སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་དབྱིན་ཇིའི་སྐད་དུ་བསྒྱུར་བའི་རྒྱལ་དབང་ལྔ་བའི་རང་རྣམ་གྱི་དབུའི་མཚམས་སྦྱོར་རྩོམ་ཡིག་བཞུགས་སོ།།
སྤེལ་དུས། 2017-11-29   ཡོང་ཁུངས།    རྩོམ་པ་པོ།  མཁར་རྨེའུ་བསམ་གཏན་རྒྱལ་མཚན།

          བདག་གིས་བསྒྱུར་བའི་དེབ་འདི་ནི་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་(1617-1682)རང་རྣམ་སྟེ། 1989ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་ཞེས་པའི་གླེགས་བམ་གསུམ་གྱི་བདག་ཉིད་ཅན་དེ་གཞིར་བཟུང་བ་ཡིན།  འདིར་བསྒྱུར་བའི་ཡི་གེ་དག་གླེགས་བམ་དང་པོའི་ཤོག་གྲངས༡༢ནས༧༡༨བར་གྱི་དོན་རྣམས་ཡིན་ལ།  མ་ཡིག་གི་ཤོག་གྲངས་གསལ་བཤད་དགོས་སར་དབྱིན་འགྱུར་མར་གུག་རྟགས་སུ་བཀོད་ཡོད།   རང་རྣམ་འདིའི་མཚན་བྱང་ཡོངས་གྲགས་དུ་ཀཱུ་ལར་འབོད་པ་སྟེ་དཀར་ཆག་ཏུའང་དེ་ལྟར་འཁོད་འདུག    
          རང་རྣམ་འདིའི་དབུར་སྙན་ངག་གི་ལམ་ནས་བསྟོད་པ་དང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དག་ཡིན་ལ། (ཤོག་གྲངས༡ནས༤)དེའི་རྗེས་སུ་བྱུང་བའི་ཚན་པ་ནི་དངོས་པོ་ངེས་བསྟན་གྱི་སྒོ་ནས་རྣམ་ཐར་གྱི་ངང་ཚུལ་ལྟ་བུ་བརྗོད་པ་ཞིག་ཏུ་འདུག (ཤོག་གྲངས༥ནས༡༡)འདི་དག་ནི་སྙན་ངག་གི་ཡིད་གཟུགས་རྟོག་བཏགས་ཀྱི་རང་བཞིན་ཤུགས་ཆེ་བ་དང་རང་རྣམ་སྤྱི་དང་འབྲེལ་བ་ཆེར་མ་མཐོང་བས་ཁོ་བོས་དབྱིན་ཇིའི་སྐད་དུ་བསྒྱུར་བའི་ངལ་བ་མ་བྱས།  རང་གི་མཚན་བཀོད་མེད་པའི་རང་རྣམ་མགོ་བཙེམ་མའི་རྩོམ་སྒྲིག་པས་དེབ་འདི་ལེའུར་བྱས་པ་མ་ཟད།  ལེའུ་རེ་རེའི་བརྗོད་བྱར་བརྟག་ནས་མཚན་བྱང་རེ་བཏགས་ཡོད་པ་མ་ཡིག་ཏུ་མེད་ཀྱང་ཀློག་མཁན་ལ་ཕན་པས་སོར་བཞག་བྱས་ཡོད།  
          དེབ་འདིའི་རྩོམ་སྒྲིག་པས་དེབ་འདིའི་མ་དཔེ་གང་གཞིར་བཟུང་བ་གསལ་བོར་བསྟན་མེད་ནའང་།  སྟོད་ཆའི་མཇུག་གི་ཤོག་ངོས་སུ༼   མ་དཔེ་ནི་བོད་ལྗོངས་ཡིག་ཚགས་ཅུས་དང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་ཟུའོ་སོ་སོ་ནས་མཁོ་འདོན་གནང ༽ཞེས་བརྗོད་མོད།  འདི་ལས་མ་དཔེ་ནི་ལག་བྲིས་སམ་ཤིང་དཔར་གང་ཡིན་ཐག་གཅོད་ཐབས་མི་འདུག  རྗེས་སུ་༡༩༨༣་ལོའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་Himachal Pradeshཁོངས་གཏོགས་རྡོ་ལན་ཇེDolanjiནས་བོན་གྱི་ཆོས་ཚོགས་ཀྱིས་འབྲས་སྤུངས་ཤིང་པར་མའི་རྒྱལ་དབང་ལྔ་བ་རང་རྣམ་དཔར་མ་དང་།   ༡༩༩༡ལོར་ རྗེས་སུ་འབྲས་ལྗོངས་སྒང་ཐོག་གི་བོད་རིག་པའི་ཚོགས་པས་དཔར་པའི་རྒྱལ་དབང་ལྔ་བའི་གསུང་འབུམ་པོད་ཉེར་ལྔའི་བདག་ཉིད་ཅན་དུའང་རང་རྣམ་འདི་དཔར་ཡོད།  དེའི་རྗེས་སུ་2002ལོར་བོད་བརྒྱུད་ནང་བསྟན་ཡིག་མཛོད་ཀྱི་གློག་རྡུལ་(TBRC,W294-1810)སྤྱན་བསྟར་བྱུང་བ་དང་།  2009ལོར་ཀྲུང་གོའི་བོད་རིག་པ་ལྟེ་གནས་ནས་རྒྱལ་དབང་ལྔ་བའི་གསུང་འབུམ་དེབ་ཉེར་བརྒྱད་ཀྱི་བདག་ཉིད་ཅན་སོགས་མང་ལ།  དེ་དག་ལའང་སྐབས་རེར་ནོར་བ་ཡང་མཆིས་སོ།།    
          1667ལོར་རྒྱལ་དབང་ལྔ་བས(འོག་ནས་མཚན་དངོས་བློ་བཟང་རྒྱ་མཚོ་ལྟར་འབོད་དོ།། )རང་གི་བྱུང་བ་བརྗོད་པ་ཡི་གེའི་གཟུགས་སུ་ཕབ་པའི་མཛད་པ་བསྒྲགས་པའི་གནས་སྐབས་དེར་ཁོང་དགུང་གྲངས་ལྔ་ཅུར་སོན་ཡོད།  སྤྱིར་སྤྱི་ལོ་1644ལོ་སྟེ།  ཁོང་དགུང་ལོ་༢༧བཞེས་སྐབས་ཉེ་འཁོར་ཁག་ཅིག་གིས་རང་རྣམ་འབྲི་བར་བསྐུལ་ནའང་།  ཁོས་དགོས་པ་མེད་པར་མཐོང་ནས་མ་བྲིས་ཤིང་།  ལོ་དེར་ཁོང་གི་དགེ་བའི་བཤེས་གཉེན་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་(1573-1646)གྱིས་རང་རྣམ་འབྲི་བར་སྐུལ་མ་གནང་བ་མ་ཟད།  བོ་དོང་འཇིགས་བྲལ(1375-1450)གྱི་རྣམ་ཐར་མ་དཔེར་འོས་པར་གསུངས་ནས་ཕུལ།  
          བློ་བཟང་རྒྱ་མཚོས་རང་རྣམ་འབྲི་བར་སྐུལ་མཁན་མང་དུ་བྱུང་བ་རྣམས་ལ་ལན་གྱི་ཚུལ་དུ་ཁོང་གིས་གཞུང་གི་ལྟ་གྲུབ་ཀྱི་སྐོར་རྩོམ་པའི་ལས་ལ་བྲེལ་བའི་དབང་གིས་ཁོམ་ལོང་མེད་པ་དང་རྗེས་སུ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ན་བྲི་བའི་སྦྱོར་བ་རྩོམ་པར་ཞལ་གྱིས་བཞེས།    1667ལོར་ཁོང་ཉིད་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་པ་ན་སྐྱེས་བུ་ཆེན་པོ་དག་གིས་རྣམ་ཐར་འབྲི་བར་བསྐུལ་ཞིང་།  1666ལོར་གནས་ཆུང་གིས་ཀྱང་བསྐུལ་བས་ན།  1667ལོར་རྣམ་ཐར་འབྲི་བའི་བགྱི་བ་ལྷུར་ལེན་པ་དངོས་སུ་ཚོགས་ལ་བསྒྲགས།  
          རྣམ་ཐར་གྱི་ས་བོན་ནི་ཁོང་ཉིད་དགུང་ལོ་བཅོ་ལྔ་ནས་བཟུང་སྐུ་བཅར་ཁག་ཅིག་གིས་བཏབས་པའི་མཆན་བུ་དང་མཛད་འཕྲིན་གྱི་ལོ་ཚིགས་དག་གཞུང་ཞབས་མང་པོས་ཐོ་ཡིག་བརྒྱབ་པ་སོགས་ལ་ཁུངས་གཏུགས་གཞི་བཅོལ་གནངས་ཡོད་འདུག  
          ཁོང་གི་རང་རྣམ་གྱི་བམ་པོ་དང་པོ་ནི་1617ལོ་ནས་1664ལོའི་ཟླ་དང་པོའི་བར་གྱི་མཛད་འཕྲིན་དང་།  བམ་པོ་གཉིས་པ་ནི་1664ལོའི་ཟླ་ལྔ་བ་ནས་1675ལོའི་ཟླ་དང་པོ་བར་གྱི་མཛད་པ་དང་།  བམ་པོ་གསུམ་པ་ནི་1675ལོའི་ཟླ་གཉིས་པ་ནས་1681ལོའི་ཟླ་དགུ་བའི་བར་གྱི་མཛད་འཕྲིན་རྣམས་སོ།།    བློ་བཟང་རྒྱ་མཚོ་ཁོང་ཉིད1682ལོ་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་སྐུ་སྙུང་བཞེས་ཅུང་ཟད་བཞེས་ནས་དགོངས་པ་རྫོགས་ཤིང་།  གནས་ཚུལ་ལོ14ལ་ཚོགས་ལ་གསང་རྒྱ་བྱས་སོ།།  
          ཁོང་གི་རང་རྣམ་འདིར་གཞན་དང་མི་འདྲ་བའི་རིན་ཐང་ནི་མཛད་འཕྲིན་དག་གི་ལོ་ཚིགས་གུང་སྒྲིག་ནས་བརྗོད་པས་ན།  ཡིག་ཆ་འདི་ནི་དུས་རབས་༡༧པའི་ནང་བོད་ཀྱི་རིག་གནས་དང་།  འཚོ་བ་དང་།  བོད་ཀྱི་གནས་སྐབས་དེར་ཆོས་སྲིད་ཀྱི་གཞུང་གི་སྒྲིག་གཞི་ཆ་ཚང་ཇི་ལྟར་ཆགས་པའི་དངོས་ཡོད་དཔང་རྟགས་སུ་གྱུར་འདུག   དེ་ལས་ཀྱང་གནས་སྐབས་སོ་སོའི་དོན་རྐྱེན་དུ་ཁོང་ཉིད་ཀྱི་འགན་དང་ལས་ཁུར་གང་འདྲ་གནངས་ནས་བཞུགས་དགོས་པ་སོགས་ཧ་ཅང་གསལ་ཏེ།  སྐབས་དེའི་གཙང་བ་རྒྱལ་བོའི་སྲིད་ཤོར་བ་དང་།   ཆོས་ཀྱིས་སྲིད་དབང་འཛིན་པའི་སྲིད་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་དང་།  ཕོ་བྲང་པོ་ཏ་ལ་བསྐྱར་བཞེངས་དང་།   ཕྱི་འབྲེལ་གནས་སྟངས་དཔེར་ན་མན་ཇི་དང་སོག་པོའི་སྟོབས་ཤུགས་ཀྱི་གནས་ཚུལ་ངོ་ཐོག་ནས་མཐོང་ཐབས་བྲལ་བ་དག་ཀྱང་ཁོང་གི་ངོས་ནས་ཞིབ་བརྗོད་བྱས་ཡོད་དོ།།  དེའི་ཕྱིར་རྣམ་ཐར་གྱི་གླེགས་བམ་དང་པོར་ཁོང་གི་མཛད་པ་ཕལ་ཆེར་ཡོངས་སུ་རྫོགས་པ་འདུས་ཡོད་པར་བཤད་ཆོག  
          རྗེས་སུ་ངག་དབང་བློ་བཟང་རྒྱ་མཚོས་སྐུ་ཚེ་ཧྲིལ་བོའི་ཆོས་ཀྱི་མཛད་འཕྲིན་དང་ཡི་དམ་གྱི་ལྷའི་ཞལ་གཟིགས་སོགས་པོད་གཉིས་ཀྱི་བདག་ཉིད་ཅན་དུ་བྲིས་འདུག་ནའང་།  ཁོང་གིས་དེ་དག་རང་རྣམ་དུ་གཏོགས་པའི་ཚིག་གཅིག་ཀྱང་གསུངས་མི་འདུག   ཁོང་གིས་སྐུ་ཚེ་མཐའ་མའི་མཛད་པ་བསྟན་པའི་བར་ཅི་བྱས་བགྱི་བ་མཐའ་དག་ཡི་གེའི་གཟུགས་སུ་བཀོད་ནའང་ཉེ་འཁོར་སྐུ་དྲག་དང་ཐུགས་སྲས་ཁག་ཅིག་མ་གཏོགས་གསང་རྒྱ་དམ་པོ་བྱས་པས། དེ་དག་མཐོང་ལམ་དུ་གྱུར་བ་རེ་གཉིས་ཙམ་ཏེ།   ཉེ་འཁོར་སྐུ་དྲག་ཚོས་གསོལ་བ་བཏབས་པ་བཞིན་ཁོང་གིས་གསང་བའི་རྣམ་ཐར་གྱི་བསྡུས་པའི་དོན་གོ་སླ་བར་སྦྱར་བ་ཞིག་ཀྱང་མཛད་སྣང་།   ཁོ་བོར་ལས་སྐལ་བ་ལྡན་ནས་ཤོག་ནག་གི་གསེར་ཡིག་ལག་བྲིས་མའི་དཔེ་ཆ་ཞིག་མཐོང་བའི་གོ་སྐབས་རེག་པ་དང་།  དེ་དག་ཕལ་ཆེར་ནི་གསང་བའི་རྣམ་ཐར་ལས་བཤད་པའི་ལྷ་དང་ཡི་དམ་གྱི་ཞལ་གཟིགས་པའི་གནས་ཚུལ་བྲི་སྟངས་ཤིག་ཡིན་པར་མངོན།   གསང་བའི་རྣམ་ཐར་དང་རང་རྣམ་ཀྱི་ཁྱད་པར་ནི་དང་པོ་ནང་གི་རྣམ་པར་ཐར་པ་དང་གཉིས་པ་ནི་འཇིག་རྟེན་ལུགས་ཀྱི་རྣམ་ཐར་ཡིན་འདུག  
          ༡ ཁོང་ལ་ཤུགས་རྐྱེན་ཆེ་བའི་སྐྱེས་བུ་གཉིས།  
          ངག་དབང་བློ་བཟང་རྒྱ་མཚོའི་སྐུ་ཚེ་ཧྲིལ་བོར་མི་སྣ་གཉིས་ཀྱིས་ཤུགས་ཆེན་རོགས་རམ་གནངས་པ་སྟེ། དང་པོ་ནི་བསོད་ནམས་རབ་བརྟན(1595-1658)ཏེ་ཁོང་གི་མཚན་དངོས་ནི་བསོད་ནམས་ཆོས་འཕེལ་དུ་འབོད་ནའང་།  རྗེས་སུ་ཁོང་སྡེ་བའམ་སྡེ་སྲིད་དུ་གྱུར་བ་ནས་བསོད་ནམས་རབ་བརྟན་དུ་གྲགས།   ཁོང་གི་མིང་གཞན་ལ་རྒྱ་ལེ་ཆོས་རྗེ་ཞེས་ཀྱང་འབོད་དེ།  རྒྱུ་མཚན་ཁོང་ཉིད་རྒྱ་ལེ་ཞེས་པའི་ས་ཆ་སྟེ་ལྷ་སའི་ནུབ་ཀྱི་ཐོ་ལིང་ཞེས་པ་ནས་སྐྱེས་པས་ཡིན།  ཁོང་ཉིད་རྒྱལ་དབང་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི(1589-1616)རིང་གི་དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་ཡིན།   བློ་བཟང་རྒྱ་མཚོ་ཐུགས་ཐག་བཅད་རྗེས་ཀྱང་ཁོང་གིས་ཕྱག་མཛོད་ཀྱི་འགན་མུ་མཐུད་དུ་བཞེས།  ཁོང་གི་ལས་ཐོག་གི་མིང་སྟེ་སྡེ་བའམ་སྡེ་སྲིད་ནི་དབྱིན་ཇི་སྐད་དུ་Regentཞེས་བསྒྱུར་ཡོད་ནའང་།  དེ་ཁོའི་ལས་ཁུར་དང་འཚམས་པའི་མིང་ཞིག་ཏུ་མི་འདོད་པར་རིམ་གྱིས་ཤེས་འོངས།    
          ཆོས་ལུགས་ཀྱི་ངོས་ནས་བཤད་ན་བསོད་ནམས་རབ་བརྟན་ནི་དགེ་ལུགས་ཀྱི་འདུ་ཤེས་ཧ་ཅང་ཟབ་པ་ཞིག་ཡིན་པ་མ་ཟད།  བློ་བཟང་རྒྱ་མཚོ་སྐུ་ན་ཕྲ་བའི་དུས་སུ་ཁོང་གིས་བསོད་ནམས་རབ་བརྟན་ཞལ་ངོར་བསྐོས་་ཤིང་།   དགེ་ལུགས་ཀྱི་སྲིད་དབང་དངོས་སུ་འཛུགས་མཁན་ནི་བསོད་ནམས་རབ་བརྟན་ཡིན་པར་བཤད་ཆོག  བློ་བཟང་རྒྱ་མཚོ་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར་རྗེས་བསོད་ནམས་རབ་བརྟན་ཡང་སྲིད་འཛིན་གྱི་གོ་གནས་ནས་ཉིན་མཚན་ལྟོས་མེད་དུ་བྱ་བར་བྲེལ་བར་གྱུར།  
          བློ་བཟང་རྒྱ་མཚོའི་མཛད་འཕྲིན་འཕེལ་བ་ལ་ནུས་ཤུགས་གལ་ཆེན་ཐོན་པའི་མི་གཞན་ཞིག་ནི་དགེ་ལུགས་ལ་བློ་སེམས་དཀར་བའི་གུ་ཤྲི་ཧན(1582-1654)སྟེ།  སོག་པོའི་ཨོ་རོལ་ཚོ་བའི་ཧོ་ཤོད་ཀྱི་མི་ཡིན།   ཁོ་རང་བློ་བཟང་རྒྱལ་མཚོ་ལ་དད་དམ་འགྱུར་མེད་ཡིན།  ཁོས་བློ་བཟང་རྒྱ་མཚོར་མ་གྲོས་པར་བེ་རིའི་རྒྱལ་བོ་དོན་ཡོད་དྲག་པོའི་དཔུང་གིས་བཅོམས་རྗེས་སྡེ་སྲིད་བསོད་ནམས་རབ་བརྟན་དང་མཉམ་གྲོས་ཀྱིས་1639ལོར་ཁོའི་དབང་དུ་གཏོགས་པའི་བོད་སོག་དམག་ཁྲིད་དེ་གཙང་བ་རྒྱལ་བོ་ཕམ་ཞིང་།   དེའི་ཕྱིར་གཙང་རྒྱལ་བསྟན་སྐྱོང་དབང་བོའམ་བློ་བཟང་རྒྱ་མཚོའི་རང་རྣམ་དུ་གཙང་བ་སྡེ་སྲིད་དུ་(1621-1642)འབོད་པ་ཁོང་ནི་སྡེ་སྲིད་བསོད་ནམས་རབ་བརྟན་གྱི་མོས་མཐུན་འོག་གུ་ཤྲིར་གྱི་དམག་གིས་གོ་གནས་ཕབ་པ་ཡིན།  
          1642ལོ་གཙང་བ་རྒྱལ་བོ་ཕམ་རྗེས་གུ་ཤྲི་ཧན་གྱིས་རྒྱལ་ཁའི་གསོལ་སྟོན་གཞིས་ཀ་བསམ་གྲུབ་རྩེ་ནས་བསྡུས་ཤིང་མངའ་ཁོངས་སུ་བསྡུས་པའི་འབངས་རྣམས་བློ་བཟང་རྒྱ་མཚོར་ལེགས་སྐྱེས་སུ་ཕུལ།  
          གུ་ཤྲི་ཧན་ནི་སོག་པོ་ནས་གནས་སྤོས་ཏེ་མཚོ་སྔོན་པོར་སླེབས་པའི་ཧོ་ཤོད་པའི་རྒྱལ་བོ་ཡིན་ལ།  བློ་བཟང་རྒྱལ་མཚོས་ཁོང་ཉིད་ལ་རྒྱུན་པར་༼   རྒྱལ་བོར་༽འབོད་པ་ནི་ཁོང་ཉིད་སོག་པོའི་ཚོ་བ་ཧོ་ཤོད་ཐིའི་རྒྱལ་བོ་ཡིན་པའི་སྟབས་ཡིན་པ་ལས།  དེང་གི་ལོ་བོད་ཀྱི་ཆབ་སྲིད་ལོ་རྒྱུས་སྨྲ་བ་རྣམས་ཀྱི་འདོད་པ་ལྟར་བོད་ཀྱི་རྒྱལ་བོ་ཡིན་པས་མ་ཡིན་པ་ཧ་ཅང་གསལ།   གུ་ཤྲི་ཧན་ནི་དད་པ་བརྟན་པོ་ཡོད་པའི་མི་ཞིག་ཡིན་པས།  ཁོས་དགའ་ལྡན་ཕོ་བྲང་སྲིད་ཀྱི་བྱ་བར་ཐེ་གཏོགས་པའི་དན་རྟགས་སོགས་ཡེ་ནས་མེད།    ཁོའི་དམིགས་ཡུལ་ནི་ཁོང་གི་བླ་མའི་སྐུ་གཡོག་ཞབས་ཞུ་སྒྲུབ་རྒྱུ་དང་གལ་ཏེ་དགོས་དབང་བྱུང་ན་དམག་སོགས་མངགས་ནས་སྐུ་དོན་སྲུང་རྒྱུ་དེའོ།།  
          ཁ་ཅིག་གིས་སྡེ་སྲིད་བསོད་ནམས་རབ་བརྟན་ངག་དབང་བློ་བཟང་རྒྱ་མཚོས་སྡེ་སྲིད་དུ་བརྐོས་པར་༼   སི་ཐ་ཨེན།།1981:55 ༽འདོད་མོད།  རང་རྣམ་དུ་དེའི་སྐོར་མི་གསལ།  གུ་ཤྲི་ཧན་ནམ་རྒྱུན་གུང་དཀར་རྫོང་ནས་བསྡད་དེ། ལྷ་སར་སླེབས་དུས་ཀྱང་ཏཱ་ལའི་བླ་མའི་ནམ་རྒྱུན་བཞུགས་གནས་དགེ་ལྡན་ཁང་གསར་ནས་བསྡད།  1654ལོར་ཁོ་རང་གནས་འདི་ནས་ཚེ་ཡི་འཕེན་པ་རྫོགས།  ཁོའི་བཙུན་མོ་ཆུང་བ་ཏ་ལི་གུན་ཆི་རྒྱ་མཚོ་ལ་བུ་གཉིས་སྐྱེས་བ་ནི།  བསྟན་འཛིན་ཏ་ཡན་རྒྱལ་བོ་དང་བསྟན་འཛིན་ཏ་ཡན་ཧན་གཉིས་ཡིན།  གུ་ཤྲི་ཧན་བུ་གཞན་བརྒྱད་ཡོད་པ་རྣམས་བཙུན་མོ་གཞན་གཉིས་ལས་སྐྱེས་བར་གྲགས།   ཤུ་ཤྲི་ཧན་འདས་རྗེས་ཁོའི་བུ་ཆེ་བ་བསྟན་འཛིན་ཏ་ཡན་གྱིས་བོད་ཀྱི་སྲིད་ལ་ཐེ་གཏོགས་པའི་འགོ་བརྩམས་ཤིང་།  1658ལོར་བློ་བཟང་རྒྱལ་མཚོས་ཁོ་ལ་རྒྱལ་བོའི་མིང་ཙམ་གྱིས་ཆོ་ལོ་བསྩལ་བ་ནི་ཁོང་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་བསྩལ་བ་ཡིན་ལ།    བསྟན་འཛིན་ཏ་ཡན་གྱིས་བྱང་ཐང་ནས་རི་དྭགས་རྔོན་པ་ལས་སྲིད་ཀྱི་བྱ་བར་འབད་པར་མ་མཐོང་།    
          བསྟན་འཛིན་ཏ་ཡན་ཧན་གྱི་བུ་དཔོན་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་ཁམས་རྫ་ཆུ་ཁ་ནས་སྲིད་དབང་བཟུང་ལ།  རང་རྣམ་དུ་ཁོང་གིས་མཁའ་འགྲོར་འབོད་ལ་ཁོ་ནི་བློ་བཟང་རྒྱ་མཚོའི་ཐུགས་འདོད་སྐོང་ཕྱིར་ཞབས་ཞུ་སྒྲུབ་པའི་བྱ་བར་འབད་པའི་སྐྱ་བོ་ཞིག་གོ། ཁོང་གིས་བློ་བཟང་རྒྱ་མཚོའི་བཀའ་བཞིན་ཁམས(རང་རྣམ་དུ་འབར་ཁམས་སུ་བཤད་འདུག)་སུ་སྲིད་བཟུང་བར་མངོན།  1660ལོར་ཁོང་གི་ཁམས་ལི་ཐང་དགོན་ཏེ།  རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོས་1580ལོར་བཏབ་ཅིང་ཁམས་བེ་རིའི་རྒྱལ་བོ་དོན་ཡོད་ཀྱི་མངའ་འོག་ཏུ་དཀའ་ལས་འཕྲད་པའི་དགོན་པ་དེ་བཟུང་ཞིང་། 1664ལོ་མཁའ་འགྲོས་བློ་བཟང་རྒྱ་མཚོར་གྲུབ་མཐའ་རིས་སུ་མ་ཆད་པར་གསོལ་འདེབས་འབྲི་དགོས་པར་སྐུལ་བ་བཞིན་བློ་བཟང་རྒྱ་མཚོས་དང་དུ་བླངས་ཤིང་མཁའ་འགྲོའི་རིས་མེད་ལྟ་བར་བསྟོད་བསྔགས་མཛད་འདུག    
          རྗེས་སུ་མཁའ་འགྲོ་ཀརྨ་པ་ལའང་འབྲེལ་འདྲིས་བྱུང་བ་ཁོའི་གཉེན་འབྲེལ་མཚོ་སྔོན་པོའི་སོག་པོ་ཚོས་ནི་སྐབས་དེར་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཏུ་མཐོང་བས།  1673 ལོར་མཚོ་སྔོན་པོའི་གཉེན་ཉེ་སོག་དམག་གི་རྫ་ཆུ་ཁ་བསྐོར་ནས་ཁོ་རང་བཀྲོངས། ཕུ་ནུ་ནང་འཁྲུག་གི་དོན་རྐྱེན་འདི་ལ་བློ་བཟང་རྒྱ་མཚོས་ཟུར་གྱིས་ཟ་བའི་ཚིག་གིས༼མཁའ་འགྲོ་དང་སྒར་བ་སྐུ་གཉེར་འབྲེལ་བ་སོགས་སྐྱེས་འདོད་བྲག་ལ་ཤུག་པའི་དཔེས་རང་ཕྱོགས་ཞྭ་སེར་ཅོད་པན་འཛིན་པ་རྣམས་ཀྱི་བསྟན་པའི་སྐུ་ཆགས་བདོ་བའི་མི་སྲིད་པ་སྲིད་པ་ལྟ་བུ་རྣམ་པ་གཅིག་ཏུ་ཉི་མའི་གཉེན་གྱི་རྒྱུད་དྲི་མ་མེད་པ་ཆོས་རྒྱལ་མེས་དཔོན་གྱི་གདུང་ལ་གླང་དར་མ་འུ་དུམ་བཙན་འབྱུང་བ་བཞིན།   ཤ  ༣༧༥ ༽ ཞེས་གསུངས་ཡོད་པས་ན་རྒྱུ་མཚན་ནི་གི་ཤྲི་ཧན་གྱི་ཁྱིམ་རྒྱུད་དུ་མཁའ་འགྲོ་ལྟ་བུ་བྱུང་བ་དེ་འདྲ་མཚར་དུ་མི་འཛིན་པར་བཤད་ཡོད།
          གུ་ཤྲི་ཧན་དང་སྡེ་བ་བསོད་ནམས་རབ་བརྟན་གཉིས་ཀྱི་མཉམ་འབྲེལ་ནི་དགའ་ལྡན་ཕོ་བྲང་སྲིད་དབང་གི་རྩ་བར་གྱུར་ཡོད།  བློ་བཟང་རྒྱ་མཚོས་མི་འདི་གཉིས་ཀྱི་འབྲེལ་བ་མཆོད་ཡོན་དུ་བཤད་ལ།  སྐབས་དེར་སྲིད་ན་མཐོ་བའི་ཁོང་ཉིད་མཆོད་ཡོན་དུ་ཚུད་པར་བཤད་མེད།  1685ལོར་སྡེ་བ་བསོད་ནམས་རབ་བརྟན་འདས་རྗེས་བློ་བཟང་རྒྱ་མཚོས་དངོས་སུ་སྲིད་ཀྱི་འགན་ཐོག་མར་བཞེས་ཡོད།   སྐབས་དེར་བློ་བཟང་རྒྱ་མཚོའི་ཞབས་རོགས་ནི་སྡེ་བ་ནོར་བུ་ཞེས་པ་དེ་ཡིན་མོད།  ཁོའི་སྐོར་ཡི་གེར་བཀོད་པ་ཉུང་ལ།  བློ་བཟང་རྒྱ་མཚོར་མཚོན་ན་ཁོ་ནི་སྲིད་ཀྱི་གྲོས་གཞི་འདོན་མཁན་དང་སྤྱང་གྲུང་འཛོམས་པའི་མི་སྣ་ཞིག་ཏུ་ཆགས་འདུག  ཁོ་རང་སྡེ་བ་བསོད་ནམས་རབ་བརྟན་གྱི་སྤུན་ཡིན་པས་ན་སྲིད་སྐྱོང་གི་ལུགས་ལ་ཁོའི་ཤུགས་རྐྱེན་ཡོད་པའང་གསལ་བོ་རེད།  སྡེ་བ་བསོད་ནམས་རབ་བརྟན་གྱི་སྐབས་སུའང་ཁོས་སྲིད་ཀྱི་སྲི་ཞུ་མང་དུ་བསྒྲུབ་བ་སྟེ། འབྲུག་པར་འཐབ་སྐབས་ཀྱི་དམག་དཔོན་མཛད་པ་སོགས་ཡིན། གང་ལྟར་ཁོ་རང་ཕྱི་ནང་མི་མཚུངས་པའི་མི་ཞིག་ཡིན་ནའང་བློ་བཟང་རྒྱ་མཚོས་ཁོ་རང་སྲིད་ཀྱི་དཔོན་པོ་རབ་ཅིག་བྱུང་བར་རེ་བ་བརྒྱབ་ཡོད།   དེ་འདྲའི་ཐེ་ཚོམ་གྱི་ངང་ལ་1659ལོར་བློ་བཟང་རྒྱ་མཚོས་ཁོ་རང་སྡེ་བར་དངོས་སུ་བསྐོས།  ཡིན་ནའང་།  རིང་བོ་མ་འགོར་བར།  ཁོ་གཉིས་ཀྱི་འབྲེལ་བ་སྡུག་པོར་གྱུར་བས།  སྡེ་བ་ནོར་བུས་སྔོན་སྲིད་དབང་བཟུང་མྱོང་བའི་གཞིས་ཀ་བསམ་འགྲུབ་རྩེ་ནས་དམག་བསྡུས་ཏེ་ཁོང་གི་སྲིད་དབང་ལ་ངོ་རྒོལ་བའི་གྲབས་བཤམས་པ་ཤེས་པས། བློ་བཟང་རྒྱ་མཚོས་ཁོང་གི་ལྐོག་ཇུས་མགོ་མནན་མོད།  རྗེས་སུ་སྡེ་བ་ནོར་བུར་གང་འདྲ་བྱུང་སོང་བ་རང་རྣམ་དུ་གསལ་བོར་བཤད་མེད།  
          1660ལོར་གནས་ཚུལ་ཞི་འཇགས་སུ་སོང་རྗེས་བློ་བཟང་རྒྱ་མཚོས་འཕྲིན་ལས་རྒྱ་མཚོ(1668ལོར་འདས)སྡེ་བར་གསར་དུ་བསྐོ་བཞག་མཛད་ཅིང་།  འདི་ཉིད་ཏཱ་ལའི་བླ་མ་ཆུང་ངུའི་དུས་ནས་བཟུང་ཁོང་གི་ཞབས་ཞུར་བཞུགས་མྱོང་།  སྡེ་བ་འདི་ཉིད་གྲོང་སྨད་ཅེས་པའི་ཁྱིམ་གཞི་ཆེན་པོ་ཞིག་ནས་སྐྱེས་ཤིང་།   སྡེ་སྲིད་སངས་རྒྱས་རྒྱ་མཚོའི(1653-1705)ཡབ་མེས་ཡིན་འདུག  1652ལོར་ཁོ་དང་བློ་བཟང་རྒྱ་མཚོ་གཉིས་གཙོ་བྱས་ནས་པེ་ཅིང་མན་ཆིན་གོང་མར་མཇལ་འཕྲད་དུ་ཕྱིན་པའི་སྐུ་ཚབ་ཚོགས་པ་སྟེ།  ལོ་རྒྱུས་སུ་སྐད་གྲགས་ཡོད་པའི་མཇལ་འཕྲད་དེ་ཡིན།  རང་རྣམ་དུ་བློ་བཟང་རྒྱ་མཚོས་ཁོ་ལ་ཇེ་སང་སྡེ་བ་ཞེས་ཁོ་རང་སྡེ་བར་མ་བསྐོས་གོང་གི་མིང་གིས་འཛིན་པར་བྱེད།  སྡེ་བ་འཕྲིན་ལས་རྒྱ་མཚོ་གཤེགས་པའི་རྗེས་ནས་བློ་བཟང་རྒྱ་མཚོའི་རིང་ལ་སྡེ་བ་གསུམ་ཙམ་བསྐོ་བཞག་བྱས།    
          དེ་དག་གི་ཁྲོད་ཀྱི་སྡེ་བ་ཕྱི་མ་སངས་རྒྱས་རྒྱ་མཚོ་ནི་མི་སྐྱ་སྡེ་བར་བཞུགས་མྱོང་མཁན་གཅིག་པོ་སྟེ།  བོད་ཀྱི་ལོ་རྒྱུས་སུ་སྐད་གྲགས་ཆེན་པོ་ཆགས་པའི་སྡེ་སྲིད་ཡིན།  1682ལོའི་ཟླ་2པའི་ཚེས25ཉིན་བློ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་ཁོང་གི་ཞལ་ཆེམས་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་བཅུ་བཞིའི་བར་སྟེ། ཏཱ་ལི་སྐུ་ཕྲེང་དྲུག་པའི་སྤྲུལ་སྐུ་ངོས་གཏན་ཡོང་བའི་བར་གསང་རྒྱ་བྱས།   རང་རྣམ་གྱི་གླེགས་བམ་དང་པོ་སྟེ་འདིར་དབྱིན་སྐད་དུ་ཕབ་པའི་ནང་དུ་ཁོང་སྐུ་ཚེའི་མཐའ་མའི་མཛད་པ་དག་གླེང་བརྗོད་བྱས་མི་འདུག  
          ༢  ཀརྨ་ཆོས་དབྱིངས་རྡོ་རྗེ།  
          ཀརྨ་ཞྭ་ནག་བཅུ་བ་ཆོས་དབྱིངས་རྡོ་རྗེ་(1604-1674)ནི་སྐད་གྲགས་ཅན་གྱི་སྒྱུ་རྩལ་བ་ཞིག་སྟེ།  ཁོང་གི་དུས་ཚོད་རིང་བོར་བྲིས་པའི་ཐང་སྐུ་དག་མཇལ་བ་ཚོར་རིན་མེད་སྐྱེས་སུ་འབུལ་བཞིན་ཡོད་འདུག  ཀརྨ་བཅུ་བ་ལྟ་བུའི་བླ་ཆེན་ཞིག་གི་ངོས་ནས་བཤད་ན།  ཁོ་རང་ནི་ཁེངས་སྐྱུང་ཞི་དུལ་གྱི་གྲྭ་བ་ཞིག་སྟེ།  འཐུང་ཆུ་རང་གིས་བླངས་ནས་གྲྭ་མང་ལ་ཇ་སྐོལ་བ་དང་རྡོ་དང་ས་རང་གིས་སྐྱེལ་ནས་མཆོད་རྟེན་བརྩིགས་པ་སོགས་ཀྱི་མཛད་འཕྲིན་མཐོང་ཐུབ།   གཞན་ཁོང་རང་ནི་ཆབ་སྲིད་ལ་ཁ་ཡ་མི་བྱེད་མཁན་ཞིག་ཏུ་འདུག་མོད།  སྟབས་མ་ལེགས་པ་ཞིག་ལ་གཙང་པའི་གཞུང་གི་ཆབ་སྲིད་ཀྱི་རྙོག་དྲར་ཚུད་དེ་གཙང་རྒྱལ་ཀརྨ་ཕུན་ཚོགས་རྣམ་རྒྱལ(1550-1620)གྱི་དུས་དང་དེ་ལས་ཀྱང་ཀརྨ་བསྟན་སྐྱོང་དབང་པོའི(1621-1642)དུས་སུ་ཆབ་སྲིད་ཀྱི་རྒྱ་ལས་ཐར་ཐབས་མེད་པར་གྱུར།   ཀརྨ་བསྟན་སྐྱོང་དབང་པོ་དང་ཁོང་གི་སྲིད་གཞུང་གིས་གསར་དུ་དར་བའི་དབུས་ཀྱི་དགེ་ལུགས་པའི་སྟོབས་ཤུགས་དང་དེའི་རྒྱབ་རྩ་ཕྱི་ཕྱོགས་སྟོབས་ཤུགས་སོག་པོ་ཧོ་ཤོད་ཐི་སོགས་ལ་ཞེ་ཐག་པ་ནས་ངོ་རྒོལ་དྲག་པོ་བྱས།  1616ལོ་ཡས་མས་ཏེ།  ཀརྨ་ཆོས་དབྱིངས་རྡོ་རྗེ་དགུང་ལོ༡༢སྟེང་དུ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་སེར་ཕྲེང་དང་བཅས་ཕོ་བྲང་བསམ་འགྲུབ་རྩེར་གདན་དྲངས།   ཆོས་དབྱིངས་རྡོ་རྗེས་དགེ་ལུགས་ཕྱོགས་ལ་གནོད་པའི་སྦྱོར་བ་སོགས་གང་ཡང་མེད་པ་མང་བོའི་མདུན་ནས་བརྗོད་ཡོད་པ་མ་ཟད།  གཙང་གཞུང་གི་དགེ་ལུགས་དགྲར་འཛིན་གྱི་བྱེད་ཕྱོགས་ལ་མི་འཐད་པའི་རྣམ་འགྱུར་བསྟན་པ་སོགས་ཀྱང་བྱས་འདུག གང་ལྟར་ཁོང་བསམ་འགྲུབ་རྩེའི་གཞུང་ལ་འབྲེལ་བ་ཆེ་བའི་དབང་གིས་ཁོང་གི་གྲུབ་མཐའ་ཀརྨ་བཀའ་བརྒྱུད་དེ་དགེ་ལུགས་པའི་མི་མཐུན་ཕྱོགས་སུ་འགྲོ་བ་ཇེ་སྡུག་ཏུ་བཏངས་ཤིང་།  ལྷག་པར་བློ་བཟང་རྒྱ་མཚོའི་སྐུ་སྒེར་གྱི་འགྲན་འཛུགས་མཁན་ལྟ་བུར་གྱུར།    སྐབས་དེར་བློ་བཟང་རྒྱ་མཚོ་ནི་འབྲས་སྤུངས་ཁྲི་བ་ཙམ་ཡིན་ནའང་མ་འོངས་པར་བོད་སྤྱིའི་སྲིད་སྐྱོང་གི་ཕྱོགས་སུ་འགྲོ་བའི་ལྟས་གསལ་བོར་མངོན།   1634ལོར་ཆོས་དབྱིངས་རྡོ་རྗེ་ལྷ་སར་བྱོན་དུས་བློ་བཟང་རྒྱལ་མཚོར་འཕྲད་མྱོང་མོད།  དུས་དེར་དམིགས་ཡུལ་སོགས་གང་ཡང་ཡོད་པ་མ་ཡིན།  1640ལོར་ཁོང་ཉིད་སླར་ཡང་ལྷ་སར་འབྱོར་མོད་དུས་དེར་ཕན་ཚུན་གྱི་འགལ་བ་ཛ་དྲག་ཏུ་འགྲོ་བཞིན་བའི་དབང་གིས་བློ་བཟང་རྒྱ་མཚོར་འཕྲད་སྟབས་མ་བདེ།   1642ལོར་གཙང་བ་རྒྱལ་བོའི་སྲིད་ཕབ་པའི་སྐབས་སུ་ཆོས་དབྱིངས་རྡོ་རྗེས་བློ་བཟང་རྒྱ་མཚོར་བཀའ་བརྒྱུད་བསྟན་པ་ཡོངས་སུ་མི་བསྣུབས་པའི་སྐྱབས་འཇུག་ཞུས།   བློ་བཟང་རྒྱ་མཚོས་ཆབ་ཤོག་གི་ལམ་ནས་དེ་འདྲའི་བགྱི་སྦྱོར་རྩུབ་མོ་ཡོང་མི་སྲིད་པ་ཁས་ལེན་གནངས་འདུག།   དེ་ལྟའི་འགལ་བའི་དབང་གིས་ཆོས་དབྱིངས་རྡོ་རྗེ་ཐོག་མར་ལྷོ་བྲག་དང་དེ་ནས་ཀོང་བོའི་ཕྱོགས་སུ་གཡོལ་བར་བྱས།  རྗེས་ནས་རྒྱལ་ཐང་དང་འཇང་ས་དམ་གྱི་ཡུལ་སྟེ་དེང་གི་ནཱ་ཞིའི་རིགས་ཀྱི་ས་ཆ་ཡོན་ནན་ནས་ཡུན་རིང་བཞུགས།   ཁོ་རང་1673ལོའི་བར་དབུས་སུ་སླར་འབྱོན་པའི་སྐལ་བ་མ་ལྡན་ལ།  ལོ་དེར་ཁོང་དགུང་ལོ༧༠བ་སྟེ། བློ་བཟང་རྒྱ་མཚོ་སོགས་ཀརྨ་བ་ཁོང་ཉིད་ལ་བསུ་བ་རྒྱ་ཆེན་པོ་བྱས་ཏེ་ཕོ་བྲང་པོ་ཏ་ལ་ནས་ཁོང་གཉིས་མཇལ་ཕྲད་གནང་བ་སོགས་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་འདི་ལྟར་བཀོད་ཡོད། ༼   གསོལ་ཇའི་ཐོག་སྐུ་ངལ་མི་ངལ་བའི་མཚོན་སྐྱེས་ཆེན་དམ་པའི་རྣམ་ཐར་དང་མཐུན་པའི་དྲི་བ་ཞུས་ཀྱང་། དྲུང་རམས་པས་ལན་ཕུལ་གསུངས་སོང་བ་བཞིན་འཕྲོས་གླེང་མང་དུ་བྱུང་།  བོད་ཡིག་གི་ཤོག་གྲངས ༣༦༠ དེབ་གཉིས་པ། ༽ བློ་བཟང་རྒྱ་མཚོས་གཞན་ཡང་ཁོང་གིས་རིག་མ་དང་རིགས་སྲས་ཁྲིད་ཡོད་པའི་གནས་ཚུལ་ཀྱང་བཀོད་ཡོད་པ་མ་ཟད། དེ་འདྲའི་བརྟུལ་ཞུགས་ཀྱི་ཁོང་གི་ཀརྨ་བའི་གཟི་བརྗིད་ལ་རྨ་མི་འབྱིན་པའི་གནས་ཚུལ་ཀྱང་བཀོད་འདུག༼   དེབ་གཉིས་པ་ ༣༥༩ནས༦༠ ༽  བློ་བཟང་རྒྱ་མཚོས་ཀརྨ་འདུས་སྤྱིའི་རེ་བ་ལྟར་ཁོང་གི་རིགས་སྲས་ནོར་བུ་བཟང་པོ་རྒྱལ་ཚབ་གྲགས་པ་ཆོས་དབྱིངས(1617-1658)ཀྱི་སྤྲུལ་སྐུར་ངོས་འཛིན་གནངས། ༼  དེབ་གཉིས༥༠༥ནས༦ ༽  རྒྱལ་ཚབ་སྤྲུལ་སྐུ་རིམ་བྱོན་གྱིས་ཀརྨ་ཞྭ་ནག་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་གཙོ་བོ་མཚུར་ཕུའི་ཁྲི་སྐྱོང་གི་འགན་བཞེས་བཞིན་དེའོ།།  
          ༣  རྙིང་མའི་གྲུབ་མཐའ་དང་འབྲེལ་ཚུལ།  
          བློ་བཟང་རྒྱ་མཚོ་ནི་གསང་བའི་ཚུལ་དུ་བཞུགས་པའི་རྙིང་མའི་གྲུབ་མཐའ་འཛིན་མཁན་ཞིག་ཏུ་ངོས་འཛིན་མཁན་(རེ་ཆེར་ཟིན། སི་ནེ་གྷེལ1968:196 )ཡོད་ནའང་། དེའང་ཡོངས་སུ་བདེན་པར་མ་གྲུབ་སྟེ།   ཁོང་རང་སྐུ་ན་གཞོན་པའི་དུས་རྙིང་མའི་གྲུབ་ཆེན་དཔལ་འབྱོར་ལྷུན་གྲུབ(1561-1637)དང་ཟུར་ཆོས་དབྱིངས་རང་གྲོལ་(1604-1657)གཉིས་ལ་མཇལ་མྱོང་བ་དང་།  སྐབས་དེར་ཁོང་ཉིད་ཆུང་དུས་ཀྱི་ཁྱབ་ཆུང་ལ་རྩོད་པ་ཁོ་ནར་འབད་པའི་དགོན་པའི་སློབ་སྦྱོང་གི་འགྲོ་ལུགས་ལའང་སུན་སྣང་སྐྱེས་པའི་རྣམ་པའང་གསལ་བོ་ཡིན།   ཁོང་ཉིད་དཔལ་འབྱོར་ལྷུན་གྲུབ་ལ་ཕྲད་དུས་སྔོན་གྱི་སློབ་གསོའི་ལམ་ལུགས་ལ་སྤྱོད་སྒོ་ཆུང་བའང་ངང་གིས་ཤེས་སོང་བར་བཤད།   མཁས་གྲུབ་འདི་དག་དང་གསུང་གླེང་ཁ་བརྡ་བརྒྱུད་ནས་ཁོང་གི་བློ་སྒོ་ཕྱེ་བར་བཤད་པ་མ་ཟད། རྗེས་སུ་ཁོང་གིས་སྲིད་ཀྱི་བྱ་བའི་ཁུར་བཞེས་པའི་དུས་སུ་གྲུབ་མཐའ་གཞན་ལ་དག་སྣང་སྒོམ་པ་སོགས་དགེ་ལུགས་ཕྱོགས་ལ་ཅུང་དཀོན་པར་སྣང་།   ཆོས་དབྱིངས་རང་གྲོལ་ནས་ཁོང་གིས་ལྗོངས་འདིར་ངེས་པར་མཁོ་བའི་སྔགས་ཀྱི་ཆོ་ག་ཕྱག་ལེན་མང་པོ་སྦྱངས་ཤིང་།  རྗེས་སུ་ཁོང་རྙིང་མའི་གཏེར་སྟོན་གཏེར་བདག་གླིང་བར་(1646-1746)མཇལ་བར་མ་ཟད། དེའི་སློབ་མར་གྱུར།  བློ་བཟང་རྒྱ་མཚོའི་རོགས་སྐྱོར་དང་བཀོད་འདོམས་འོག1677ལོར་སྨིན་གྲོལ་གླིང་བཏབས་པ་ནས་བཟུང་རྙིང་མའི་གྲུབ་མཐའ་བསྐྱར་དར་གྱི་འགོ་ཚུགས་པ་ལྟ་བུར་གྱུར།   ལྷག་པར་1610ལོར་གསར་འདེབས་མཛད་པའི་རྡོ་རྗེ་བྲག་ལ་བརྩི་མཐོང་ཆེན་པོ་ཡོད་པ་བོད་མིར་ཕན་པའི་བྱང་གཏེར་གྱི་ཆོ་ག་ཕྱག་ལེན་དག་བློ་བཟང་རྒྱ་མཚོ་ཉིད་ཀྱིས་བཙུགས་པའི་གྲྭ་ཚང་ལ་ཕྱག་རྒྱུན་སྐྱོང་དུ་བཅུག  ཁོང་གིས་མཛད་པ་འདི་འདྲ་གནངས་བའི་རྒྱུ་མཚན་གཞན་བྱང་གཏེར་གྱི་སློབ་དཔོན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ(1550-1607)ཏེ། བློ་བཟང་རྒྱ་མཚོའི་འཁྲུངས་གཞིས་འཕྱོངས་རྒྱས་ཁྱིམ་མིའི་མག་པར་གྱུར་བ་དེལའང་འབྲེལ་ལམ་སྙམ་མོད་བདེན་དཔང་མི་རྙེད།    ཡིན་ནའང་།   ཁོང་རང་རྙིང་མའི་གྲུབ་མཐའ་འཛིན་པ་རྣམས་ལ་ནམ་ཡང་མཛའ་འབྲེལ་དམ་པའང་མ་ཡིན་ཏེ།  རྙིང་མ་ཁག་ཅིག་ལ་སྐྱོན་བརྗོད་ཀྱང་བྱས་ཡོད་དེ།  དཔེར་ན། རྙིང་མའི་གཏེར་སྟོན་ལྷག་པར་དགེ་ལུགས་ཕྱོགས་ལ་སྡང་བ་སྡེ་བ་སྣང་རྩེའམ་ཞིག་པོ་གླིང་བ(1524-1583)དང་།    དེའི་རྗེས་འབྲངས་པ་རྙིང་མའི་རྩོད་ཡིག་མང་དུ་འབྲི་མཁན་སོག་ཟློག་པ་བློ་གྲོས་རྒྱལ་མཚན(1552-1624 འདི་ནི་གོང་ར་ལོ་ཙཱ་བའི་དགེ་རྒན)དང་།   གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེའི་(1594-1654)གསུམ་མོ།།  ལྷག་པར་བློ་བཟང་རྒྱ་མཚོས་གོང་ར་ལོ་ཙཱ་བ་ཕོ་བྲང་པོ་ཏཱ་ལར་ཕེབས་སྐབས་ཀྱི་ང་རྒྱལ་གྱི་སྣང་ཚུལ་ལ་ཐུགས་ཀྱི་མི་བཟོད་པའི་གནས་ཚུལ་ཡང་བྲིས་འདུག  རྙིང་མའི་མཁས་པ་འདི་གསུམ་གྱི་ཆོས་རྒྱུད་དེ་བོད་ལས་དགེ་ལུགས་གཙོ་བོར་ཆགས་པའི་འབྲས་ལྗོངས་སུ་དར་ཆེ་བ་དང་།   རང་རྣམ་དུ་མཁས་པ་འདི་གསུམ་གྱི་མིང་རྒྱུན་པར་སྣང་སོག་གོང་གསུམ་དུ་འབོད། 
          ༤  བོན་གྱི་གྲུབ་མཐའ།  
          གཙང་བ་རྒྱལ་བོའི་མནའ་འབྲེལ་བེ་རེ་རྒྱལ་བོའི་ཆོས་ལུགས་ནི་བོན་ལ་བྱེད་པ་ཡིན་པས། ཁོང་གི་སྲིད་སྐྱོང་གི་ཐོག་མར་བོན་ལ་འབྲེལ་འདྲིས་བྱེད་པར་ཡིད་གཟབ་གནང་ཡོད་མོད། གང་ལྟར་ཁོང་ཉིད་ཆོས་ལུགས་འདིར་སྦྱོར་བ་འཇམ་པོ་ཡོད་པའང་ཤེས་ཐུབ།  ཁོང་ཉིད་གདོད་མའི་ཡུལ་གྱི་རི་ཆུ་ནགས་གསུམ་དང་འབྲེལ་བའི་ཆོ་ག་དད་མོས་ལ་དགའ་བོ་ཡོད་པའང་ཧ་ཅང་གསལ།  ཁྱད་པར་ལྷ་ཀླུ་གཉན་གསུམ་དང་འབྲེལ་བའི་ཆོ་ག་སོགས་ལའང་དགའ་བོ་ཡོད་འདུག   ཁོང་གིས་བོན་གྱི་ཉམས་ལེན་པ་དག་རྒྱུན་པར་ཟམ་མ་ཆད་པར་ཕོ་བྲང་པོ་ཏ་ལར་རིམ་གྲོ་སྒྲུབ་པར་གདན་དྲངས་ཡོད་པ་སོགས་ཀྱི་མཛད་འཕྲིན་འདི་སྐུ་ཚེའི་སྨད་དུ་ལྷག་པར་གསལ།   འདི་དག་གི་གྲས་སུ་ལྷ་སའི་ནུབ་ཕྱོགས་སྟོད་ལུང་ཞང་སྟོན་ནས་སླེབས་པའི་ཞང་སྟོན་གསར་བ་སྐུ་མདུན་ལྷུན་གྲུབ་ཏུ་འབོད་པའི་བོན་པོ་ཞིག་ཡོད་འདུག   ཁོ་རང་བློ་བཟང་རྒྱ་མཚོ་དང་སྒེར་ཐོག་ནས་འབྲེལ་བ་ཆེ་བས་ལྷ་སར་ཡོད་དུས་ག་དུས་མཇལ་ནའང་བཀག་རྒྱ་མེད་པ་གསལ།  ཡིན་ནའང་བོན་གྱི་ཡིག་ཆ་རྣམས་སུ་མི་འདིའི་སྐོར་མི་གསལ།   ཁོང་ནི་དོན་དངོས་སུ་ཁམས་བེ་རེ་རྒྱལ་བོའི་དབུ་བླ་དང་ཁོང་གི་རིག་མའང་རྒྱལ་བོའི་གཉེན་ཉེ་ཡིན་འདུག།  དེའི་ཕྱིར་གུ་ཤྲི་ཧན་བློ་བཟང་རྒྱ་མཚོའི་མདུན་དུ་ལྷག་སྐབས་ཁོ་རང་སེམས་ཁྲལ་བྱུང་ནའང་བློ་བཟང་རྒྱ་མཚོས་ཁོ་རང་ལ་གནོད་པ་འབྱུང་མི་སྲིད་པའི་ཁག་ཁུར་ཡོད།  1679ལོར་བློ་བཟང་རྒྱ་མཚོས་སངས་རྒྱས་རྒྱ་མཚོ་སྡེ་བ་བསྐོ་བཞག་གི་བཀའ་རྒྱའི་ནང་དུ་བོན་ཆོས་ནི་བོད་ཀྱི་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཆོས་ལུགས་ཀྱི་གྲས་སུ་ངོས་ལེན་དངོས་སུ་བྱས་ཡོད།  བཀའ་ཡིག་དེར་བློ་བཟང་རྒྱ་མཚོའི་སྐུ་དངོས་ཀྱི་ཕྱག་རྒྱ་མནན་ཡོད་པ་ད་ལྟའང་ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཕོ་བྲང་དཀར་པོ་ཞེས་པའི་སུམ་སྐས་གྱང་ངོས་སུ་འཁོད་ཡོད།  (རེ་ཆར་ཟིན། 1988:441)
          ༥  རྟག་བརྟན་སྤྲུལ་སྐུ།  
          སྐབས་དེའི་གཙང་བ་རྒྱལ་བོ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྦྱིན་བདག་མཛད་དེ་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོའམ་ཡོངས་གྲགས་སུ་ཏཱ་ར་ནཱ་ཐར(1575-1634)འབོད་པས་1615ལོར་གསར་དུ་བཏབས།  རིང་བོ་མ་འགོར་པར་ཇོ་ནང་གི་གདན་ས་གཙོ་བོར་གྱུར།  ཆོས་བརྒྱུད་འདི་དང་གཙང་གཞུང་གི་འབྲེལ་བའི་དབང་གིས།  1642ལོའི་རྩོད་རྙོག་གི་རྗེས་ནས་གྲུབ་མཐའ་འདི་ཡུལ་དབུས་ནས་ཉམས་པར་གྱུར།   རྗེས་འཇུག་ཁག་ཅིག་ཛམ་ཐང་ལ་ཕྱིན་ནས་དགོན་པ་མང་དུ་བཏབས།  བློ་བཟང་རྒྱ་མཚོས་གྲུབ་མཐའ་འདི་ལ་སྡང་བོ་བྱེད་པ་སོགས་ཡི་གེ་མང་དུ་མཐོང་མོད།  དེང་གི་ཡིག་ཁུངས་ལས་དེ་འདྲའི་རྟགས་མཚན་མཐོང་དུ་མེད་པ་མ་ཟད།  ཁོང་གིས་ཇོ་ནང་མཁས་གྲུབ་དག་ལ་བརྩི་མཐོང་ཆེན་པོ་ཡོད་པ་སྟེ།  དཔེར་ན་ཇོ་ནང་མཁས་པ་འཇམ་དབྱངས་དབང་རྒྱལ་རྡོ་རྗེ(མཁར་རྨེའུ་བསམ་གཏན། 2005:96-97)ལྟ་བུ།  ཡིན་ནའང་།  བློ་བཟང་རྒྱ་མཚོས་རྟག་བསྟན་སྤྲུལ་སྐུའི་ཆོ་ག་ཕྱག་ལེན་ཁག་ཅིག་ལ་དགག་པ་བཏངས་ཡོད་པ་མ་ཟད། ཁོང་གི་རྩོམ་ལ་དེ་འདྲའི་མོས་པ་མེད་ཚུལ་ཀྱང་བརྗོད་ཡོད།   དེའི་རྒྱུ་མཚན་ཡང་རྟག་བརྟན་སྤྲུལ་སྐུས་རང་ཉིད་འབྲས་སྤུངས་དགོན་པ་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་ཀྱི་སྐྱེ་བ་ཡིན་པར་བཤད་དང་འབྲེལ་བ་ཆེ་བ་ཤེས་ཐུབ།
          1650ལོར་འཇམ་དབྱངས་སྤྲུལ་སྐུར་(1635-1723)འབོད་པ་རཏྣ་པཛྲ་སོག་པོའི་ཁལ་ཁའི་རྒྱལ་སྲས་སྐུ་ན་ཕྲ་མོ་དེ་ལྷ་སར་འབྱོར།   ཁོང་གི་བྱིས་དུས་ཀྱི་མཚན་ལ་ཡེ་ཤེས་རྡོ་རྗེ(རཏྣ་པཛྲ)ཞེས་སམ་སྐྲིཏའི་སྐད་ལས་བྱུང་ཞིང་།  ཁོང་ཉིད་ཏཱ་ར་ནཱ་ཐའི་སྤྲུལ་སྐུར་བཤད་བཞིན་ཡོད།  དེ་འདྲའི་དབང་གི་འབྲས་སྤུངས་དགོན་གྱིས་ཐོག་མར་བསུ་བ་བྱས་མེད་ནའང་།  གང་ལྟར་ཏཱ་ར་ནཱ་ཐ་ཁོ་རང་གིས་རང་ཉིད་འཇམ་དབྱངས་ཆོས་རྗེའི་སྤྲུལ་བ་བཤད་པས་ན།  རྗེས་སུའང་འབྲས་སྤུངས་དགོན་པས་ཀྱང་ཁོང་ཉིད་བསུ་བའི་ཆོ་ག་བཤམས།  ཁོང་གིས་བློ་བཟང་རྒྱ་མཚོའི་མདུན་ནས་སློབ་གཉེར་གནངས།    འཇམ་དབྱངས་སྤྲུལ་སྐུ་རྟག་བརྟན་དམ་ཆོས་གླིང་སྟེ།  1650ལོར་དགེ་ལྡན་ཕུན་ཚོགས་གླིང་དུ་བསྒྱུར་བའི་དགོན་པར་ཆིབས་བསྒྱུར་ཡོད་མེད་ཤེས་ཐབས་བྲལ།  ང་ཚོས་ནམ་རྒྱུན་འཇམ་དབྱངས་སྤྲུལ་སྐུ་ཏཱ་ར་ནཱ་ཐའི་སྐྱེ་བར་ངོས་འཛིན་གནང་མཁན་བློ་བཟང་རྒྱ་མཚོ་ཡིན་པར་བཤད་མོད།  ཁོང་གི་རང་རྣམ་དུ་འདིའི་སྐོར་མེད་པས་དེ་འདྲ་མིན་པ་ཤེས། འཇམ་དབྱངས་སྤྲུལ་སྐུ་དང་བློ་བཟང་རྒྱ་མཚོ་གཉིས་ཀྱི་བླ་སློབ་འབྲེལ་བ་དེ་རྒྱུན་རིང་བོར་གནས་པར་གྱུར་ལ།  འཇམ་དབྱངས་སྤྲུལ་སྐུ་ཕྱིར་སོག་ཡུལ་དུ་ཕྱིན་ནས་རྗེས་སུ་ཁལ་ཁའི་རྗེ་བཙུན་དམ་པ་ཧོ་ཐོག་ཐུག་སྐུ་ཕྲེང་དང་པོར་ཆགས་ཤིང་།  ཁོང་ཉིད་སོག་ཡུལ་ཁལ་ཁའི་ཚོ་བར་ཤུགས་རྐྱེན་ཆེ་ཤོས་ཀྱི་སྤྲུལ་སྐུ་ཞིག་ཏུ་རིམ་གྱིས་གྱུར་ཡོད།    
           ༦  རང་རྣམ་གྱི་རྩོམ་གཤིས་དང་ཐ་སྙད་ཀྱི་ཁྱད་ཆོས་བཤད་པ།    
          བློ་བཟང་རྒྱ་མཚོ་ཁོང་གི་རྩོམ་གཤིས་ནི་དགེ་ལུགས་བླ་མ་དག་དང་ཁྱད་པར་ཁོང་གི་སྐུ་ཕྲེང་གོང་མ་རྣམས་དང་མི་འདྲ་བ་ཞིག་ཏུ་གྲུབ་པ་གསལ་ཏེ།  ཁོང་ཉིད་ཐོག་མ་ཉིད་ནས་བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་།  གང་ཟག་སུ་ཞིག་གི་ཡོན་ཏན་གྱི་ཆ་ལེན་པར་བྱེད་པའི་མི་གཤིས་ཅན་ཞིག་ཏུ་འཁུམས།   ཁོང་གིས་རང་ལས་དམན་པའམ་སྤྱི་ཚོགས་སུ་ཐོབ་ཐང་མེད་པའི་མི་དག་ལས་སློབ་སྦྱོང་བྱེད་དུས་སྐབས་དེར་ཕྱོགས་སུ་ལྷུང་བའི་གྲྭ་བ་ཚོས་ཁོང་ལ་སྐྱོན་བརྗོད་པར་བྱེད་པ་སྟེ།  དཔེར་ན་ཁོང་གིས་སྐར་རྩིས་སོགས་མི་སྐྱ་མཁས་པའི་མདུན་ནས་སྦྱོང་སྐབས་ལྟ་བུ་དང་། གཞན་གྲུབ་མཐའ་གཞན་ལ་མཛའ་འབྲེལ་སྟོན་པའི་སྐབས་དེ་མཚུངས་ཀྱི་སྐྱོན་བརྗོད་མཁན་བྱུང་།   ཕྱོགས་གཞན་ཞིག་ནས་བལྟས་ན་འདི་དག་ནི་ཁོང་གི་རྩོམ་གཤིས་སྐབས་དེའི་རྩོམ་པ་པོ་རྣམས་ལྟར་དོན་བསྐྱར་བ་དང་ཚིག་སྐམ་ཅན་དུ་མ་འགྱུར་བའི་རྒྱུ་རྐྱེན་དུ་བཤད་ཆོག  རང་རྣམ་དུ་ཁོང་གིས་རྩོམ་རིག་བརྡ་ཆད་མང་དུ་མ་བཀོལ་བར་ཡུལ་དང་ལུང་བའི་སྐད་ཀྱི་སྟེང་ནས་སྐབས་དེའི་གནས་ཚུལ་ཇི་བཞིན་བརྡ་གསལ་བོ་འཕྲོད་པར་འབད་པར་བརྩོན་ཡོད་པ་ཧ་ཅང་གིས་གསལ།    
          རང་རྣམ་དུ་ཁོང་གིས་སྤྱད་པའི་ཐ་སྙད་དག་ནི་ནང་དོན་གོ་དཀའ་བའི་བརྡའི་བང་མཛོད་ཅིག་ཏུ་མཐོང་ལ།  དེ་དག་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་རང་བྱུང་ཡེ་ཤེས་ཏེ་བོད་དབྱིན་ཚིག་མཛོད་དྲ་བཤེར་མ་ལག་སོགས་སུ་རྙེད་མི་སྲིད།    བརྡ་ཆད་མང་ཤོས་ནི་ཡུལ་སྐད་ཁོ་ནར་ཟད་པས་དོན་མི་གསལ་བ་ལ།  དེ་དག་དབྱིན་ཇིའི་སྐད་དུ་ཕབ་པར་ཐ་སྙད་མང་པོ་དོན་དང་ཉེ་བ་ཙམ་ལ་འབད་པ་ལས་ཇི་བཞིན་བསྒྱུར་བར་རྔོ་ཐོགས་དཀའ་བར་འདུག  རང་རྣམ་འདི་བསྒྱུར་སྐབས་ཀྱི་དཀའ་ལས་གཞན་ཞིག་ནི་དཔེ་ཆོས་ཀྱི་སྐོར་ཏེ།  བློ་བཟང་རྒྱ་མཚོས་རྩོམ་ཡིག་འབྲི་སྐབས་དཔེ་ཆོས་མང་དུ་བཀོལ་བར་བྱེད།   སྐབས་ཐོབ་ངེས་གཏན་གྱི་དོན་རྣམས་ད་ལྟ་གྱ་ཚོམ་ཅན་དང་སྐབས་དེའི་གཏམ་དཔེ་སོགས་ནི་དུས་ཡུན་རིང་བོར་བེད་སྤྱོད་མེད་པས་ན།  ཁོང་གིས་རང་རྣམ་དུ་བེད་སྤྱོད་མཛད་པའི་ཚིག་རྣམས་རང་རྣམ་འདི་ཁོ་ནར་མ་གཏོགས་གཞན་དུ་བཀོལ་སྲོལ་ཆད་པ་སོགས་མང་ངོ།  
          དེ་ལས་ཀྱང་སྤྲོ་སྣང་ཡོད་པའི་གནས་ཚུལ་ཞིག་ནི་ཁོ་རང་ས་ཐག་རིང་པོར་ཆིབས་བསྒྱུར་གནང་སྐབས་ཀྱི་འབུལ་སྐྱེས་ཀྱི་ཐོ་ཡིག་ཏེ།  ལྷག་པར་དུ་ཁོང་རང་མན་ཇི་གོང་མ་ཧྲོན་ཀྲིས་(1644-1661)གདན་དྲངས་ཏེ་པེ་ཅིང་ལ་ཆིབས་བསྒྱུར་གནང་བའི་སྐབས་ཀྱི་སྐྱེས་ཀྱི་གནས་ཚུལ་རེད།  ཁོང་ཚོར་ལམ་ནས་ཐོབ་པའི་སྐྱེས་ལ་ཨ་མདོའི་བོད་དང་། སོག་པོ།  མན་ཇི། རྒྱ།  ཧོར་སོགས་ཀྱི་ཕུལ་བའི་གསེར་དང་། དངུལ་དང་།  ཇ་དང་། དར་དང་རྟ་བརྒྱ་ཕྲག་མང་པོ་ཡོད།  
          བློ་བཟང་རྒྱ་མཚོས་ཁོང་གི་རང་རྣམ་རྩོམ་སྐབས་ཁོང་ཉིད་རྣམ་ཐར་རྩོམ་པའི་ལས་ལ་ཐོག་མར་འཇུག་པ་མ་ཡིན་ཏེ།  དུས་སྐབས་དེར་ཁོང་གི་ཁྱོན་རྣམ་ཐར་བཅུ་གཉིས་ལྷག་མཛད་ཡོད་པ་དང་།  དེ་ལས་མང་ཆེ་ཤོས་ནི་ཁོང་གིས་བླ་མ་དག་གི་རྣམ་ཐར་དང་།  གཞན་ཁོང་གི་སྐུ་ཕྲེང་སྔོན་མ་གཉིས་ཏེ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི(1543-1588)རྣམ་ཐར་1654ལོར་མཛད་ཅིང་།   གཞན་བཞི་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ཀྱང་མཛད་ཡོད།  འདི་རྩོམ་དུས་ཀྱི་ལོ་ཚིགས་དེ་འདྲ་གསལ་བོ་ཤེས་དཀའ་ནའང་ཕལ་ཆེར་སྤྱི་ལོ་1652ཡས་མས་སུ་ཁོང་ཉིད་རྒྱ་ནང་དུ་ཆིབས་སྐྱོད་སྐབས་ཨ་མདོ་ཙོང་ཁའི་མགར་ཐང་མར་ཁུའི་མཚོ་མོ་ནས་གྲུབ་པར་གསུང་འདུག   གཞན་ཁོང་གིས་1654ལོར་ཁོང་གི་བླ་མ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསང་རྣམ་མཛད་ཡོད་ལ།  1644ལོར་ཁོང་གི་མཚན་ཉིད་ཀྱི་དགེ་རྒན་གླིང་སྨད་དཀོན་མཆོག་ཆོས་འཕེལ(1573-1646)་གྱི་རྣམ་ཐར་དང་གཞན་ལྟ་གྲུབ་ཀྱི་གཞུང་འགའ་ཡང་མཛད་འདུག   ཁོང་གིས་མཛད་པའི་དུས་རབས་བཅུ་བདུན་པའི་སྐབས་ཀྱི་བླ་མ་དག་གི་རྣམ་ཐར་ནི་ཆོས་ལུགས་ལོ་རྒྱུས་ཀྱི་ཡིག་ཆ་རིན་ཐང་བྲལ་བ་དག་ཏུ་བརྩི་དགོས་པ་བསྙོན་དུ་མེད།  
          རྩོམ་པ་ནི་བློ་བཟང་རྒྱ་མཚོ་ནམ་རྒྱུན་མོས་པའི་མཛད་པ་གཙོ་བོ་ཞིག་སྟེ།  ཁོང་ཉིད་གང་དུ་ཆིབས་སྐྱོད་གནང་ནའང་ལམ་སྐབས་གང་ནས་སྒར་བཏབ་མལ་གསོ་མཛད་སྐབས་ཁོང་གི་གུར་དུ་ཐོག་མར་ཡི་གེ་འབྲི་སའི་སྒྲོམ་ཅོག་ཞིག་གྲ་སྒྲིག་གནང་འདུག  
          ༧  རྣམ་ཐར་དང་རང་རྣམ།  
          བློ་བཟང་རྒྱ་མཚོ་ཁོང་གིས་རང་གི་མི་ཚེའི་བྱུང་བ་བརྗོད་པའི་ལོ་རྒྱུས་འདིའི་མཚན་ལ་རྟོགས་པ་བརྗོད་པ་ཞེས་འདོགས་པར་མཛད་ལ།   དུས་རབས་བཅུ་དགུ་བའི་དུས་འགོར་བོད་ཀྱི་རྒྱ་གར་སྐད་ལ་མཁས་པའི་ལོ་ཙཱ་བ་རྣམས་ཀྱི་སམ་སྐྲིཏའི་སྐད་ཀྱི་ཨ་བ་དཱ་ན་ཞེས་པའི་སྐད་དོད་འདི་རྟོགས་བརྗོད་དུ་ཐོག་མར་བསྒྱུར།  ཐ་སྙད་འདི་ནི་དུས་རབས་དགུ་བའི་སྐབས་སམ་བོད་སྐད་གཉིས་ཤན་སྦྱར་ཚིག་མཛོད་དུ་བཤད་པའི་བྱེ་བྲག་རྟོག་བྱེད་དུ་འབྱུང་བར་བཤད་ལ།   བོད་སྐད་ཀྱི་རྟོགས་བརྗོད་ནི་རྟོགས་པར་བརྗོད་པའི་བསྡུས་ཚིག་ཡིན།  དོན་དུ་ཇི་ལྟར་རྟོགས་པའི་ཚུལ་བརྗོད་པའི་དོན་ཡིན། དེ་འདྲའི་རྩོམ་རིག་བརྩམས་ཆོས་མང་ལ། དེའི་དོན་གྱི་འཇོག་སྟངས་སོགས་ལ་མི་མཐུན་པ་མང་པོ་ཡོད།  བློ་བཟང་རྒྱ་མཚོ་ཁོ་རང་གི་མི་ཚེ་ཕྱི་དྲན་གྱིས་བརྗོད་པའི་རྩོམ་ཡིག་འདིར་རྣམ་ཐར་ཞེས་པའི་ཐ་སྙད་འདོགས་པར་མ་སྤྲོ་བ་ནི། རྣམ་ཐར་ཞེས་པའི་ཐ་སྙད་འདི་རྒྱུན་པར་ཆོས་ཀྱི་མཛད་པ་སྐྱོང་བའི་སྐྱེས་བུ་དམ་པའི་ལོ་རྒྱུས་ལ་གོ་བ་དང་། ཁོང་ཉིད་དེ་འདྲ་ཡིན་པ་གཏན་དུ་ཁས་མི་ལེན་པའོ།།   རང་རྣམ་ཞེས་པ་ནི་རང་གི་རྣམ་ཐར་གྱི་ཚིག་བསྡུ་ཡིན་ལ།  དེ་ནི་དེང་གི་དུས་སུ་དབྱིན་ཇིའི་སྐད་དུ་ཨ་ཐོ་བྷ་ཡ་གྷི་ར་ཧྥིསautobiographyཞེས་པ་འདི་བེད་སྤྱོད་གཏོང་བཞིན་ཡོད།    
          བློ་བཟང་རྒྱ་མཚོའི་མི་ཚེའི་བྱུང་བ་བརྗོད་པའི་ཡི་གེ་འདི་ནི་རྣམ་ཐར་ལས་ཉིན་རེའི་ཐོ་ཡིག་ཟིན་བྲིས་ལྟ་བུར་ཆགས་འདུག་སྟེ།  རྒྱུ་མཚན་ཁོང་གི་ཉིན་དང་ཟླ་བ་ལོ་ལྟར་གྱི་བྱ་བ་རྣམས་བསྟར་ཆགས་སུ་བྲིས་ཡོད་པས་ཡིན།    འདི་ལྟར་བྲིས་པས་རང་རྣམ་མ་ཡིན་པར་མི་འགྲོ་མོད།  རང་རྣམ་རྐྱང་བར་འགྲོ་བའི་ངེས་པའང་མེད་པ་འདྲ།  ཁོང་གི་བརྗོད་སྟངས་དེ་དོན་གྱི་བྱུང་བ་བརྗོད་པར་འགྱུར་བའི་སྐབས་ལན་རེར་མ་གཏོགས་མེད་པས།  དེ་ནི་ཉིན་ཐོ་དང་རྣམ་ཐར་གཉིས་ཀའི་ཆ་འདྲེས་མར་བརྩི་ཆོག    རྩོམ་ལུས་དེ་གཉིས་ཀྱི་ཕན་ཚུན་འགྱུར་བ་ནི་ངེས་གཏན་མེད་ལྟར་རེད།    
          བློ་བཟང་རྒྱ་མཚོས་ཁོང་གི་མི་ཚེ་ནི་རོལ་རྩེད་ལྟ་བུར་གསུངས་ལ། མི་ཚེ་ནི་སྒྱུ་མ་ལྟ་བུར་གོ་བར་བྱེད།  སངས་རྒྱས་ཆོས་ལུགས་ལྟར་ན་དེ་ནི་སྣང་བ་ཙམ་དང་འཁྲུལ་བའི་ངོ་བོར་གྲུབ་པར་བཤད།  ཡིན་ནའང་།   འདི་ལས་ཁོ་ལ་ལོ་རྒྱུས་ཀྱི་འདུ་ཤེས་མེད་པ་མ་ཡིན་ཏེ།  ཁོང་གིས་ལོ་ཚིགས་མ་འཛོལ་བར་དོན་གྱི་ཕྲེང་བ་ལུ་གུ་བསྟར་ལ་བརྒྱུས་པའི་རྩོམ་སྟངས་འདི་ལས་ལོ་རྒྱུས་ཀྱི་དྲི་བར་ལན་ལྡོན་པའི་འདུ་ཤེས་མཚོན་ནོ།།  
          ༨ སྐུ་བརྙན།    
          བློ་བཟང་རྒྱ་མཚོའི་སྐུ་བརྙན་ཐང་ག་སོགས་གང་སར་ཁྱབ་ཡོད་ནའང་།  དེ་དག་ལས་ང་ཚོས་བློ་བཟང་རྒྱ་མཚོའི་སྐུའི་སྣང་བརྙན་གང་འདྲ་ཞིག་ཡིན་པ་རྟོགས་ཐབས་བྲལ།   ཐང་ག་ཁ་ཤས་སུ་ཁོང་ཉིད་གཟབ་ནན་དང་སྐྱོ་ཤས་ཀྱིས་བཞུགས་ཤིང་དབུ་སྐྲ་བཞར་བའི་གྲྭ་བ་དཀྱུས་མའི་ཚུལ་འཛིན་པར་བཞེངས་ཡོད་ལ།  ཁོང་གི་རང་རྣམ་གླེགས་བམ་དང་པོར་1660ལོར་ཁོང་གི་ཟངས་སྐུ་ལྔ་བཞེངས་ནས་གཞན་ལ་ལེགས་སྐྱེས་སུ་ཕུལ་བར་བྲིས་འདུག་ལ།  1664ཁོང་ཉིད་ཀྱིས་གསེར་སྐུ་ཞིག་བཞེངས་ནས་བསམ་ཡས་མཆིམས་ཕུར་བཞུགས་སུ་གསོལ་བའི་སྐོར་བྲིས་ཡོད།   རང་རྣམ་གླེགས་བམ་གསུམ་པར་ཁོང་གི་སྐུ་བརྙན་སྐོར་བདེན་དཔང་གི་སྐད་ཆ་ཁ་ཅིག་བརྗོད་ཡོད།  
          བློ་བཟང་རྒྱ་མཚོའི་ཐང་ག་དང་སྐུ་གཟུགས་ཁ་ཅིག་ཏུ་སྨ་ར་ཡོད་པ་ཞིག་བཞེངས་འདུག་མོད།  བདག་གིས་དེའི་སྐོར་གྱི་ཡི་གེ་མཐོང་མ་སོང་།    ཁོང་གི་སྐུ་བརྙན་མི་གཅིག་པ་ཞིག་ནི་བོན་དང་རྙིང་མའི་ཆོས་ལུགས་ཆོ་ག་བསྒྲུབ་བྱེད་ཀྱི་ཁ་ཊམ་ཀ་རྩེ་གསུམ་མ་ཞིག་ཁོང་གི་སྐེད་དང་ལྟོ་བ་ཡན་ལ་ཕྱག་གི་འཆང་བ་སྟེ།  དེ་ནི་ཁོང་གི་དགེ་ལུགས་ཕྱོགས་ཀྱི་ཞེན་སྟོབས་ཅན་ཚོར་མི་བདེ་བའི་ཚོར་བ་སྟེར་བའི་ཕྱིར་དུ་ཡིན་འདུག   རང་རྣམ་དུ་མངོན་པའི་ཁོང་གི་གཤིས་ཀ་ནི་ལས་ཚེགས་ལ་མི་འཛེམས་པའི་བརྟུན་པ་ཅན།  ཁྲིམས་ནན་མོར་སྲུང་ལ་སྤྲོ་བས་བརྟས་པ།   གཤིས་ཀ་འཇམ་ལ་དང་སྔོན་ལ་དཔོག་པའི་ཤེས་རབ་ཡོད་པའི་ཆབ་སྲིད་པ་ཞིག  གཞན་གྱི་སྐད་ཆར་ཉན་ལ་གྲོས་སུ་འདེབས་པར་བྱེད་མཁན་དང་ཐ་ན་རང་གི་མི་མཐུན་ཕྱོགས་ཀྱི་སྐད་ཆ་ལའང་ཞིབ་ཏུ་ཉན་མཁན། ཁོང་གི་སྲིད་དབང་ལ་མི་མཐུན་པར་བཤད་མཁན་དག་ལའང་བརྩི་བཀུར་བྱེད་པ།  ཁོང་གི་མདུན་དུ་སླེབས་པའི་མི་སུ་ལའང་དོ་སྣང་གཟིགས་སྐྱོང་གནང་མཁན་ཞིག་ཏུ་ཡོད་པ་ཤེས་ནུས།   ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོ་ནི་སྤྱི་ལོ1691-1693བར་སྡེ་སྲིད་སངས་རྒྱས་རྒྱ་མཚོས(1653-1705) ཆེད་དུ་བློ་བཟང་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་བཞུགས་སར་བཞེངས་ཤིང་།  ཐོག་དགུ་བར་སྲི་ཞི་ཕུན་ཚོགས་ཞེས་པའི་ཚོམས་ཁང་ཆེན་མོ་ཞིག་ཡོད་པ་དེའི་བྱང་དང་། ཤར་དང་། ལྷོའི་ཕྱོགས་ཀྱི་གྱན་ཐང་ནི་བློ་བཟང་རྒྱ་མཚོའི་མཛད་རྣམ་དག་ཡིན།  གྱན་ཐང་དེ་ནུབ་བྱང་ཕྱོགས་ཀྱི་གྲུ་ག་ནས་འགོ་བརྩམས་ཏེ་ལྷོ་ནུབ་ཕྱོགས་ཀྱི་གྲུ་ཁ་སྟེ་ལྷོ་ཕྱོགས་གྱང་ནས་མཇུག་རྫོགས་པར་བྱས་ཡོད།  (མཁར་རྨེའུ། 2005)པོ་ཏ་ལར་བློ་བཟང་རྒྱ་མཚོའི་སྐུ་ཚེ་མཚོན་པའི་སྐུ་ཐང་གཞན་ཡང་བཞུགས་འདུག  
          ༩  ལོ་ཙཱ་བཤད་པ།  
          ཁོ་བོར་ཐོག་མ་ཉིད་ནས་རང་རྣམ་འདི་བསྒྱུར་བའི་ཀུན་སློང་ཡོད་པས་མིན་མོད་ལས་འཁྱུར་གྱི་ངལ་གསོའི་སྤྲོ་གསེང་གི་དགའ་ཕྱོགས་ཤིག་ཏུ་དུམ་བུ་དུམ་བུ་བསྒྱུར་བ་ཡིན།  བདག་རང་རང་རྣམ་འདི་ལ་སྤྲོ་བ་བླ་ལྷག་ཏུ་ཡོད་དོན་ནི་ཁོང་གི་ལོ་ཚིགས་གསལ་བོར་བཀོད་དེ་དོན་གྱི་གོ་རིམ་བསྒྲིགས་པས་ཀྱང་ཡིན།  ཁོང་གི་རྩོམ་གཤིས་ཁོ་བོས་ཐོག་མར་འདོད་པ་ལྟར་གྱི་གྱོང་ལ་དཀའ་བ་ཞིག་ཀྱང་མིན་འདུག  བློ་བཟང་རྒྱ་མཚོས་རྙོག་དྲ་ཆེ་བའི་དོན་རྣམས་ཚིག་ཉུང་བའི་སྒོ་ནས་མཚོན་ཡོད་པས།  ཀློག་མཁན་གྱི་མི་སྣའི་དབྱེ་བ་དང་སུའི་ངག་ནས་བྱུང་བའི་ཚིག་ཡིན་མིན་ཁྱད་པར་འབྱེད་བདེ་བོར་ཆགས་མེད་པ་མ་ཟད། དོན་མང་པོ་ཞིག་སླ་བར་བསྡུས་སྟབས་ཀློག་མཁན་དག་གི་་ཤེས་འདོད་ཀྱི་སྐོམ་པ་སེལ་ཐབས་བྲལ།  གཏམ་རྒྱུད་དག་གི་འགྱུར་ལྡོག་ཆེ་ཤོས་རྣམས་སྐབས་དེའི་རྩོམ་པ་པོར་མཚོན་ན་ཧ་ཅང་གསལ་བོ་ཡིན་པས་རེ་ཞིག་སྐུངས་ནའང་དུས་ཡུན་རིང་པོ་འགོར་རྗེས་ཀྱི་དེང་གི་དུས་སུ་དེ་འདྲའི་ལས་སླ་བོར་རྟོགས་ཐུབ་པ་ཞིག་ཏུ་གྱུར་མེད།   འདི་ནི་རང་རྣམ་འདིའི་ཞན་པའི་ཆ་གཙོ་བོའང་ཡིན་པར་འདོད།  ཁོ་བོའི་འགྱུར་ཡིག་ཏུ་བྲི་བ་བོ་གང་ཟག་གི་མིང་དེ་བེད་སྤྱོད་བཏངས་ནའང་བོད་ཡིག་གི་རང་རྣམ་དུ་བདག་སོགས་བྱེད་པ་པོའི་ཚིག་བཀོལ་བ་ཉུང་ལ།  མཚམས་རེར་བསྒྱུར་མཁན་གྱི་མཆན་དུ་གསལ་བར་གཏོང་ཆོག་མོད།  ཚིག་རེ་རེའི་བྱེད་པ་པོ་ཞིབ་ཏུ་བརྗོད་དགོས་ན་ཤིན་ཏུ་མང་བར་སྐྲག་ནས་མཆན་བུ་མ་བཏབས་སོ།།  
          ༡༠  ཡིག་བསྒྱུར་དང་ཕབ་བསྒྱུར།  
          རང་རྣམ་དུ་འབྱུང་བའི་གང་ཟག་དང་ས་མིང་ཧ་ཅང་མང་བས། དེ་དག་རེ་རེ་བཞིན་སྒྲ་ཇི་བཞིན་དུ་བསྒྱུར་ན་སྔ་ཕྱི་མི་འགལ་ལ་ལས་སླ་བོའང་ཡིན་མོད། གནད་དོན་ནི་མི་མིང་ཧ་ཅང་མང་དྲག་པ་སྟེ།  ཤོག་ངོས་གཅིག་ལའང་མི་མིང་དུ་མ་འབྱུང་བས་ན་བོད་ཀྱི་རིག་ཚན་འདི་དག་ལ་ཆ་རྒྱུས་མེད་མཁན་ཚོར་མཚོན་ན་འདོན་འཛིན་གང་གི་ཐད་དུ་རྙོག་དྲ་ཆེ་བར་འདུག   གཞན་དཀའ་རྙོག་ཞིག་ནི་ཡི་གེའི་ཚེག་ཁྱིམ་མང་པོའི་ནང་དུ་དབྱིན་ཡིག་གསལ་བྱེད་ཆེ་འབྲི་བྱེད་པ་འདི་ཡིན་ཏེ།  དཔེར་ན།  དཀོན་མཆོག་ལ།  dKon mchog ལྟ་བུའོ།།  བདག་གིས་མིང་དེ་དག་ལས་ཅུང་འཚམ་པ་དག་ཕབ་བསྒྱུར་བྱས་ཡོད།  རྗེས་འཇུག་གི་སྐབས་སུའང་དབྱིན་ཡིག་གསལ་བྱེད kབེད་སྤྱོད་མ་བྱས་པར་gབེད་སྤྱོད་བཏངས་ཡོད་ལ།  དཔེར་ན།  Konchog   ལྟར་འབྲི་བ་ལསKonchokལྟར་བྲིས་མེད་པ་དང་།   bབེད་སྤྱོད་པ་ལས་གསལ་བྱེད་ pབེད་སྤྱོད་བཏངས་མེད་དེ།  དཔེར་ན།     Lhundrub  ལྟར་འབྲི་བ་ལས Lhundrupལྟར་བྲིས་མེད། གཞན་ཡང་།    རྒྱུ་མཚན་གཞན་ནི g  དང་ bགཉིས་བེ་ལེWylieཕབ་བསྒྱུར་སྐབས་སུའང་ཉེ་བོ་ཡོད་པས་ཡིན།    གནད་དོན་གཞན་ཞིག་ནི་བློ་བཟང་རྒྱ་མཚོས་རང་རྣམ་དུ་མི་གཅིག་ལ་མིང་དུ་མས་འབོད་པར་བྱེད་པ་དེ་ཡིན།   མཚམས་རེར་འདི་འདྲའི་གནས་ཚུལ་ཤོག་ངོས་གཅིག་ཏུ་འདུག་པས་ན།  དེ་ནི་ཀློག་མཁན་ལ་མཚོན་ན་མགོ་རྨོངས་པར་བྱེད་པ་ཡིན།   འདི་འདྲའི་གནས་ཚུལ་མི་རིགས་གཞན་པའི་མིང་སྟེ་སོག་པོའི་མིང་དང་རྒྱ་མིང་ལ་ལྷག་ཏུ་མང་།     དེ་ལས་ཀྱང་དགོན་པའི་ལས་གནས་གོ་ཐོབ་ཀྱི་མིང་ངམ་གཞན་དག་ལའང་ངེས་པ་གཏན་ནས་མེད་པས་ཁོ་ཚོའི་མིང་གི་ཐོག་མ་ནས་འཛིན་དགོས་སམ་ཡང་ན་མིང་གི་ཆ་ཤས་གཞན་གང་གིས་འཛིན་དགོས་པ་ཤེས་དཀའ་ལ།  དེ་ལས་ཀྱང་སྐུ་དྲག་ལ་སྤྱོད་པའི་བདག་སྒྲ་ནས་དང་ཕའམ་བ་སོགས་ལའང་ངེས་བ་ཅི་ཡང་མེད་པས་ཅུང་ཟད་དཀའ་རྙོག་ཆེ།   མཇུག་གི་བཤེར་མིང་གློ་འདོགས་སུ་སྒྲ་བསྒྱུར་བྱས་པའི་མིང་རེའུ་མིག་དག་ཆ་ལྟར་བེ་ལེ་ལུགས་སུ་ཕབ་བསྒྱུར་བྱས་ཡོད་ལ།  ཁོ་བོའི་འགྱུར་རྩོམ་འདིའི་དམིགས་བྱ་གཙོ་བོ་རྣམ་ཐར་དང་ལོ་རྒྱུས་ཡིག་ཆར་སྙེགས་པ་ལས་བོད་སྐད་ཡིག་ལ་ཆ་རྒྱུས་མེད་པའི་ཀློག་མཁན་ལ་བཀླག་བྱ་ངོ་སྤྲོད་ཀྱི་དེབ་ཁོ་ན་མ་ཡིན་ནོ།།  
          བོད་ཀྱི་མཁས་པ་གཞན་དག་དང་མཚུངས་པར་བློ་བཟང་རྒྱ་མཚོས་དྲངས་པའི་གཞུང་གི་མཚན་བྱང་སོགས་གཞུང་དངོས་ཀྱི་མཚན་བྱང་དང་ཅུང་ཟད་མི་འདྲ་བ་འབྱུང་བ་འདིས་ཀྱང་ཀློག་མཁན་ལ་མཚོན་ན་ཅུང་ཁག་པས།  ཁོ་བོས་གཞུང་མཚན་བྱང་དག་ཇི་བཞིན་ཕབ་བསྒྱུར་བྱས་ཡོད།  གཞུང་གི་མཚན་བྱང་དག་སར་སམསྐྲིཏའི་སྐད་ལ་ཕབ་པར་བདག་ལ་དཀའ་ལས་མེད་དེ་རྒྱུ་མཚན་གཞུང་མང་དག་ནི་སྔོན་མ་སམསྐྲིཏའི་སྐད་ནས་བྱུང་བ་དང་།  གཞུང་ཁ་ཤས་ཀྱི་མཚན་བྱང་ནི་བདག་གིས་སམ་སྐྲིཏའི་སྐད་ལྟར་དུ་བྲིས་པ་སྟེ་རྒྱུ་མཚན་དེ་དག་ནི་མ་རྩ་ནས་སམ་སྐྲིཏའི་སྐད་དུ་བཞུགས་པས་ཡིན།  སམ་སྐྲིཏའི་སྐད་ཀྱི་གཞུང་གི་མཚན་དག་ལའང་དབྱངས་རིང་ཆ་སོགས་ཀྱི་རྟགས་སྦྱར་མ་ཐུབ་པ་བདག་གི་གློག་ཀླད་ཀྱི་སྐྱོན་ཡིན།  
          བློ་བཟང་རྒྱ་མཚོས་རབ་བྱུང་དང་།  བཙུན་མ། སྐྱ་བོ་དག་ལ་སྡོམ་ལུང་སྦྱིན་སྐབས་སུ་ནང་ཆོས་ཀྱི་ཐ་སྙད་དག་བེད་སྤྱོད་བྱེད་པ་མང་སྟེ།  དཔེར་ན།  བརྡ་ཆད་བསྙེན་རྫོགས་ལྟ་བུ་ཡང་དང་ཡང་དུ་འབྱུང་།   འདི་འདྲའི་ཐ་སྙད་འབྱུང་བའི་སྐབས་བདག་གིས་སོར་བཞག་གི་ཐབས་སྤྱོད་པ་ལས་ལོ་ཙཱ་བྱས་མེད།  དེབ་ཀྱི་མཇུག་གི་གློ་འདོགས་ཟུར་གཏོགས་སུ་བརྡ་ཆད་ཀྱི་དག་ཆ་ཇི་བཞིན་ཕབ་ཡོད་པ་མ་ཟད།  དེ་ལ་འགྲེལ་ཡང་བརྒྱབ་ཡོད།  དེ་དང་མཐུན་པར་བོད་ཀྱི་ཚད་འཇལ་བྱེད་ཀྱི་རྩིས་གཞིའི་ཐ་སྙད་སྲང་སོགས་ཀྱང་ཇི་བཞིན་ཕབ་བསྒྱུར་བྱས་ཡོད་པ་མ་ཟད། འགྲེལ་བཤད་ཀྱང་མཇུག་ཏུ་བཀོད་ཡོད།  
          བློ་བཟང་རྒྱ་མཚོའི་རང་རྣམ་རྒྱུན་པར་གྲྭ་ཚང་དུ་འབོད་པ་རྣམས་ནི།  རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་དང་ལེགས་བཤད་ཆོས་འཁོར་གླིང་ལ་གོ་དགོས་ཏེ།  འདི་གཉིས་ནི་སྐུ་སྒེར་ལ་གཏོགས་པའི་གྲྭ་ཚང་ཆུང་ཆུང་གཉིས་ཏེ་ཐོག་མར་འབྲས་སྤུངས་སུ་ཡོད་ནའང་རྗེས་ནས་པོ་ཏ་ལར་སྤོས་ཤིང་།  དེ་དག་གི་ལས་འགན་གཙོ་བོ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཞབས་བརྟན་བསྒྲུབ་རྒྱུ་དེ་ཡིན།   བློ་བཟང་རྒྱ་མཚོས་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་ལ་ནམ་རྒྱུན་གྲྭ་ཚང་གཅིག་པོའི་མིང་གིས་འབོད་པས་ན་བདག་གིས་ཀྱང་འགྱུར་ཡིག་ཏུ་གྲྭ་ཚང་སྟེ།  དབྱིན་ཡིག་ཏུ་collegeཞེས་བསྒྱུར་མོད།  རྣམ་ཐར་དུ་ཁོང་གིས་མཚམས་རེར་གྲྭ་ཚང་གི་མཚན་ཧྲིལ་བོར་བརྗོད་པར་བྱེད་དོ།།    

          ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་མིང་འཛིན་ཨ་རྡོར་དུ་འབོད་པས་༢༠༡༧ལོའི་ཟླ༩ཚེས༢ཉིན་བདག་གི་མཆེད་གྲོགས་དམ་པ་ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་འཇམ་དབྱངས་སྐྱབས་སམ་ཉོའུ་ཧོན(牛宏)ལགས་ཀྱིས་མཁས་པ་མཁར་རྨེའུ་དབྱིན་འགྱུར་མའི་ལྔ་བ་ཆེན་མོའི་རང་རྣམ་ཅིག་ཨ་རི་ནས་བླུས་ཏེ་ཡུམ་སྐྱབས་ལགས་ལ་ཕུལ་བའི་ཞོར་དུ་ཁོ་པ་དང་བཅས་པའི་གྲོགས་འགའ་ལའང་པར་ལོག་བརྒྱབ་པའི་དེབ་རེ་གནངས་པ་ལ་རྐྱེན་བྱས།  རང་གིས་ཀྱང་སློབ་སྐབས་སྔོན་མར་༢༠༡༦ལོའི་དངོས་གཞི་འཛིན་གྲྭའི་སློབ་མར་རྒྱལ་དབང་ལྔ་བའི་ཆབ་ཤོག་ཁྲིད་ཁུལ་གྱི་ལས་ལ་འཇུག་པའི་ཚེ་ཁོང་གི་སྐུ་ཚེའི་བྱུང་བ་བརྗོད་པའི་དེབ་དང་རྩོམ་ཡིག་དག་ལས་རྩོམ་ཡིག་འདིར་མཁས་པའི་གཏམ་ཡིད་རྟོན་འཕེལ་བ་མང་བར་བསམ་ནས་དབྱིན་ཇིའི་སྐད་ལས་བོད་ཀྱི་སྐད་དུ་ཕབ་པའི་དགེ་བས་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ལམ་ལས་ཡར་རྒྱས་སུ་འགྲོ་བར་སྨོན་ནོ།། 
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716