སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གསར་འགྱུར་སྒྱུར་རྩོམ་གྱི་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར།
སྤེལ་དུས། 2016-06-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བུ་ཆུང་།
  གསར་འགྱུར་རྩོམ་ཡིག་གི་ཡིག་སྒྱུར་ནི་ཡིག་སྒྱུར་བྱ་གཞག་ཧྲིལ་པོའི་གྲུབ་ཆ་ཞིག་དང་། རྒྱ་ཆེའི་གསར་འགྱུར་ཀློག་པ་པོར་ཐད་ཀར་ཞབས་འདེགས་ཞུ་བའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ལས་རིགས་ཤིག་ཡིན། དེར་བརྟེན་ང་ཚོས་གསར་འགྱུར་ རྩོམ་ཡིག་ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་སྐད་ཆའི་ཆོས་ཉིད་དང་ཐ་སྙད་གཅིག་གྱུར་ཡོང་བར་ཡིད་གཟབ་བྱ་དགོས་ལ། ངེས་པར་དུ་མ་ཡིག་ནང་བསྟན་པའི་ནང་དོན་དག་ཇི་མ་ཇི་བཞིན་དུ་ཀློག་པ་པོར་གོ་བརྡ་སྤྲོད་ཐུབ་པའི་སྐད་ཆའི་ཐོག་ནས་བུ་ཡིག་ཏུ་ཕབ་སྒྱུར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་སེམས། དོན་དངོས་ཐོག་གསར་འགྱུར་ཡིག་སྒྱུར་ནི་སྒྱུ་རྩལ་གྱི་ལྟ་ཚུལ་ཐད་ནས་གླེང་ན་གསར་གཏོད་ཀྱི་ངོ་བོ་ལྡན་པའི་སྒྱུ་རྩལ་ལས་དོན་གྱི་ཁོངས་སུ་ཡང་གཏོགས་པས་ལོ་ཙཱ་བས་ཡིག་སྒྱུར་བྱས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དེ་དང་ཐོག་ཀློག་པ་པོས་ཡོངས་སུ་ཁས་ལེན་ཐུབ་པ་ཞིག་དགོས་ཏེ་བརྡ་སྤྲོད་གཞུང་ལུགས་དང་སྐད་ཆའི་འགྲོས་དང་མཐུན་ཞིང་གོ་བདེ་བ་ཞིག་དགོས། དེ་འདྲ་བྱུང་ཚེ་ཀློག་པའམ་ཉན་པ་ཙམ་གྱིས་དོན་གྱི་སྙིང་པོ་བདེ་བླག་ངང་རྟོགས་ཐུབ་པ་མ་ཟད། རིག་གནས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་གདོན་མི་ཟ། གཤམ་ལ་གུས་པས་བགྲང་བྱ་འགའི་རིང་གསར་འགྱུར་ཡིག་སྒྱུར་ལས་དོན་ལ་གཞོལ་བའི་ཉམས་མྱོང་དང་འབྲེལ་ཏེ་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར་བྱ་སྟེ།
  དང་པོ། སྐད་ཡིག་གཉིས་ཀྱི་རིག་གནས་ཁྱད་པར་རྟོགས་དགོས་པ།
  ཡིག་སྒྱུར་ནི་སྐད་ཡིག་གཉིས་བརྗེ་རེས་བྱེད་པའི་བྱ་བ་ཞིག་ཡིན་ཙ་ན་ལོ་ཙཱ་བས་སྐད་ཡིག་མི་འདྲ་བ་གཉིས་ཀྱི་རང་རང་གི་རིག་གནས་ཀྱི་ཁྱད་པར་རྒྱུས་ལོན་བྱེད་དགོས་པ་དེ་བས་གལ་ཆེ་བར་སྣང་། སྐད་ཡིག་གཉིས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལེགས་པར་རྟོགས་རྒྱུ་ནི་གསར་འགྱུར་ལོ་ཙཱ་བར་ཚང་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ལགས། དེར་བརྟེན་གསར་འགྱུར་ཡིག་སྒྱུར་ལས་དོན་པས་མ་ཡིག་བུ་ཡིག་ཏུ་སྒྱུར་བའི་སྐད་ཡིག་གཉིས་བྱང་ཆུབ་པ་མ་ཟད་དེ་དང་འབྲེལ་བའི་རིག་གནས་ལའང་རྒྱུས་ལོན་བྱེད་དགོས། དེ་ཡང་སྐད་ཡིག་གཉིས་དབར་རིག་གནས་ཀྱི་རྒྱབ་ལྗོངས་དང་། ཡུལ་གོམས་གཤིས་ལུགས། བསམ་བློ་མི་འདྲ་བའི་དབང་གིས་སྐད་ཆ་ཤོད་སྟངས་མི་འདྲ་རུང་དོན་དག་གཅིག་པ་མཚོན་པའི་ཐ་སྙད་མི་ཉུང་བ་ཞིག་ཡོད་པ་དཔེར་ན།“胆小如鼠”དང་སྙིང་ཆུང་སྡར་མ་ཝ་མོ་བཞིན་ཞེས་པ་གཉིས་དཔེ་སྦྱོར་ཡུལ་གཅིག་མཚུངས་མིན་རུང་དེ་གཉིས་པོས་བློ་ཁོག་ཆུང་ཆུང་ཡིན་པའི་དོན་སྟོན་པ།“狗拿耗子”དང་ཇུས་མེད་ཇུས་གཏོགས་ཞེས་པ་གཉིས་ཀྱང་དོན་སྟོན་ཚུལ་གཅིག་པ་ཡིན།“信口开河”དང་ཁ་བདག་མེད་ཚིག་ཚོར་མེད་གཉིས་ཀྱང་དོན་མཚུངས་པར་སྟོན་པས་དེ་ལྟར་རྒྱ་བོད་ཡིག་སྒྱུར་བས་དེ་ལྟ་བུའི་རྒྱ་ཡིག་གི་མིང་ཚིག་དག་བོད་སྐད་དུ་རྒྱུན་འབྱམས་སུ་ཡོད་པའི་བརྗོད་པ་བཞིན་བསྒྱུར་ཐུབ་ན་དོན་གནད་ལ་འཁེལ་ཞིང་རྗོད་བྱེད་ཚིག་སྦྱོར་སྙན་པོ་ཆགས་ངེས། སྤྱིར་ན་གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་བ་ཞིག་ཡིན་ཕྱིན་ཤེས་བྱ་རིག་པའི་གནས་ལ་ལྟ་རྒྱ་དང་ཐོས་རྒྱ་ཆེ་ཞིང་བློ་རིག་གསལ་ལ་ཡངས་པོ་དགོས་པ་མ་ཟད། ཡིག་སྒྱུར་རྣམ་བཞག་དང་སྐད་བརྡ་རིག་པའི་མཐོང་ཐོས་ཀྱང་ཡངས་པོ་དགོས། ཁྱད་པར་དུ་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ལ་བྱང་ཆུབ་པོ་དགོས་པའི་ཁར། ཀུན་སྤྱོད་དང་། ལྷག་བསམ། མི་གཤིས་བཅས་ཀྱི་ཆ་ནས་ཀྱང་ངང་ཚུལ་བཟང་པོ་ཞིག་ཡོད་དགོས།
  གཉིས་པ། ཐ་སྙད་གཅིག་ལ་སྒྱུར་ཚུལ་མི་འདྲ་བ་མི་ཐོན་པ་བྱེད་དགོས་པ།
  སྤྱི་ཚོགས་དང་དཔལ་འབྱོར་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་དུས་སྐབས་དེར་གསར་འགྱུར་རྩོམ་ཡིག་ནང་ཐ་སྙད་གསར་པ་ལུ་གུ་རྒྱུད་པ་བཞིན་ཐོན་དང་ཐོན་བཞིན་ལགས་ན། ཐ་སྙད་སྒྱུར་ཚུལ་ཐད་ལ་གཅིག་གྱུར་མ་ཡིན་པའི་ སྣང་ཚུལ་མི་ཉུང་བ་ཞིག་ཐོན་མུས་ལགས་ཏེ། དཔེར་ན།“净土产业”ལ་ཆ་མཚོན་ན། ས་གཙང་བདེ་ཐང་ཐོན་ལས་དང་། ས་གཙང་སྐྱོན་བྲལ་ཐོན་ལས། ས་གཙང་ལྷད་མེད་ཐོན་ལས། ས་གཙང་འབྱུང་འཕྲོད་ཐོན་ལས་སོགས་ཀྱི་འགྱུར་ཚུལ་མི་འདྲ་བ་ཐོན་བཞིན་ཡོད་པས། བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་བཀས་བཅད་བྱས་པ་བཞིན་ས་གཙང་འབྱུང་འཕྲོད་ཐོན་ལས་ཞེས་གཅིག་གྱུར་དུ་ཕབ་སྒྱུར་བྱས་ན་ལེགས་པར་མཐོང་ཞིང་། ད་དུང་དཔེར་ན།“市长”ལ་གྲོང་སྤྱི་དང་ཧྲི་ཀྲང་། ལྟ་བུ།“培训”ལ་གསོ་སྦྱོང་དང་སྦྱོང་བརྡར། ལྟ་བུ། “班子”ལ་པན་ཤོག་དང་། དཔུང་ཁག ཚན་ཁག་ལྟ་བུ། “生态”ལ་སྣོད་བཅུད་དང་། འབྱུང་ཁམས། སྐྱེ་ཁམས། ལྟ་བུ།“离退休干部”ལ་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ལས་བྱེད་པ། རྒན་ཡོལ་ཞུས་པའི་ལས་བྱེད་པ་སོགས་ཐ་སྙད་གཅིག་ལ་སྒྱུར་ཚུལ་མི་འདྲ་བའི་དཔེ་དེ་རིགས་ཤིན་ཏུ་མང་བས་གསར་འགྱུར་ཡིག་སྒྱུར་གྱི་ལས་ལ་གཞོལ་མཁན་ཚོས་རང་རང་གི་འདོད་ཚུལ་ལྟར་མ་སྒྱུར་བར་ཐ་སྙད་གཅིག་གྱུར་ཡོང་བའི་དགོངས་དོན་ལ་གཞིགས་ཏེ་ཅི་ནས་ཀྱང་དགོངས་བཞེས་གནང་སྟེ་ཡིག་སྒྱུར་སྐབས་གནད་དོན་དེ་དག་མི་ཐོན་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། གཞན་ཡང་དཔེར་ན།“保护国家级野生动物娃娃鱼”ལྟ་བུར་མཚོན་ན། “野生”ཞེས་པའི་རྒྱ་ཡིག་གི་ཐ་སྙད་དེར་སྒྱུར་ཚུལ་མི་འདྲ་བ་རིགས་འགའ་ཐོན་པ་ནི“རི་སྐྱེས་དང་། བྱེས་སྐྱེས། བདག་མེད། བདག་ཏུ་མ་བཟུང་བ་”བཅས་ཐོན་པའི་ནང“རི་སྐྱེས་དང་བྱེས་སྐྱེས”ཞེས་པའི་ཐ་སྙད་དེ་གཉིས་ཀྱི་ཡིག་ངོས་ཀྱི་གོ་བ་ལེན་ཚུལ་ལ་གཞིགས་ན་སྲོག་ཆགས་དེ་རི་སྟེང་དུ་འཚོ་གནས་བྱེད་མཁན་ཞིག་ཡིན་པའི་དོན་བསྟན་གྱི་ཡོད་ཅིང་སྐབས་བབ་ཀྱི་བསྒྱུར་བྱ་མ་ཡིག་གི་སྲོག་ཆགས་འདི་བཞིན་རི་སྟེང་དུ་འཚོ་གནས་བྱེད་མཁན་ཞིག་མ་ཡིན་པར་ཆུ་ནང་དུ་འཚོ་བ་ཞིག་ཡིན་པས་དེར་རི་སྐྱེས་སྲོག་ཆགས་སུ་བསྒྱུར་ཚེ་བཞད་གད་སློང་བའི་རྒྱུ་རུ་མི་འགྱུར་རམ། སྒྱུར་ཚུལ་གཞན་དུ“བདག་མེད”ཅེས་སྒྱུར་བའི་དབང་དུ་བཏང་རུང་སྲོག་ཆགས་དེར་བདག་པོ་མེད་པའི་དོན་སྟོན་གྱི་ཡོད་པས་དོན་དངོས་ཐོག་སྲོག་ཆགས་དེ་རིགས་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་བྱ་ཡུལ་གྱི་སྲོག་ཆགས་ཡིན་པས། མི་གང་རུང་ཞིག་གིས་གང་བྱུང་དུ་གསོད་པའི་དབང་ཆ་མི་ལྡན་ཞིང་། གལ་ཏེ་འཛིན་གསོད་བྱས་ཚེ་ཁྲིམས་ཀྱི་གཏན་འབེབས་བཞིན་ཆད་པ་ཕོག་སྲིད། དེར་བརྟེན་དེའི་བདག་པོ་རྒྱལ་ཁབ་ཡིན་པ་གསལ་པོར་བསྟན་པས“བདག་མེད”ཅེས་བསྒྱུར་ཚེ་དོན་དང་མི་མཐུན་པའི་སྐྱོན་ཆ་མཆིས་སྙམ། སྒྱུར་ཚུལ་གཅིག་ཤོས་ནི“བདག་ཏུ་མ་བཟུང་བ”ཞེས་བསྒྱུར་བས་དེ་སྲོག་ཆགས་ནི་སྐྱེ་བོ་གང་རུང་ཞིག་གིས་སྒོ་ཕྱུགས་སེམས་ཅན་ཇི་བཞིན་བདག་ཏུ་བཟུང་མེད་པ་སྟེ་རང་ལ་དབང་བ་ཞིག་མ་ཡིན་པའི་དོན་སྟོན་གྱི་ཡོད་རྐྱེན་སྒྱུར་ཚུལ་དེ་ནི་དོན་དང་མཐུན་པ་དང་རི་ཀླུང་གང་སར་འཚོ་སྡོད་བྱེད་མཁན་གྱི་སྲོག་ཆགས་ལ་སྦྱར་རུང་ཞིང་། ཁྱབ་རྒྱ་ཡང་ཆེ་བས་སྒྱུར་ཚུལ་དེ་ཚད་ལྡན་དང་ཡང་དག་པ་ཞིག་མཆིས་སྙམ།
  གསུམ་པ། སྐད་ཡིག་གཉིས་ཀྱི་ཆུ་ཚད་མུ་མཐུད་གོང་མཐོར་གཏོང་དགོས་པ།
  རྒྱ་བོད་གསར་འགྱུར་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་རྒྱ་བོད་སྐད་ཡིག་གཉིས་ལ་བྱང་ཆུབ་པ་དང་། མི་རིགས་གཉིས་ཀྱི་སྤྱི་ཚོགས་དང་རིག་གནས་ལ་དེ་བས་རྒྱུས་མངའ་དང་ཤེས་རྟོགས་ཐུབ་པ། ཕྱོགས་གང་ཐད་ཀྱི་ཤེས་བྱ་སྣ་ཚོགས་ལྡན་དགོས་པ་ནི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པས། གལ་ཏེ་ལོ་ཙཱ་བར་ཤེས་བྱའི་ཡོན་ཚད་གང་ཙམ་ཞིག་མ་ལྡན་ཚེ། སྒྱུར་ཡིག་གི་ནང་དོན་འཁྲུལ་མེད་དུ་རྟོགས་མི་ཐུབ་ཅིང་། སྒྱུར་མི་དག་པ་དང་ནོར་འཛོལ་དུ་སོང་སྟེ་ཆ་འཕྲིན་ཇི་མ་ཇི་བཞིན་བརྒྱུད་བསྒྲགས་བྱེད་ཐབས་བྲལ་བ་དང་དེ་བས་ཀློག་པ་པོར་མཛུབ་ཁྲིད་དང་། བློ་སྒོ་འབྱེད་པ། སློབ་གསོ་གཏོང་རྒྱུའི་དམིགས་ཡུལ་སྒྲུབ་ཐབས་བྲལ། དེར་བརྟེན་དུས་དང་རྣམ་པ་ཀུན་ཏུ་སྐད་ཡིག་གཉིས་ལ་སྦྱངས་བརྩོན་ཟམ་མི་ཆད་པར་བྱེད་པ་དང་ཡིག་སྒྱུར་ཐད་ཀྱི་འབྲེལ་ཡོད་དཔེ་ཆ་དང་རིག་གཞུང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་ཤེས་རྒྱ་ཆེ་རུ་དང་ཆུ་ཚད་གོང་མཐོར་གཏོང་དགོས་པ་དང་། ལྷག་པར་དུ་རྒྱུན་གཏན་གྱི་ཡིག་སྒྱུར་ལས་དོན་ཁྲོད《སྒྲ་སྦྱོར་བམ་གཉིས》སོགས་རང་མི་རིགས་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཤེས་བྱ་དང་བསྟུན་ཏེ། སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར། གོ་རིམ་ལྡོག་སྒྱུར་སོགས་ཀྱི་ལོ་ཙཱའི་ཐབས་ལམ་སྤྱོད་དགོས་ལ། གཞན་གྱི་སྒྱུར་རྩོམ་ཚད་ལྡན་ལྟ་ཀློག་སློབ་སྦྱོང་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་རིམ་གསོག་བྱེད་པར་བརྟེན་ནས་ཡིག་སྒྱུར་གྱི་སྤུས་ཚད་དང་འཇོན་ནུས་གོང་མཐོར་གཏོང་རྒྱུར་ལྷོད་གཡེང་རྩ་བ་ནས་བྱ་རྒྱུ་མེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716