ཙྭ་བ་བརྒྱ་དང་དོན་གཅིག་བྱུང་བ་རྣམས་ཀྱིས་བཀའ་དང་།  བསྟན་བཅོས་མང་བོ་རྒྱ་གར་སྐད་དང་།  རྒྱ་ནག་གི་སྐད།  ཞང་ཞུང་གི་སྐད།  ལི་ཡུལ་གྱི་སྐད་བཅས་ནས་བོད་སྐད་དུ་བསྒྱུར།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ།  ལོ་ཙྭ་བ་སྐ་བ་དཔལ་བརྩེགས་དང་།  འཁོན་ཀླུའི་དབང་པོ་སྲུང་སོགས་ཀྱི་ཕོ་བྲང་ལྡན་དཀར་ན་བཞུགས་པའི་བཀའ་འགྱུར་དང་།  བསྟན་འགྱུར་གང་ཡོད་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དཀར་ཆག་བརྩམས་པ་ལ།  དཀར་ཆག་ལྡན་དཀར་མ་ཟེར་ཞིང་།  དེ་ནི་བོད་དུ་བཀའ་བསྟན་ཕྱོགས་བསྒྲིགས་བྱས་པའི་ཐོག་མ་ཡིན།  དེའི་རྗེས་སད་ན་ལེགས་མཇིང་ཡོན་གྱི་དུས།  ལོ་ཙྭ་བ་དཀའ་བ་དཔལ་བརྩེགས་དང་།  ཆོས་ཀྱི་སྙིང་བོ།  དེ་ལྦེན་དྲ།  དཔལ་གྱི་ལྷུན་པོ་སོགས་ཀྱིས་ཕོ་བྲང་མཆིམས་ཕུ་ན་བཞུགས་པའི་གསུང་རབ་ཡོད་ཚད་ཕྱོགས་བསྒྲིགས་བྱས་ཏེ་དཀར་ཆག་བརྩམས་པ་ལ།  དཀར་ཆག་མཆིམས་ཕུ་མ་ཟེར།  དེའི་རྗེས་སླར་ཡང་ཕོ་བྲང་འཕང་ཐང་དུ་ཡོད་པའི་བཀའ་འགྱུར་ཁག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དཀར་ཆག་དཀོད་པ་ལ།  དཀར་ཆག་འཕང་ཐང་མ་ཟེར།  དེའི་རྗེས་རབ་བྱུང་ལྔ་བའི་ཆུ་བྱི།  སྤྱི་ལོ་༡༣༡༣ནས་ཡོན་ཁྲོ་གོང་མ་བཞི་བ་པོ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་བཟུང་བའི་དུས།  སྣར་ཐང་གི་བླ་མ་བཅོམ་ལྡན་རིག་རལ་ལ་རྒྱ་སྣག་སྒམ་གང་དང་།  ཤོག་བུ།  སྨྱུ་གུ་སོགས་མང་དུ་བསྐུར་བ་ལ་བརྟེན་ནས་བཅོམ་ལྡན་རིག་རལ་དང་།  དབུས་པ་བློ་གསལ།  ལོ་ཙྭ་བ་བསོད་ནམས་འོད་ཟེར།  རྒྱང་རོ་བྱང་འབུམ་བཅས་ཀྱིས་དབུས་གཙང་མངའ་རིས་བཅས་སུ་བཀའ་འགྱུར་དང་བསྟན་འགྱུར་གྱི་དཔེ་ཆ་ཡོད་ཚད་ཕྱོགས་བསྡུས་དང་ཞུ་དག་མཛད་ནས་གོ་རིམ་བསྒྲིགས་ཏེ།  བཅོམ་ལྡན་རིག་རལ་གྱིས།  བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པ་ཞེས་པ་དང་།  དེ་ལས་བསྡུས་པ་བཀའ་འགྱུར་དཀར་ཆག་ཉི་མའི་འོད་ཟེར་བྱ་བ་མཛད་ཅིང་།  དབུས་པ་བློ་གསལ་གྱིས་ཀྱང་བཀའ་བསྟན་གཉིས་ཀྱི་དཀར་ཆག་བསྡུས་པ་ཞིག་མཛད།  སླར་ཡང་སོག་ཡུལ་ནས་འཇམ་དགག་གིས་སྣག་ཤོག་སོགས་ཆ་རྐྱེན་གང་དགོས་བསྐུར་ནས།  བོད་དུ་བཀའ་བསྟན་འགྱུར་རོ་ཅོག་ཆ་ཚང་བྲིས་པའི་ཐོག་མ་ཡིན།  དེ་ལ་མ་ཕྱི་བྱས་ཤིང་བུ་སྟོན་གྱིས་ཞུ་དག་ཁང་གི་བཀའ་བསྟན།  དེ་ལ་མ་ཕྱི་བྱས་ཤིང་བུ་སྟོན་གྱིས་ཞུ་དག་གནང་བའི་ཚལ་གུང་ཐང་གི་བཀའ་འགྱུར་དང་། ཞྭ་ལུའི་གཙུག་ལག་ཁང་གི་བཀའ་བསྟན།  དེ་ལ་མ་དཔེ་བྱས་ཏེ་རིན་སྤུངས།  རྩེད་ཐང་།  གོང་དཀར།  གདན་ས་ཐེལ་བཅས་སུ་བཞེངས་པ་སོགས་འཕེལ་རྒྱས་བྱུང་། རྒྱས་རྩེ་སྡེ་སྲིད་རབ་བརྟན་གྱིས་སྣར་ཐང་བཀའ་འགྱུར་ལ་མ་དཔེ་བྱས་ཤིང་།  ལོ་ཆེན་ཐུགས་རྗེ་དཔལ་གྱིས་ཞུ་དག་གནང་བའི་བཀའ་འགྱུར་རྒྱལ་རྩེ་ཐེམ་སྤངས་མ་སོགས་མང་དུ་བྱུང་།  དེས་ན་དུས་རབས་བཅོ་ལྔ་བའི་མགོ་བར་དུ་བཀའ་འགྱུར་བྲིས་མ་ཤ་སྟག་ལས་མེད།  རབ་བྱུང་བདུན་པའི་ས་བྱི།  སྤྱི་ལོ་༡༤༠༨ཀྱི་ལོར་མིང་ཁྲི་གོང་མ་ཡུང་ལོས་རྗེ་ཙོང་ཁ་བ་ཆེན་པོ་རྒྱ་ནག་ཏུ་གདན་དྲངས་པའི་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གཏོང་གནང་མཛད་ནས་པེ་ཅིང་དུ་ཡུན་རིང་དུ་བཞུགས།  གོང་མ་ཡུང་ལོས་ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་པར་བཞི་ཐོག་མར་བརྐོས་པ་ནི།  བོད་ཡིག་གི་བཀའ་འགྱུར་པར་བརྐོས་ཀྱི་ཐེངས་དང་པོ་ཡིན།  རབ་བྱུང་བཅུ་གཅིག་པའི་ཆུ་རྟ།  སྤྱི་ལོ་༡༦༤༣ལོར་གུ་ཤྲི་ཧན་གྱིས་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་གཏོར་བཅོམ་བཏང་ནས་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྫེས།  མཚུར་ཕུ་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས་ཕེབས་ཡུན་རིང་བཞུགས་རིང་།  འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་བཀའ་འགྱུར་ཆ་ཚང་པར་དུ་བརྐོས་པ་ཕྱིས་སུ་པར་གཞི་རྣམས་ལི་ཐང་དགོན་དུ་གདན་དྲངས་པ་དེ་ལ་ལི་ཐང་མཚལ་དཔལ་མ་ཟེར།  རབ་བྱུང་བཅུ་གཉིས་པའི་ལྕགས་གླང་།  སྤྱི་ལོ་༡༧༣༡ལོར།  ཅོ་ནེ་དཔོན་དམག་ཟོར་མགོན་པོས་བྱིན་བདག་བྱས་ཏེ།  ལི་ཐང་དཔར་མ་དང་ནན་ཅིན་དཔར་མ།  དབུས་བྲིས་ཀྱི་བཀའ་འགྱུར་བཅས་ལ་མ་དཔེ་བྱས་ཏེ་བཀའ་འགྱུར་ཆ་ཚང་པར་བསྐྲུན་བྱས་ནས་ཅོ་ནེ་དགོན་ཆེན་དུ་བཞག་པ་ལ་ཅོ་ནེ་བཀའ་འགྱུར་ཟེར།  རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི།  སྤྱི་ལོ་༡༧༣༠ལོར།  བོད་ཀྱི་ཕོ་ལྷ་ཐེ་ཇི་བསོད་ནམས་སྟོབས་རྒྱས་ཀྱིས་མགོ་འདྲེན་དང་སྦྱིན་བདག་བྱས་ཏེ།  ཚལ་པའི་བཀའ་འགྱུར་དང་ཆ་ཚང་པར་དུ་བརྐོས་རྗེས་སྣར་ཐང་དགོན་པར་བཞག་པ་ལ་སྣང་ཐང་བཀའ་འགྱུར་ཟེར།  གོང་དང་དུས་མཚུངས་སུ་སྡེ་དགེའི་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བྱས་ཤིང་སི་ཏུ་པཎ་ཆེན་གྱིས་ཞུ་དག་གནང་ནས་བཀའ་འགྱུར་ཆ་ཚང་པར་དུ་བརྐོས་ཏེ།  སྡེ་དགེའི་དཔར་ཁང་ཆེན་མོར་བཞག་པ་ལ་སྡེ་དགེ་མཚལ་དཔར་མ་ཟེར།  ཤིང་བཟའ་པཎྜི་ཏས་བཞེངས་པའི་རྭ་རྒྱའི་པར།  འབྲི་གུང་སྒོ་ལྕོགས་སུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་བོ་ནས་བཀའ་འགྱུར་གྱི་པར་གཞིའི་ཆ་རྐྱེན་དུ་དངུལ་རྡོ་ཚད་ཆིག་སྟོང་བདུན་ཅུ་དོན་ལྔ་ཕུལ་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས།  རྒྱལ་དབང་བཅུ་གསུམ་པ་རང་ཉིད་དགུང་གྲངས་ཞེ་དགུར་ཕེབས་པ་ཤིང་བྱིའི་ས་གའི་ཉ་ནས་བོས་བཀའ་འགྱུར་པར་བརྐོའི་དབུ་བརྩམས།  འབྲས་ཀླུ་འབུམ་རྡོ་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོས་ཞུ་དག་མཛད་ནས་ལོ་བཅུ་ཕྲག་ཕྱེད་དང་གཉིས་ཀྱི་ཁོངས་སུ་གྲུབ་པར་བྱས་ནས་རྩེ་ཞོལ་གྱི་དཔར་ཁང་ཆེན་མོར་བཞུགས་པ་ལ་ཞོལ་དཔར་གསར་ཟེར་རོ།

          དེང་གི་དུས་འདིར་ཡང་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་ཤེས་རིག་ལ་མཐོང་ཆེན་གནང་སྟེ།  དེ་སྔ་བོད་དུ་བཞུགས་པའི་རིག་རྫས་ཁྱད་པར་ཅན་རྣམས་ལས་གནའ་བའི་དཔེ་ཆོས་རྙིང་བའི་སྐོར་ལ་མྱུར་སྐྱོབ་དང་བདག་གཉེར་དོ་དམ་གང་ལེགས་བྱས་ཡོད།  ལྷག་པར་དུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ལས་གནའ་བའི་བརྩམས་ཆོས་ཀུན་གྱི་སྙིང་བོ།  བོད་ཤེས་རིག་གི་ཉིང་བཅུད།

          སངས་རྒྱས་བསྟན་པའི་གཞུང་ལུགས་ཐམས་ཅད་ཀྱི་གཞུང་ཤིང་གཅིག་པར་གྲགས་པའི་བཀའ་བསྟན་གྱི་པར་མ་ཐོར་བཏུས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་ལས་ཁུངས་སམ་དགོན་སྡེ་གང་རུང་ན་ཉར་བའི་ཞོལ་པར་དང་སྡེ་དགེའིབཀའ་བསྟན》《སྣང་ཐར་བཀའ་བསྟན》《ཅོ་ནེ་བསྟན་འགྱུརཔེ་ཅིངབཀའ་བསྟནལྕགས་པར་བཅས་ཀྱི་འགྱུར་གཞུང་ཐམས་ཅད་ལ་ཆེད་དུ་དཔེ་བསྡུར་ལས་ཁག་དགོས་ཏེ་ཉེ་བའི་ལོ་ཤས་ནང་དུ།  བཀའ་བསྟནགྱི་གླེགས་པུ་གསར་བ་ཞིག་པར་བསྐྲུན་བྱུང་བ་ནི།  བོད་ཀྱི་ལོ་རྒྱུས་ཐོག་བོད་འགྱུར་གྱི་བསྟན་བཅོས་ཀུན་ལས་ཆེས་ཞིབ་ཚགས་ཆེ་བ་དང་སྤུས་ཀ་མཐོ་བའི་བཟོ་སྐྲུན་ཞིག་ཡིན་པས་བཀའ་བསྟན་འགྱུར་གྱི་པར་གཞི་གསར་རྙིང་ཀུན་ལས་ཆེས་རིན་ཐང་ཆེ་ཞིང་ཁྱད་ཆོས་ཚང་བ།  ལྟ་ཀློག་བདེ་ཞིང་སྐྱོན་མེད་པ།  དཔེ་བསྡུར་ཞིབ་ཅིང་བསྡུར་འབྲས་གསལ་བོར་བཀོད་པ་བཅས་ཀྱི་དགེ་མཚན་དུ་མ་ཡོད་པས་རྣམ་དཀར་གྱི་འཕྲིན་ལས་རླབས་ཆེ་ཞིག་འཁྱོངས་པ་ཡིན་ནོ།

རང་རྒྱལ་གྱི་སོག་ཁུལ་དང་ནང་ཁུལ་ལ་ཡང་སངས་རྒྱས་ཆོགས་ལུགས་དར་མྱོང་ཡོད་ལ།  སྤྱི་ལོ་༡༣༤༤ལོ་ནས་ས་པཎ་ཁུ་དབོན་དང་ཧོར་རྒྱལ་བར་གྱི་འབྲལ་འདྲིས་ཐེག་པ་ཆེན་པོའི་ཆོས་ཐོག་མར་སོག་ཡུལ་དུ་སྤེལ།  དེ་ནས་རྒྱལ་བ་བསོད་ནམས་རྒྱ་མཚོས་ཨལ་ཐན་ཧན་སོགས་ཆེན་པོ་རྣམས་ཀྱིས་བཀུར་བཟོའི་འོག་རྒྱ་ཆེར་སྤེལ་ཏེ་སོག་པོའི་མི་མང་ཆེ་བ་ཞིག་གི་བློ་ན་ཆོས་ལ་བསྒྱུར།  དེ་ནས་རྒྱལ་དབང་བཞི་བ་སོག་པོ་རང་ཡུལ་ནས་སྐྱེས་པས་སྔར་གྱི་ཡིད་ཆེས་ཀྱི་དད་པ་གཏིང་ཇེ་ཟབ་ཏུ་སོང་སྟེ་རྟེན་བརྟེན་པའི་གཙུག་ལག་ཁང་མང་དུ་བསྐྲུན།  ལྷག་པར་དུ་གོང་མ་ཆན་ལུང་གི་དུས་སུ་ཡབ་མེས་ཀྱིས་བོད་སོགས་ལ་བཟུང་བའི་དབང་འཛིན་བྱེད་སྟབས་ཀྱི་ཐབས་ཚུལ་ལས་ཆོས་ལ་བརྟེན་ནས་དབང་བསྒྱུར་ཚུལ་དེ་རྩལ་ཏུ་བཏོན་ཏེ་ནང་ལོག་གི་ཡུལ་འདིར་ཡང་པེ་ཅིང་གི་ཡུངས་ཧོ་དགོན་པ་དང་།  ཡེ་ཤེས་རྒྱ་མཚོ་ཞེ་ཧོར་དུ་ཞུས་ཏེ་བོད་ཀྱི་པོ་ཏ་ལ།  བཀྲས་ལྷུན།  བསམ་ཡས་བཅས་ཀྱི་དོད་ཐུབ་ཀྱི་གཙུག་ལག་ཁང་མང་དུ་བཞེངས་ཏེ་བོད་བརྒྱུད་ཀྱི་ཆོས་ལུགས་ནང་ལོག་ཏུའང་ཁྱབ་སྤེལ་བྱས།  ལྕང་སྐྱ་རོལ་བའི་རྡོ་རྗེས་སྐད་གཉིས་ཤན་སྦྱར་གྱིདག་ཡིག་མཁས་པའི་འབྱུང་གནསབརྩམས་ཏེ་རང་གི་དཔོན་སློབ་ཐུབ་བཀན་བཅས་སྐད་གཉིས་སྨྲ་བའི་ལོ་ཙྭ་མཁས་པ་དུ་མ་བསྒྲིགས་འཛུགས་བྱས་ཏེ་པེ་ཅིང་གི་ལྷ་ཁང་སེར་བོ་ནུབ་མ་སོགས་སུབསྟན་འགྱུརསོག་ཡིག་ཏུ་བསྒྱུར་བ་མ་ཟད།  སོག་ཡུལ་སྟོད་སྨད་ལ་ཆོས་རྒྱ་ཆེར་སྤེལ།  དེ་ནས་བཟུང་རང་རྒྱལ་གྱི་སོག་པོའི་ཡུལ་གྲུ་གཞན་ཕྱི་སོག་ནས་ཨོ་རུ་སི་རྒྱལ་ཁབ་ཏུའང་དར་ཚུལ་དེ་ལྟར་བྱུང་བ་དང་།  གོང་མ་ཆན་ལུང་དང་མཉམ་དུ་སྡེབ་སྟེ་བོད་སོག་རྒྱའི་མཁས་པ་མང་དུ་བསྡུས་ཤིང་བཀའ་བསྟན་ཆ་ཚང་ཞིག་མན་ཇིའི་སྐད་དུ་བསྒྱུར་ཏེ་བོད་བརྒྱུད་ནང་བསྟན་པའི་རིག་གཞུང་དེ་ཉིད་ཆིན་གོང་མ་ཡོངས་ཀྱིས་གཙུག་ཆེན་བྱེད་པའི་ཐབས་སུ་རོགས་བཀོད་མཛད།

ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དུ།  བོད་བརྒྱུད་ཆོས་ལུགས་སྔར་བཞིན་གྲགས་ཆེ་ལ་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བདག་གཉེར་དོ་དམ་གང་ལེགས་ནས་སེར་མོ་བའི་ཆོས་ཕྱོགས་ཀྱི་འཚོ་བའི་ཐད་ལ་འགན་ལེན་ཁག་ཐེག་བྱས་ཡོད།  ལྷག་པར་དུ་ལོ་བཅུའི་གོད་ཆག་གི་རྗེས་སུ།  ཏང་གི་ཡང་དག་པའི་བྱམས་བརྩེའི་ཉི་ཟེར་གྱིས་སྲིད་ཇུས་ཡོ་བའི་པད་འདབ་ཡོངས་སུ་ཕྱེ་སྟེ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དོན་འཁྱོལ་བྱུང་།  བོད་ལྗོངས་སྟོད་སྨད་ལས་གཞན་རྒྱལ་ཡོངས་ཡུལ་གྲུ་ཀུན་ཏུ།  ཆེན་པོ་བླ་སྤྲུལ་དང་དབང་འཛིན་མི་དྲག་གི་དཔོན་རིགས་ཙམ་མིན་པར་མི་སེར་བྱིངས་ཀྱིས་སློབ་གཉེར་བྱས་ཆོག་པའི་རང་དབང་གི་ཐོབ་ཐང་དེ་སུ་དང་གང་གིས་ཀྱང་ཅི་དགར་ལོངས་སུ་སྤྱོད་བཞིན་ཡོད།  དེང་མི་སེར་དཀྱུས་མའི་ཆོས་བྱེད་མི་སྣའི་ཁྲོད་མཁས་བཙུན་བཟང་གསུམ་ལྡན་པའི་ཆོས་ལུགས་ལས་རིགས་མི་སྣ་གྲངས་འབོར་ཞིག་མཚར་ལོངས་བྱུང་ཡོད་པ་རེད།  ལྷག་པར་དུ་ཉེ་བའི་ལོ་བཅུའི་ནང་ལ་རྒྱལ་ཁབ་དང་ལྗོངས་སྲིད་གཞུང་ནས་སྔ་རྟིང་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བཏང་སྟེ་དགོན་སྡེ་གྲགས་ཆེན་༡༤༠༠ལྷག་ཉམས་གསོ་བྱས།  རྩེ་པོ་ཏ་ལ།  བཀྲ་ཤིས་ལྷུན་པོ།  གཙུག་ལག་ཁང་བཅས་ལ་རྒྱལ་ཁབ་རིམ་པས་དངུལ་འབོར་བཏབ་སྟེ་ཉམས་གསོ་བྱས་པ་ཕུད་དགའ་ལྡན།  འབྲས་སྤུངས།  སེ་ར་བཅས་གདན་ས་གསུམ་ལའང་ལོ་ལྟར་ཉམས་གསོ་ཨར་ལས་བྱེད་ཀྱིན་ཡོད།  གཞན་ཡང་རྭ་སྒྲེང་དགོན་པ།  མཚུར་ཕུ་དགོན།  འབྲི་གུང་མཐིལ་དགོན།  སྟག་ལུང་དགོན་པ།  རི་བོ་ཆེ་དགོན་པ།  བསམ་སྡིངས་དགོན་པ།  ཞ་ལུ་དགོན་པ།  དཔལ་མགོན་ཆོས་སྡེ།  བྱམས་པ་གླིང་།  སྨིན་གྲོལ་གླིང་དགོན་པ་བཅས་ཚང་མ་ཉམས་གསོ་ལེགས་པར་ཐེབས་ཏེ་ཆོས་དད་མང་ཚོགས་ཀྱི་ཆོས་ཀྱི་འདོད་པ་ལེགས་པར་ཚིམ་ཡོད།  ད་དུང་རྒྱལ་ཁབ་ཀྱིས་དངུལ་འབོར་བཏང་སྟེ་ས་སྐྱའི་གཙུག་ལག་ཁང་ཉམས་གསོ་བྱེད་བཞིན་པའི་སྐབས་ལགས་པ་མ་ཟད།  བོད་ཀྱི་དགོན་སྡེ་ཕལ་ཆེ་བར་ལྗོངས་སྐོར་ལྟད་མོ་བའམ་ཆོས་ལུགས་ནང་ཕན་ཚུན་གྱི་རིག་གཞུང་བརྗེ་རེས་བྱེད་མཁན་གྱི་ཕེབས་བཞུད་པ་རྣམས་ལ་སྟབས་ཧ་ཅང་བདེ་བར་བཏང་ཡོད།  དེ་མིན་ད་དུང་མཚོ་སྔོན་གྱི་སྐུ་འབུམ་དགོན་པར་རྒྱལ་ཁབ་ཀྱིས་དངུལ་འབོར་གྱིས་འགྲོ་སོང་བཏང་སྟེ་ཉམས་གསོ་བྱས་ཏེ་མཛེས་ཉམས་ལྡན་པར་བཟོས་པར་མ་ཟད།  དེང་ཡང་ཁྲི་སྒོར་སྟོང་ཕྲག་དུ་མས་གསེར་སྡོང་ཆེན་མོ་དེ་ད་སྔ་སུས་ཀྱང་ཞིག་གསོ་བྱས་མྱོང་མེད་པའི་གསེར་གྱི་སྡོང་རྟེན་ཤ་སྟག་ཅན་དུ་སྒྱུར་བའི་ལས་མགོ་རྩོམ་བཞིན་པའི་སྒང་ལགས་སོ།

འདིས་མཆོན་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གནའ་ཤུལ་གྲགས་ཅན་གྱི་དགོན་སྡེ་དུ་མ་ཉམས་གསོ་བྱས་དང་བྱེད་བཞིན་པ་དང་།  ཡང་གྲོན་དངུལ་ཕུལ་ཏེ་ཀུན་སུའུ་ཞིང་ཆེན་གྱི་བླ་བྲང་དགོན་པའི་འདུ་ཁང་ཆེན་མོ་སྐྱར་བཞེངས་བཅས་ཀྱིས་མཚོན་པའི་ཡུལ་དེ་དག་གི་ནང་བསྟན་རིག་རྫས་སྲུང་སྐྱོབ་དང་ཉམས་གསོ་བྱས་ཚུལ་ཡང་བརྗོད་ཡུལ་ལས་འདས་པ་ཞིག་ཡིན།

དེ་བཞིན་དུ་ཟི་ཁྲོན་དང་ཡུན་ནན།  ནང་སོག་ས་ཁུལ་གྱི་ནང་བསྟན་པའི་ཆོས་སྡེ་ཇི་སྙེད་ཅིག་གི་ཉམས་གསོ་དང་བདག་སྐྱོང་།  སྲུང་སྐྱོབ་བཅས་ཀྱི་ཐད་ལ་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་དང་ས་གནས་སྲིད་གཞུང་ནས་ཁྱོན་ཡོངས་ནས་གཙུགས་སུ་བཟུང་སྟེ་ཉམས་གསོ་སྔར་བས་བརྗིད་པ་ཞིག་བསྟར་དང་བསྟར་བཞིན་པའི་སྐབས་ལགས་སོ།

བོད་རང་སྐྱོང་ལྗོངས་ལ་ཆ་མཚོན་ནས་བཤད་ན།  དགོན་སྡེ་ཁག་ལ་གྲ་བཙུན་༣༥༠༠༠ལྷག་ཙམ་ཡོད་ལ་རང་སྐྱོང་ལྗོངས་ཀྱིས་གྲྭ་བཙུན་རྣམས་སྣེ་ཁྲིད་དེ་དགོན་པས་རང་ཁ་གསོར་དམིགས་ཏེ་ཁོ་ཚོས་ཐོན་སྐྱེད་དང་།  ཞབས་ཞུ།  སྤྱི་ཚོགས་ཕན་བདེ་བཅས་བརྩོན་གཉེར་བྱེད་པའི་ཐད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།  བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན།  དགོན་པའི་ཞིང་ཁ་ཁྱོན་བསྡོམས་སྤྱི་ཆིང་༣༠༠ལྷག་དང་།  འབྲས་ཤིང་༣༥༠༠ལྷག་ཙམ་གཉེར་སྐྱོང་བྱེད་ཀྱིན་ཡོད།  རླངས་འཁོར་༡༠༠ལྷག་ཙམ་ཡོད་པར་བརྟེན་དགོན་སྡེ་མང་པོ་ཞིག་གིས་རང་མཁོ་རང་འདང་བྱེད་ཐུབ།  དེ་མིན་བོད་ཀྱི་དགོན་སྡེའི་དུས་ཆེན་ཁག་དང་རྒྱུན་སྤྱོད་ཀྱི་ཆོས་ཕྱོགས་ཆོ་ག་ཐམས་ཅད་རྒྱུན་ལྡན་ཡོད་པའི་ཁར་འགྲིམ་འགྲུལ་གྱི་ཆ་རྐྱེན་དང་ལམ་ཁ་བགྲོད་བདེ་ཡིན་པའི་རྐྱེན་གྱིས་དུས་ཆེན་དེ་དག་ལ་དད་ལྡན་པས་མཆོད་མཇལ་བྱེད་པ་ཕུད།  རྒྱལ་ཁབ་ཕྱི་ནང་གི་ལྟད་གཟིགས་ཡུལ་སྐོར་བ་རྣམས་ཚང་ཁ་ཤིག་ཤིག་གིས་ཕེབས་བཞུད་ཐེབས་པས་དགོན་པའི་ནམ་རྒྱུན་གྱི་ཆོས་སྤྱོད་ལས་གཞན་པའི་ཡོང་སྒོའི་སྐོར་ལའང་རོགས་སྣོན་ངེས་ཅན་རེ་ཐེབས་བཞིན་ཡོད།  སྲིད་གཞུང་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱ་ཆེ་མི་དྲག་༦༠༠ཙམ་ལ་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིད་དང་།  སྲིད་གྲོས་ཨུ་ཡོན།  ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་སོགས་སུ་བདམས་ཐོན་བྱུང་ཞིང་།  ཁོང་རྣམས་པས་བོད་ལྗོངས་གསར་བའི་འཛུགས་སྐྲུན་ལ་ནུས་པ་གང་ཡོད་འདོན་དང་འདོན་བཞིན་པའི་སྒང་ཡིན།  ད་དུང་བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་སྐྱར་གསོས་ཏེ་བོད་སོག་བོད་བརྒྱུད་ནང་བསྟན་དར་སའི་ཡུལ་གྲུ་ཀུན་ལས་འོས་སྤྲུལ་ཆོག་པ་ཁག་ཅིག་ལ་ས་གནས་སྲིད་གཞུང་ནས་ཆོག་མཆན་ཐོབ་སྟེ་ངོས་འཛིན་བྱས་ཤིང་།  དེ་དག་ཀྱང་སྔ་རྗེས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སོགས་བླ་སྤྲུལ་སྐྱེད་སྲིང་བྱེད་པའི་སློབ་གྲྭར་བསྐྱལ་ཏེ་ཆོས་ལུགས་ཀྱི་ཤེས་བྱ་ལྡན་ཞིང་དེང་བབས་ཀྱི་རྣམ་པ་ཤེས་པ།  བསླབ་ཁྲིམས་དང་རྒྱལ་ཁྲིམས་སྲུང་ཞིང་དེང་རབས་ཀྱི་ཤེས་རིག་འཛོམས་པ་ཅན་ཁག་ཅིག་གསོ་སྐྱོང་བྱས་པ་ཡིན།  དེ་ལྟར་སྔར་གྱི་དགོན་པའི་སྲོལ་རྒྱུན་གྱི་སློབ་གསོ་བྱེད་སྟངས་མ་ཚད།  དེང་རབས་སློབ་གསོའི་བྱེད་སྟངས་ཀྱི་ཕྱོགས་སུའང་སྐྱོད་དེ་བོད་བརྒྱུད་ནང་བསྟན་དར་སའི་ལྗོངས་དང་ཞིང་ཆེན་ཁག་ཏུ་ནང་བསྟན་སློབ་གླིང་གསར་དུ་བཙུགས་ཏེ་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་ནང་བསྟན་ཤེས་རིག་སྐོར་གྱི་སློབ་གསོ་དང་ཞིབ་འཇུག་གི་ཐད་ལ་ལག་རྗེས་འཇོག་དང་འཇོག་བཞིན་ཡོད་པའི་སྒང་ཡིན་ནོ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716