སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཅོ་ནེའི་བཀའ་བསྟན་འགྱུར་པར་བསྐྲུན་གསལ་བཤད།
སྤེལ་དུས། 2015-05-12   ཡོང་ཁུངས། ཅོ་ནེའི་བཀའ་བསྟན།   རྩོམ་པ་པོ།  ཅོ་ནེའི་བཀའ་བསྟན།

༄༅། །ཅོ་ནེའི་བཀའ་བསྟན་འགྱུར་པར་བསྐྲུན་གསལ་བཤད།

༄༅། །ལྷ་མིའི་རྣམ་འདྲེན་མཉམ་མེད་ཟས་གཙང་སྲས། །བྱམས་བརྩེའི་མངའ་བདག་རྗེ་བཙུན་མི་ཕམ་མགོན། །རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས། །སངས་རྒྱས་བྱང་སེམས་རྣམས་ལ་གུས་ཕྱག་འཚལ། །རྒྱལ་བའི་གསུང་རབ་ཐམས་ཅད་ལེགས་སྦྱར་གྱི། །སྐད་དུ་གནས་ལས་དེ་ཉིད་བོད་ཀྱི་བརྡར། །ལེགས་པར་བསྒྱུར་ནས་གཏན་ལ་འབེབས་མཛད་པ། །དྲིན་ཅན་ལོ་པཎ་རྣམས་ལ་གུས་པས་འདུད། །དེ་ལ་འདིར་རྒྱལ་བའི་བཀའ་བསྟན་འགྱུར་རིན་པོ་ཆེའི་ཡ་གྱལ་མདོ་སྨད་ལྷོ་ཕྱོགས་ཅོ་ནེའི་བཀའ་བསྟན་འགྱུར་རིན་པོ་ཆེ་གློག་དཔར་དུ་བཞེངས་བའི་ཚུལ་ཙམ་བརྗོད་པ་ལ། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་འོད་སྲུང་ལ་སོགས་ཉན་ཐོས་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་ལན་གསུམ་མཛད་ནས་རྒྱལ་བའི་གསུང་རབ་སྡེ་སྣོད་གསུམ་ཞེས་་གཏན་ལ་ཕབ། དེ་ནས་རིམ་བཞིན་བོད་དུ་ཆོས་རྒྱལ་མེས་དབོན་ལ་སོགས་སྤྲུལ་བའི་རྒྱལ་བློན་ཆེན་པོ་རྣམས་ཀྱིས་རྒྱ་གར་གྱི་པཎ་གྲུབ་དུ་མ་བོད་དུ་སྤྱན་དྲངས་ཏེ་ལོ་ཙཱ་བ་དང་དགེ་བའི་་བཤེས་གཉེན་རྣམས་ཀྱིས་ངལ་བ་ཁྱད་དུ་བསད་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཐ་དག་ལེགས་པར་བསྒྱུར་ནས་བོད་དུ་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛད་ཅིང་། ཇོ་བོ་ཡབ་སྲས་དང་བུ་སྟོན་ཐམས་ཅད་མཁྱེན་པ། རྗེ་ཙོང་ཁ་བ་ཆེན་པོ། རྒྱལ་དབང་པཎ་ཆེན་རིམ་བྱོན་ལ་སོགས་པ་མཁས་གྲུབ་མང་པོས་རྒྱལ་བའི་གསུང་རབ་དགོངས་འབྲེལ་དང་བཅས་པ་ལ་འཆད་ཉན་མཛད་སྟེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད། དེ་དག་གིས་བསྟན་པའི་བྱ་བ་བདག་གིར་བཞེས་ཏེ་རྒྱལ་བའི་བཀའ་ཐམས་ཅད་བོད་ཀྱི་ཡུལ་གྲུ་སོ་སོ་ན་ཐོར་བུའི་ཚུལ་གྱི་བཞུགས་པ་ཐམས་ཅད་བསྟན་པའི་སྦྱིན་བདག་དང་རྒྱལ་བློན་ཆེན་པོ་རྣམས་ལ་བརྟེན་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ་གླེགས་བམ་བཞེངས། དེར་ཡུལ་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བཀའ་འགྱུར་ཞེས་སུ་བསྒྲགས། དེ་ནས་སྔོན་བྱོན་རྒྱལ་བློན་ཐུགས་སྟོབས་ཅན་དང་སྦྱིན་བདག་བསོད་ནམས་ཅན་དུ་མས་བཀའ་བསྟན་འགྱུར་རིན་པོ་ཆེ་པར་ཤིང་དུ་བརྐོ་བར་མཛད། ཐོག་མར་དབུས་གཙང་ཁུལ་དུ་སྣ་ཐར་བཀའ་འགྱུར་ཞེས་པ་སྟེ་བོད་ཡིག་གི་བཀའ་འགྱུར་དང་པོ་ཡིན་པས་སྣར་ཐང་པར་རྙིང་དང་། རྒྱ་ཡིག་ཏུ་གཡུང་ལོའི་པར་བཀའ་འགྱུར་དང་། ཝན་ལི་པར་བསྟན་འགྱུར། ཨ་མདོ་ཁམས་སུ་སྐུ་འབུམ་པར་བཀའ་འགྱུར་དང་། ཆབ་མདོའི་པར་བཀའ་འགྱུར་དང་། མདོ་སྨད་ཁུལ་དུ་ལི་ཐང་པར་བཀའ་འགྱུར་དང་། ཁྱིན་ཁང་ཞེས་པེ་ཅིན་པར་བཀའ་བསྟན་འགྱུར་དང་། ཡིན་ཀྲིན་ལོའི་པེ་ཅིན་པར་བསྟན་འགྱུར་དང་། མདོ་སྨད་ལྷོའི་ཕྱོགས་སུ་ཅོ་ནེའི་པར་བཀའ་བསྟན་འགྱུར་དང་། སྡེ་དགེའི་པར་བཀའ་བསྟན་འགྱུར་དང་། སྣར་ཐང་པར་བཀའ་བསྟན་འགྱུར་གསར་མ་དང་། དབུས་སུ་ལྷ་ས་ཞོལ་པར་ཁང་དུ་ལྷ་སའི་པར་བཀའ་འགྱུར་དང་དེ་བཞིན་གསེར་བྲིས་ཀྱི་བཀའ་འགྱུར་དངུལ་བྲིས་ཀྱི་་་བཀའ་འགྱུར་སོགས་ཡོད་ཀྱང་། ཡོངས་གྲགས་སུ་སྣར་ཐང་བཀའ་བསྟན་འགྱུར་དང་། ལྷ་སའི་བཀའ་འགྱུར་དང་། སྡེ་དགེའི་བཀའ་བསྟན་འགྱུར་དང་། ཅོ་ནེའི་བཀའ་བསྟན་འགྱུར་བཞི་ལས་ཅོ་ནེའི་བཀའ་བསྟན་འགྱུར་སྟེ་དེ་ཡང་འདི་སྐད་དུ། མདོ་སྨད་ལྷོ་ཡི་ཕྱོགས་ཆ་ཐུའོ་ཇུའི་ཡུལ། །མདོ་སྔགས་བསྟན་པ་ཟུང་འབྲེལ་འབྱུང་གནས་སུ། །དཔོན་ཕྲན་མང་ཡང་རྒྱུ་སྐར་དབུས་ན་ནི། །ཟླ་བ་ཉ་བ་ལྟ་བུར་རབ་གསལ་བ། ། ཅོ་ནེ་དཔོན་ཞེས་ས་སྟེང་ཁྱབ་པར་གྲགས། །དེ་ཡི་བརྒྱུད་ལས་ཆོས་རྒྱལ་རིམ་བྱོན་དང་། །བསྟན་འཛིན་ཆོས་རྒྱལ་དམག་ཟོར་མགོན་པོ་དེས། །བསྟན་འགྲོའི་དོན་ལ་ཕན་པ་རབ་དགོངས་ནས། །བཙན་པོ་དབང་ཡོད་ཁྲལ་འུལ་མ་ཡིན་པར། །པར་ཤིང་རྒྱུ་བཅས་པར་གྱི་ཡོན་ལ་སོགས། །ཐམས་ཅད་རིན་ཐང་ཇི་ལྟར་ཐོབ་པ་ཡིས། །ཆོས་དང་མཐུན་པའི་ཚུལ་གྱིས་ལེགས་པར་བསྒྲུབས། །ཅེས་པ་ལྟར་ཅོ་ནེའི་བཀའ་འགྱུར་ཞེས་པར་ཁྱོན་བསྡོམས་པོད་བརྒྱ་དང་བརྒྱད་བཞུགས་པ་མདོ་སྨད་ལྷོ་ཕྱོགས་ཅོ་ནེའི་ཡུལ་གྲུ་དེར་ཅོ་ནེ་དཔོན་ཞེས་སྙན་གྲགས་ཕྱོགས་བཅུར་ཁྱབ་པ་དེའི་བརྒྱུད་ལས་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རིམ་བྱོན་ནང་གི་བསྟན་འཛིན་ཆོས་རྒྱལ་དམག་ཟོར་མགོན་པོ་ཞེས་པ་དེས་བསྟན་འགྲོའི་དོན་ལ་བསམ་བཞིན་དུ་དམངས་ལ་བཙན་པོ་དབང་ཡོད་དང་ཁྲལ་དང་། འུ་ལག་བསྐུལ་བ་དེ་བཞིན་དུ་རང་ཉིད་ལ་ཁེ་གྲགས་དང་དབང་གྲགས་ཐོབ་པ་སོགས་ཀྱི་ཆེད་དུ་གཏན་ནས་མིན་པར་བསྟན་འགྲོའི་བྱ་བ་ཁོ་ནར་དམིགས་ཏེ་རྒྱུ་སྦྱོར་ཡོན་་་་བདག་མཛད་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཤིང་པར་དུ་བོད་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་གི་ལོའིསྤྱི་ལོ ༡༩༢༡ཧོར་ཟླ་དྲུག་པའི་ཡར་ཚེས་བཟང་པོ་ལ་པར་ཤིང་བསྐྲུན་པའི་དབུ་བཙུགས་ཤིང་། ལྕགས་མོ་ཕག་གི་ལོའིསྤྱི་ལོ ༡༩༣༡ཧོར་ཟླ་བཞི་བའི་ཡར་ཚེས་དུས་ཆེན་ཐོག་པ་ལེགས་པར་བསྒྲུབས་ཟིན་པས་བཞེད་དོན་འགྲུབ། དེར་རྗེ་བཙུན་གྲགས་པ་བཤད་སྒྲུབ་དཔལ་བཟང་པོས་བཀའ་འགྱུར་གྱི་དཀར་ཆག་བསྒྲིགས་བཀོད་གནང་། བསྟན་འགྱུར་པར་ནི་ཅོ་ནེའི་མི་དབང་འཇམ་དབྱངས་ནོར་བུ་དང་བཙུན་མོ་རིན་ཆེན་དཔལ་འཇོམས། དེའི་སྲས་དཔོན་བསྟན་སྲུང་ཚེ་རིང་གསུམ་གྱིས་སྦྱིན་བདག་བགྱིས་ཏེ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱའི་ལོར(༡༧༥༣)དབུ་ཚུགས་ཤིང་ཆུ་ཕོ་འབྲུག་གི་ལོར(སྤྱི་ལོ ༡༧༧༢)བརྩོན་པ་ཆེན་པོས་པར་དུ་བསྒྲུབས་པ་ཡིན་ནོ། །དེར་རྗེ་དཀོན་མཆོག་འཇིགས་མེད་དབང་བོས་དཀར་ཆག་མཛད། གངས་ཅན་བོད་ཀྱི་ཆོས་ལུགས་དཔེ་ཚོགས་ནང་ནས་མཛད་རྗེས་ཆེས་རླབས་ཆེ་བར་མངོན། སྤྱིར་སངས་རྒྱས་ཀྱི་བསྟན་པར་དར་རྒུད་སྣ་ཚོགས་བྱུང་བ་དང་ཡང་དགོས་དུས་འཁྲུག་དབང་གིས་ཉམས་རྒུད་སྣ་ཚོགས་པ་ཞིག་བྱུང་བ་ནི། བོད་རབ་བྱུང་བཅུ་དྲུག་གི་ས་ཕོ་འབྲུག་གི་ལོར།(སྤྱི་ལོ ༡༩༢༨)ཀ་ཆུའི་མའ་ཀྲུང་དབྱིན་གྱིས་དམག་འཁྲུག་རྒྱག་པའི་སྐབས་སུ་ཅོ་ནེ་དགོན་ཆེན་པར་ཁང་དང་བཀའ་བསྟན་འགྱུར་གྱི་པར་ཤིང་མེས་བསྲེགས་པ་ལོ་རྒྱུས་སུ་གསལ་ལོ། །དེང་སང་ཅོ་ནེའི་པར་བཀའ་བསྟན་འགྱུར་དཔེ་ཆ་ཤིན་ཏུ་དཀོན་པས་མདོ་དབུས་ཁམས་གསུམ་དུ་དཔེ་ཆ་འགའ་རེ་ལུས་ཡོད་མོད་ཀྱང་རིག་གནས་དངོས་རྫས་སྲུང་སྐྱོབ་བྱེད་ཡུལ་ཏུ་གྱུར་སྟབས་མཇལ་བའི་གོ་སྐབས་བྲལ། ཅོ་ནེའི་པར་བཀའ་བསྟན་འགྱུར་རིན་པོ་ཆེ་ནི་དགེ་བའི་བཤེས་གཉེན་རྣམས་ཀྱི་ལུང་རྒྱུན་གཞི་རྩ་བྱས་ཡོད་པ་ངག་རྒྱུན་དུ་གསུང་། དེ་ནས་སྤྱི་ལོ ༢༠༡༠ ལོར་རྗེ་བཙུན་ཆོས་མཛད་ངག་དབང་བཟོད་པ་རྒྱ་མཚོ་དཔལ་བཟང་པོས་རང་དགོན་བྲག་ཡེར་བསམ་གཏན་གླིང་དུ་ནང་བསྟན་དཔེ་རྙིང་འཚོ་བསྡུ་ཁང་གསར་འཛུགས་མཛད། རིན་པོ་ཆེ་ཉིད་ཀྱི་དབུ་ཁྲིད་མཛད་དེ་གནས་གཏན་འདུལ་འཛིན་ཚུལ་ཁྲིམས་རྒྱ་མཚོ་དང་དགེ་བསྐོས་སྦྱིན་པ་རྒྱ་མཚོ། དབུ་མཛད་འཇིགས་མེད་རྒྱ་མཚོ་རྣམས་ཀྱི་གཙོ་བྱས་ནས་ནང་བསྟན་དཔེ་ཚོགས་རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་གསུང་འབུམ་སྣ་ཚོགས་ཕྱོགས་གཅིག་ཏུ་འཚོལ་བསྡུ་བྱས། དེའི་སྐབས་སུ་ཅོ་ནེའི་བཀའ་བསྟན་འགྱུར་གྱི་པར་ཤིང་ནི་མིང་གི་ཟོལ་དུ་གྱུར། བཀའ་བསྟན་འགྱུར་གྱི་པོད་འགའ་རེ་སྣང་ཡང་གང་དགར་མཇལ་རྒྱུ་མེད་པའི་སྣང་ཚུལ་འདི་འདྲར་སྙིང་ནས་མ་བཟོད་པར་ཤུགས་དགོངས་ཟབ་མོ་་་་གནང་སྟེ་ཅོ་ནེའི་བཀའ་བསྟན་འགྱུར་ཆེན་མོ་གློག་པར་དུ་བསྐྲུན་ཐུབ་ན་བསམ་པའི་སྙིང་སྟོབས་རྒྱ་ཆེན་པོ་སྐྱེད་ནས་འདུལ་འཛིན་ཚུལ་ཁྲིམས་རྒྱ་མཚོ་དབུ་མཛད་འཇིགས་མེད་རྒྱ་མཚོ་གསུམ་པོ་ཅོ་ནེའི་དཔོན་རྒྱུད་ཕྱོགས་ལས་རྣམ་རྒྱལ་འམ་ཡང་ཀྲིན་མཇལ་འཕྲད་གནང་། དེའི་སྐབས་ལ་ཆོས་མཛད་རིན་པོ་ཆེ་ཉིད་ནས་ཕྱོགས་ལས་རྣམ་རྒྱལ་འམ་ཡང་ཀྲིན་ལ་ཅོ་ནེའི་བཀའ་བསྟན་འགྱུར་གློག་པར་དུ་བཞེངས་རྒྱུའི་དགོངས་ཚུལ་རྣམས་གསུངས་བར་ཕྱོགས་ལས་རྣམ་རྒྱལ་གྱིས་རིན་པོ་ཆེའི་མཛད་སྤྱོད་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡིད་རངས་ཆེན་པོས་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞེས་དང་བདག་གིས་ཀྱང་དེའི་མཐུན་རྐྱེན་གྲུབ་གྲོགས་དང་དེའི་གླེང་གཞི་ངེས་ཀྱི་འབྲི་ཆོག་ཞེས་གསུངས། དེ་ནས་ཕྱོགས་སོ་སོ་ལ་བཙལ་འཚོལ་བྱེད་པར་སོང་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་དང་། མཛོད་དགེ་གངས་རྩ། ཁ་གྱ་སྨན་ལུང་། རི་བོ་རྩེ་ལྔ་དང་ཀུན་སུའུ་ནུབ་བྱང་མི་རིགས་སློབ་གླིང་། ཁྲིན་ཏུའུ་ལྷོ་ནུབ་མི་རིགས་སློབ་གླིང་། པེ་ཅིན་བོད་རིག་པ་ཞིབ་འཇུག་ཁང་སོགས་ཕྱོགས་གང་སར་བཙལ་འཚོལ་གྱིས་ཀྱང་ལག་སོན་མ་བྱུང་། རྗེས་སུ་རིན་པོ་ཆེ་ཉིད་ཀྱི་འགྲོ་དངུལ་འབོར་ཆེན་བཏང་ཏེ་ཨ་རི་ནས་དཔེ་རྙིང་གི་གློག་པར་མ་དཔེ་ཞིག་ལག་ཏུ་འབྱོར་བྱུང་བས་གློག་པར་བསྐྲུན་རྒྱུ་བྱུང་བ་ནི་ཅོ་་ནེའི་བཀའ་འགྱུར་གློག་པར་དུ་སྐྲུན་པའི་རེ་འདོད་གྲུབ། ཅོ་ནེའི་བཀའ་འགྱུར་གླེགས་བམ་བརྒྱ་དང་བརྒྱད་བཞུགས་ཡོད་པས་རྟེན་འབྲེལ་གྱི་ཚུལ་དུ་ཚར་བརྒྱ་དང་བརྒྱད་པར་བསྐྲུན་བྱས། ཚར་བརྒྱ་ནི་དགོན་སྡེ་ཁག་ལ་ནང་རྟེན་དུ་ཕུལ་བའི་འདུན་པ་བཟུང་། ཅོ་ནེའི་བསྟན་འགྱུར་ལེགས་བམ་གཉིས་བརྒྱ་དང་དགུ་སྣ་ཐང་བཀའ་འགྱུར་གླེགས་བམ་བརྒྱ་དང་གཉིས་བཞུགས་་ཡོད། དེ་གཉིས་ཀྱི་མ་དཔེའི་ནང་དུ་ཤོག་གྲངས་མང་པོ་ཞིག་མི་གསལ་བར་འདུག་པས་རང་དགོན་གྱི་ནང་རྟེན་དུ་བཞུགས་རྒྱུ་ལ་ཚར་ལྔ་རེ་མ་གཏོགས་པར་བསྐྲུན་བྱས་མེད། སྟོག་ཕོ་བྲང་གི་བཀའ་འགྱུར་བྲིས་མ་ཡང་ཚར་ལྔ་པར་བསྐྲུན་ཞུས་པ་བཅས་སོ།། །།ཚུལ་འདིར་བསམ་ནས་འབད་པ་དུ་མ་ཡིས། ། བསྟན་པའི་སྒོ་རུ་བཞུགས་ནས་སློབ་པ་དང་། །བསྟན་ལ་ཞབས་འདེགས་གང་ནུས་གྲུབ་པའི་ཕྱིར། །ནང་བསྟན་དཔེ་རྙིང་འཚོལ་བསྡུ་བྱེད་པ་དང་། །ཅོ་ནེའི་བཀའ་འགྱུར་པར་བསྐྲུན་བྱེད་པ་སོགས། །བསྟན་འགྲོར་སྨན་པའི་བྱ་བ་བགྱིས་པ་ཀུན། །སངས་རྒྱས་བསྟན་པ་ཡུན་རིང་གནས་པ་དང་། །འདི་འཛིན་སྐྱེས་བུ་ཞབས་པད་བརྟན་པ་དང་། །སྔོན་བྱོན་དམ་པའི་སྐུ་དྲིན་བསབ་ཕྱིར་དང་། །རང་རིགས་རིག་གནས་ཡུན་གནས་ཐུབ་ཕྱིར་སོགས། །དགོས་པ་དུ་མའི་བསམ་འདུན་བཅངས་བཞིན་དུ། །འབད་པ་དུ་མས་སྦྱོར་བ་བརྩམས་ལགས་སོ། །དེ་ལྟར་སྐྲུན་པའི་རྣམ་དཀར་དགེ་ཚོགས་ཀུན། །རྒྱལ་བསྟན་སྤྱི་དང་འཇམ་དཔལ་སྙིང་བོ་ཡི། །མདོ་སྔགས་བསྟན་པ་ཡུན་རིང་གནས་པ་དང་། །མ་གྱུར་འགྲོ་རྣམས་རྫོགས་བྱང་ཐོབ་ཕྱིར་བསྔོ། །པར་དུ་བསྐྲུན་པའི་རྒྱུ་འབྱོར་སྦྱིན་བདག་ནི། རིན་པོ་ཆེ་སྐུ་ཉིད་ནས་འགྲོ་དངུལ་ཕལ་མོ་ཆེ་གཏོང་གནང་མཛད་པ་དང་ཉིད་ཀྱི་སློབ་མ། །ཧུ་ཀྲུའུ་སློབ་མ་ངག་དབང་ཤེས་རབ་ཀྱིས་སྒོར་ཁྲི་བཅོ་ལྔ་བཏང་སྟེ་གླེགས་ཐག་བླུས། ཐེ་ཀྲུའུ་སློབ་མ་ངག་དབང་ཕུལ་བྱུང་། ངག་དབང་ཡེ་ཤེས། ཧེང་ཀྲུའུ་སློབ་མ་ངག་དབང་བྱང་ཆུབ་གསུམ་གྱིས་མི་དམངས་དངུལ་སྒོར་ཁྲི་བརྒྱ་དང་བཞི་བཅུ་ཞེ་བརྒྱད་བཏང་ནས་ཙན་དན་དམར་པོའི་གླེགས་ཤིང་བཟོས། ཧེང་ཀྲུའུ་སློབ་མ་ངག་དབང་བྱང་ཆུབ་དང་ངག་དབང་མཁས་གྲུབ་གཉིས་ཀྱིས་མི་དམངས་དངུལ་སྒོར་ཁྲི་བཞི་བཅུ་ཞེ་བརྒྱད་བཏང་ནས་གོས་ཆེན་སེར་པོའི་དཔེ་རས་བཟོས། ཧེང་ཀྲུའུ་སློབ་མ་ངག་དབང་བཟོད་པས་མི་དམངས་དངུལ་སྒོར་ཁྲི་སུམ་བཅུ་ཐམ་པ་བཏང་ནས་རྒྱ་གར་གོས་དང་རྒྱ་ནག་གོས་གཉིས་ཀྱིས་གདོང་འཛར་བཟོས། ཧེང་ཀྲུའུ་སློབ་མ་ངག་དབང་གྲགས་པས་མི་དམངས་དངུལ་སྒོར་ཁྲི་བཅུ་བཞི་བཏང་ནས་གསེར་ཟངས་ལས་གྲུབ་པའི་གླེགས་ཆབ་བཟོས། གཞན་ཡང་ངག་དབང་བྱང་ཆུབ་ཀྱིས་མི་དམངས་དངུལ་སྒོར་ཁྲི་བརྒྱ་ཐམ་པ་དང་ངག་དབང་བཟོ་པས་མི་དམངས་དངུལ་སྒོར་ཁྲི་ལྔ་བཅུ་ཐམ་པ་དང་ངག་དབང་རབ་རྒྱས་ཀྱིས་མི་དམངས་དངུལ་སྒོར་ཁྲི་སུམ་བཅུ་སོ་གཉིས་ཞལ་འདེབས་སུ་བཏང་་་ནས་བྲག་ཡེར་བསམ་གཏན་གླིང་དུ་བཀའ་བསྟན་འགྱུར་གྱི་དཔེ་མཛོད་ཁང་བཞེངས་བཞིན་་ཡོད་དོ། །དེ་ལྟར་སྒྲུབ་པའི་བསྟན་པའི་སྦྱིན་བདག་དང་། །དང་བའི་ཡིད་ཀྱི་ཚུལ་འདིར་འབྲེལ་ཐོག་རྣམས། །ཚེ་བསོད་མངའ་ཐང་ལོངས་སྤྱོད་འཕེལ་བ་དང་། །མཐར་ཐུག་བླ་མེད་རྫོགས་བྱང་ཐོབ་པར་ཤོག ། ཅེས་པ་འདི་བྲག་ཡེར་བསམ་གཏན་གླིང་ནང་བསྟན་དཔེ་རྙིང་འཚོ་བསྡུ་ཁང་ནས་བྲིས་པའི་བསྟན་པ་དང་འགྲོ་བ་ལ་ཕན་པར་གྱུར་ཅིག།  །།སརྦ་མངྒལཾ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060