སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ལོ་རྒྱུས་ཀྱི་སྟོང་ཆ་མང་པོ་བསྐངས་པ།
སྤེལ་དུས། 2017-08-14   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ།  མི་ཕམ་གྱིས་བསྒྱུར།
སི་ཁྲོན་སེལ་ཤུལ་རྫོང་ནས་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་དང་སྐུ་བརྙན་རྙེད་དེ།
          གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་ལུའོ་ཝུན་ཧྭས་སྣེ་ཁྲིད་པའི་ཚོགས་པས། ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་བཙན་མདའ་ཤང་འབའ་ཟླ་གྲོང་ཚོའི་འབའ་ཟླ་དགོན་པའི་སྒོ་ཡུན་རིང་བསྡམས་པའི་མགོན་ཁང་ཞིག་ནས་མིང་རྒྱལ་རབས་སྐབས་ཀྱི་ཤིན་ཏུ་ཆ་ཚང་བའི་ལྡེབས་རིས་དང་སྐུ་བརྙན་རྙེད་ཅིང་། དེ་ནི་སེལ་ཤུལ་རྫོང་ནས་མིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་མཆོད་ཁང་རྙེད་ཐེངས་དང་པོ་རེད།
          སྤྱི་ལོ་1269ལོར་བཞེངས་པའི་འབའ་ཟླ་དགོན་ནི་དང་ཐོག་ས་སྐྱའི་ལུགས་ཡིན་ཞིང་། སྤྱི་ལོ་1440ལོར་དགེ་ལུགས་པར་བསྒྱུར་པ་རེད། རིགས་གཅིག་མཁས་ཅན་གྱིས། དེ་ནས་རྙེད་པའི་ལྡེབས་རིས་ལ་དགེ་ལུགས་པའི་ལྡེབས་རིས་ཀྱི་ནང་དོན་མངོན་གསལ་དོད་པོ་ཡོད་ཅིང་། སྒྱུ་རྩལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ན་ལྡེབས་རིས་དེ་ནི་དུས་རབས་བཅུ་དྲུག་པའི་སྔ་རྗེས་སུ་བཞེངས་པ་གཏན་འཁེལ་བྱེད་ཐུབ་ཅེས་བརྗོད།
          ལུའོ་ཝུན་ཧྭས། ད་རེས་རྙེད་པའི་ལྡེབས་རིས་དང་སྐུ་བརྙན་གྱིས་བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱེད་པའི་ཐད་སྟོང་ཆ་མང་པོ་ཞིག་བསྐངས་ཡོད། དེ་སྔོན་དཀར་མཛེས་ཀྲོའུ་ནས་རྙེད་པའི་མིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རི་མོ་དོན་ས་ནི་དགོན་སྡེ་མ་ཡིན་པར་མཁར་རྫོང་འབའ་ཞིག་ཡིན་པས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཆོས་ལུགས་ཀྱི་ཕན་ནུས་གསལ་པོ་མེད། འབའ་ཟླ་དགོན་པའི་མགོན་ཁང་ནི་དགོན་པ་དེའི་ཆ་ཤས་ཤིག་ཡིན་ལ། དེའི་ཆོས་ལུགས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཁྱད་པར་ཧ་ཅང་ཆེ་བས་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་ཞེས་ངོ་སྤྲོད་བྱས་བྱུང་།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ནང་དུ་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་དང་སྐུ་བརྙན་གཉིས་ཀ་སྲུང་སྐྱོང་ཡག་པོ་ཐུབ་མཁན་ཧ་ཅང་དཀོན་པ་དང་། ལྷག་པར་དུ་སྐུ་བརྙན་ཆེ་གྲས་མང་ཆེ་བ་སོ་མ་བཏང་བའི་འཇིམ་བརྙན་སྐྱ་བོའི་རིགས་ཡིན་པས་ཆག་སྐྱོན་ཡོང་ཧ་ཅང་སླ། ཡིན་ན་ཡང་འབའ་ཟླ་དགོན་པའི་མགོན་ཁང་གི་ལྡེབས་རིས་དང་སྐུ་བརྙན་ཉར་ཚགས་ཡག་པོ་ཐུབ་ནས་ཆ་ཚང་པོ་ཡོད་པ་རེད།
          རྒྱ་ཁྱོན་སྨི་ངོས་གྲུ་31ཙམ་ཟིན་ཅིང་ཚོན་མདངས་གསལ་ལ་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་ལྡེབས་རིས་ཀྱིས་བོད་ཤར་རྒྱུད་ཀྱི་སྒྱུ་རྩལ་འགྱུར་ལྡོག་དུས་སྐབས་ཀྱི་ཁྱད་ཆོས་མཚོན་ཡོད་པས་དེ་ནི་མིག་སྔར་བོད་ཤར་རྒྱུད་ཀྱི་དུས་འགོའི་སྒྱུ་རྩལ་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པའི་བརྩམས་ཆོས་གལ་ཆེན་ཞིག་རེད།
          མགོན་ཁང་དུ་ནོར་བདག་ཛམ་བྷ་ལ་དང་། མགོན་པོ་ཞལ་བཞི། མགོན་པོ་ཕྱག་དྲུག དཔལ་རྡོ་རྗེ་འཇིགས་བྱེད། དཔལ་ལྡན་ལྷ་མོ་བཅས་ཉར་ཚགས་ཡག་པོ་ཐུབ་པའི་སྐུ་བརྙན་ལྔ་ཡོད་པ་ལས། རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོ་གཉིས་ཀྱི་སྐུ་བརྙན་ནི་མི་ཚད་དང་ཧ་ལམ་མཉམ་པ་དང་། དེ་དག་ནི་དུས་རབས་བཅུ་དྲུག་པའི་སྐབས་ཀྱི་མཐོང་དཀོན་པའི་བོད་བརྒྱུད་ནང་བསྟན་གྱི་བརྩམས་ཆོས་རྩེ་གྲ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716