སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ནི་སྒྲ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་གྱི་ཁྱད་པར།
སྤེལ་དུས། 2017-09-27   ཡོང་ཁུངས། བོད་ལྗོངས་སློབ་གསོ།   རྩོམ་པ་པོ།  ལྷ་མོ་ཚེ་རིང་།
         【ནང་དོན་གནད་བསྡུས།】དཔྱད་རྩོམ་འདིར་ཐོག་མར་ནི་སྒྲ་དགར་བར་འཇུག་ཚུལ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་བརྡ་སྤྲོད་ཀྱི་བསྟན་བཅོས་དུ་མ་དང་འབྲེལ་ཏེ་སྤྱི་ཙམ་གླེང་ཡོད་ལ། བར་དུ་ནི་སྒྲ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་སྡེབ་གཅིག་ཏུ་བཞག་སྟེ། དེ་གཉིས་ལྷན་གཅིག་ཏུ་རྗོད་ཚིག་གཅིག་གི་ཁྲོད་འབྱུང་སྐབས་དགར་བའི་དོན་སྟོན་ཚུལ་ག་འདྲ་ཡིན་པ་དང་། གཞན་རྗོད་ཚིག་མི་འདྲ་བ་སོ་སོར་འབྱུང་སྐབས་དགར་བའི་དོན་ལ་འཇུག་ཚུལ་ཇི་འདྲ་ཡིན་པ་གཤིབ་བསྡུར་བྱེད་པ་བརྒྱུད། དེ་གཉིས་ཀ་དགར་བའི་དོན་ལ་འཇུག་པའི་འཇུག་ཚུལ་མི་འདྲ་བའི་ཆ་ཅུང་ཙམ་བརྗོད་ཡོད།
          【བརྡ་ཆད་གཙོ་བོ།】   ནི་སྒྲ   ནས་ལས།   དགར་བ།   འཇུག་ཚུལ།
གླེང་གཞི།
          སྤྱིར་བརྡ་སྤྲོད་རིག་པ་ཞེས་པ་ནི། བརྡ་ཇི་ལྟར་སྤྲོད་པའི་ངེས་སྲོལ་ཏེ་མིང་ཇི་ལྟར་གྲུབ་པ་དང་ཚིག་ཇི་ལྟར་གྲུབ་པའི་གྲུབ་ལུགས་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ལ་ཟེར་ཞིང་། རང་ཅག་བོད་ཀྱི་བརྡ་སྤྲོད་རིག་པ་ནི་གཏན་ཆགས་སུ་གྱུར་ཟིན་པའི་བོད་སྐད་ཀྱི་སྐད་ཆའི་སྦྱོར་སྲོལ་དང་གཞིགས་ཏེ་རིག་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་ནི་རྩོད་མེད་ཡིན། དེ་ཡང་ཀུན་གྱིས་ཤེས་གསལ་ལྟར། ང་ཚོ་བོད་ལ་ད་ལྟར་བཞུགས་པའི་བརྡ་སྤྲོད་ཀྱི་རྩ་བའི་གཞུང་གཉིས་ཡོད་དེ།  གཅིག་ནི་སུམ་ཅུ་པ་དང་། ཅིག་ཤོས་ནི་རྟགས་ཀྱི་འཇུག་པའོ།། དེ་གཉིས་ལས་སུམ་ཅུ་པའི་བསྟན་བྱ་གཙོ་བོ་ནི་ཚིག་ཕྲད་ཀྱི་རྣམ་བཞག་ཡིན་ལ། རྟགས་ཀྱི་འཇུག་པའི་བརྗོད་བྱ་གཙོ་བོ་ནི་བྱ་ཚིག་གི་རྣམ་བཞག་ཡིན། དེ་ལས་སྔ་མ་སུམ་ཅུ་པའི་གཞུང་གི་རྩ་བ་ལས་བསྟན་པ་ལྟར་ན། རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་དང་། ཡང་ན་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་གྱི་ཁོངས་སུ་གཏོགས་པའི་ཚིག་ཕྲད་མི་འདྲ་བ་དུ་མ་ཞིག་དོན་འདྲ་བ་གཅིག་ལ་འཇུག་པའི་ཚུལ་མང་དུ་ཡོད་དེ། དཔེར་ན།  རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་དང་ཕྲད་རང་དབང་ཅན་དང་སྒྲ་གཉིས་ཁྱད་མེད་ཀྱིས་རྒྱུ་མཚན་སྟོན་པའི་དོན་ལ་འཇུག་པ་དང་། རྗེས་འཇུག་རང་འདྲའི་མཐར་སྦྱོར་བའི་གམ་སོགས་ཚིག་ཕྲད་བཅུ་འབྱེད་པ་དང་སྡུད་པའི་དོན་ལ་འཇུག་པ། དེ་བཞིན་དུ་ཕྲད་རང་དབང་ཅན་དང་སྒྲ་ཡང་འབྱེད་པ་དང་སྡུད་པའི་དོན་ལ་འཇུག་པ། གཞན་ནས་སྒྲ་ཡང་སྡུད་པའི་དོན་ལ་འཇུག་པ་སོགས་ཅི་རིགས་ཤིག་མཆིས། སུམ་ཅུ་པའི་རྩ་བའི་གཞུང་དུ་ཚིག་ཕྲད་མི་འདྲ་བ་དུ་མ་ཞིག་དོན་འདྲ་བ་གཅིག་ལ་འཇུག་པ་ཁ་ཐོར་གྱི་ཚུལ་དུ་བསྟན་ཡོད་པ་མ་གཏོགས། དེ་དག་གི་གོང་བུ་གཞི་གཅིག་ཏུ་བསྒྲིགས་ཏེ་ཕྱོགས་བསྡུས་སྒོས་བསྟན་མེད་པ་མ་ཟད། ཚིག་ཕྲད་དེ་དག་སོ་སོ་དོན་གཅིག་ལ་འཇུག་པའི་འཇུག་ཚུལ་ག་འདྲ་ཡིན་པའང་གསལ་བོར་བཀོད་མེད་པ་རེད། དེར་ང་ཚོས་ཚིག་ཕྲད་དེ་དག་དོན་གཅིག་ལ་འཇུག་པའི་འཇུག་ཚུལ་ཇི་འདྲ་ཡིན་པ་དེ་དག་སོ་སོའི་མཚན་གཞི་དཔེ་བརྗོད་དང་འབྲེལ་ཏེ་དབྱེ་ཞིབ་བྱེད་དུས། དེ་དག་ལས་ལ་ལ་ཞིག་དོན་གཅིག་ལ་འཇུག་པ་མ་ཟད། དོན་དེར་འཇུག་པའི་འཇུག་ཚུལ་ཡང་ཕལ་ཆེར་གཅིག་མཐུན་དུ་སྣང་སྟེ། དཔེར་ན། གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་བཅས་བཅུ་བོ་འབྱེད་སྡུད་སྟོན་པའི་དོན་ལ་འཇུག་པ་དང་། དང་སྒྲའང་འབྱེད་སྡུད་ལ་འཇུག་པ་ལྟ་བུ།  འབྱེད་སྡུད་ཀྱི་དོན་སྟོན་དུས་ཚིག་ཕྲད་དེ་གཉིས་ཕན་ཚུན་བར་བརྗེ་ཆོག་པར་འདོད་ལ། བརྗེ་ཚེ་བསྟན་བྱའི་དོན་ལ་འགྱུར་བ་ཅི་ཡང་འབྱུང་མི་སྲིད་པ་རེད། ཡིན་ན་ཡང་། ཚིག་ཕྲད་ལ་ལ་ཞིག་དོན་གཅིག་ལ་འཇུག་པ་འདྲ་བ་ཡིན་གྱི། རྗོད་ཚིག་ཁྲོད་དོན་དེར་འཇུག་པའི་འཇུག་ཚུལ་གྱི་ཐད་ལ་ཁྱད་པར་དང་ཧེ་བག་གི་ཆ་ཅུང་ཙམ་ཡོད་སྙམ་ཏེ། དཔེར་ན། སྐབས་བབ་ཀྱི་གླེང་བྱ་ནི་སྒྲ་དགར་བར་འཇུག་ཚུལ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་ལྟ་བུ། དེ་གཉིས་དགར་བའི་དོན་ལ་འཇུག་པ་འདྲ་ཡང་། སོ་སོར་དཔེ་བརྗོད་དང་བཅས་པ་དྲངས་ཏེ་བློ་རྣལ་མས་བསམ་བློ་བཏང་ཚེ། དགར་བའི་དོན་ལ་འཇུག་ཚུལ་མི་འདྲ་བའི་རྣམ་པ་ཞིག་མཐོང་ཐུབ་པར་འདོད།  གཞན་སྔོན་བྱོན་མཁས་པས་བརྩམས་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་དུ་མ་ལས་ཀྱང་། ནི་སྒྲ་དགར་བར་འཇུག་ཚུལ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་གྱི་ཐད་ལ་མཁས་པ་སོ་སོར་བཞེད་པ་མཐུན་མིན་ཅི་རིགས་སྣང་བས།  འདིར་ནི་སྒྲ་དགར་བ་ལ་འཇུག་ཚུལ་དང་། ནས་ལས་གཉིས་དགར་བར་འཇུག་ཚུལ་སྡེབ་གཅིག་ཏུ་བཞག་སྟེ་བསྡུར་བ་བྱེད་པ་བརྒྱུད། དེ་གཉིས་ཀ་དགར་བའི་དོན་ལ་འཇུག་ཚུལ་གྱི་རྣམ་པ་མི་འདྲ་བའི་ཆ་ཅུང་ཙམ་བརྗོད་པར་བྱ།
          དང་པོ། ནི་སྒྲ་དགར་བར་འཇུག་ཚུལ་བཤད་པ།
          སུམ་ཅུ་པའི་རྩ་བར“གང་མིང་མཐའ་དང་མཐུན་པ་ཡི།། བཞི་བ་ལ་ནི་ཨི་སྦྱར་བ།། དགར་དང་བརྣན་པའི་ཚིག་ཏུ་འགྱུར།།”ཞེས་བཀོད་ཡོད་ལ། དེའི་དོན་ནི་གང་ཡང་རུང་བའི་མིང་ཚིག་གི་མཐར་མཐའ་དེ་དང་མཐུན་པ་སྟེ་འོས་ཤིང་འཚམས་པའི་སྒོ་ནས་སྦྱར་དུ་རུང་བའི་ཕྲད་རྗེས་འཇུག་བཅུ་བའི་བཞི་བ་ན་ཡིག་ལ་དབྱངས་ཡིག་དང་པོ་ཨི་སྦྱར་བ་ལས་ནི་ཞེས་གྲུབ་པ་དེ། དགར་བྱ་གང་ཞིག་དགར་གཞི་གང་ལས་ལོགས་སུ་བཀར་བའི་དགར་བའི་དོན་དང་། བརྗོད་དོན་གང་ཞིག་ནན་ཏན་ཚུལ་གྱིས་བརྗོད་པའི་བརྣན་པའི་དོན་གཉིས་ལ་འཇུག་པ་ཡིན་ཞེས་པ་དེའོ།། དེ་ཡང་རྩ་བའི་གཞུང་གི་དངོས་བསྟན་དུ་ནི་སྒྲ་དགར་བ་དང་བརྣན་པའི་དོན་གཉིས་ལ་འཇུག་པ་བསྟན་ཡོད་ཀྱང་། རྗེས་སུ་དེ་གཉིས་ཀྱི་རྨང་གཞིའི་སྟེང་བོད་ཀྱི་བརྡ་སྤྲོད་མཁས་དབང་རྣམས་པས་རང་ཉིད་ཀྱི་གོ་བ་ལྟར་ཞིབ་ཆ་བཏད་པས་ནི་སྒྲའི་འཇུག་པ་ཇེ་མང་དུ་ཕྱིན་པ་རེད། དེས་ན་ནི་སྒྲ་བརྣན་པ་ལ་འཇུག་ཚུལ་ནི་སྐབས་སུ་བབ་པའི་གླེང་བྱ་མིན་པས་ཚིག་མང་སྤྲོས་བརྗོད་བྱེད་དགོས་པའི་དགོས་པ་མེད་སྙམ་ལ། འདིར་ཚབ་མཚོན་རང་བཞིན་དུ་གྱུར་པའི་བོད་ཀྱི་བརྡ་སྤྲོད་བསྟན་བཅོས་དུ་མ་ལས་ནི་སྒྲ་དགར་བའི་དོན་ལ་འཇུག་པའི་ནང་གསེས་དབྱེ་བ་ཇེ་མང་དུ་སོང་ཡོད་ཚུལ་ཇི་འདྲ་ཡིན་པ་ཅུང་ཙམ་སྨྲས་ན་འདི་ལྟ་སྟེ། 《སྨྲ་སྒོ་མཚོན་ཆ》རུ། “ནི་ཞེས་བྱ་བའི་སྒྲ་ནི་དགར་བ་དང་བསྣན་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་དགར་བ་ལ་ཡང་ཟླ་ལས་དགར་བ་དང་། བཀོད་པ་ལས་དགར་བའོ།། དེ་ལ་ཟླ་ལས་དགར་བ་ནི་དགར་བའི་གནས་དམིགས་ཀྱིས་མ་སྨོས་ཀྱང་དོན་གྱིས་ཡོད་པར་ཤེས་པར་བྱའོ།། བཀོད་པ་ལས་དགར་བ་ནི་སྔར་ངོ་བོ་བཀོད་ནས་ཕྱིས་གཏན་ཚིགས་འཇོག་པ་ལྟ་བུའོ།།”[①]ཞེས་ནི་སྒྲ་དགར་བར་འཇུག་པ་ལ་ནང་གསེས་དབྱེ་བ་གཉིས་ཕྱེ་ཡོད་པ་རེད། 《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན》དུ་ནི་སྒྲ་དགར་བ་ལ་འཇུག་པར་མཆོག་ཏུ་དགར་བ་དང་། དམན་པར་དགར་བ། ཐ་དད་ཙམ་དུ་དགར་བ་བཅས་ནང་གསེས་དབྱེ་བ་གསུམ་བསྟན་འདུག་ལ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་ཀྱང་དགར་བར་རིགས་མཐུན་དགར་བ་དང་། རིགས་མི་མཐུན་དགར་བ། དམིགས་ཀྱིས་དགར་བ་བཅས་གསུམ་དུ་དབྱེ་འདུག 《གསེར་ཏོག་སུམ་རྟགས》ལས་ནི་སྒྲ་ཁྱོན་བསྡོམས་དོན་བཅུ་ལ་འཇུག་པའི་ཚུལ་རྒྱས་པར་གསུངས་ཡོད་ཅིང་། དེ་ལས་དགར་བར་འཇུག་ཚུལ“ལོགས་སུ་དགར་བ་ལ། མཆོག་ཏུ་དགར་བ་དང་། དམན་པར་དགར་བ། ཐ་དད་ཙམ་དུ་དགར་བ་དང་གསུམ་ཡོད་དེ”[②]ཞེས་ཀརྨ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དབྱེ་བ་དང་གཅིག་མཐུན་རེད།   ཚིག་བརྒྱ་མདོར་དྲིལ་ན། བོད་སྐད་བརྡ་སྤྲོད་ཀྱི་བསྟན་བཅོས་ཐོག་མར་མཛད་དུས་ནི་སྒྲ་དགར་བའི་དོན་ལ་འཇུག་པ་ཙམ་ལས་བྱེ་བྲག་གི་དབྱེ་བ་ཕྱེ་མེད་ལ། རྗེས་སུ་བོད་ཀྱི་མཁས་དབང་རྣམས་པས་དེའི་རྨང་གཞི་སྟེང་ནི་སྒྲ་དགར་བར་འཇུག་པ་ཁ་ཇེ་གསལ་དུ་བཏང་སྟེ་དེའི་ནང་གསེས་དབྱེ་བ་ཇེ་མང་དུ་ཕྱིན་པ་རེད། སྤྱིར་བཏང་དུ་འཇིག་རྟེན་སྟེང་གི་བྱ་དངོས་གང་ཞིག་ཡིན་ནའང་། སྣ་གཅིག་ནས་སྣ་མང་ཅན་དུ་འཕེལ་བ་དང་། ཁ་མི་གསལ་བ་ནས་ཁ་ཇེ་གསལ་དུ་འགྲོ་བ་ནི་བྱ་དངོས་ཀུན་འཕེལ་རྒྱས་སུ་འགྲོ་བའི་ཆོས་ཉིད་དང་། དམའ་རིམ་ནས་མཐོ་རིམ་ལ་འཕེལ་བའི་གོ་རིམ་ཞིག་ཀྱང་ཡིན་པས། ནི་སྒྲ་དགར་བར་འཇུག་པའི་ནང་གསེས་དབྱེ་བ་ཇེ་མང་དུ་སོང་བ་ནི། ནི་སྒྲའི་སྦྱོར་ཚུལ་གྱི་གཞུང་ལུགས་ཁ་ཇེ་གསལ་དང་ཇེ་ཞིབ་ཏུ་འགྲོ་བཞིན་པའི་རྟགས་སུ་མངོན་ཆོག་པར་འདོད་ལ། དེ་ཡང་སྙན་ངག་པ་ལ་ཅི་ཡང་སྙན། མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་ཇི་བཞིན། བརྡ་སྤྲོད་མཁས་དབང་རྣམས་པས་རང་ཉིད་ཀྱི་གོ་བ་ལྟར་ནང་གསེས་འདྲ་མིན་སྣ་ཚོགས་དབྱེ་བའི་ཐད་ལ། འོལ་ཚོད་ཀྱིས་འདི་ལེགས་དང་དེ་མི་ལེགས་ཞེས་མཐའ་ཚིག་བསྒྲགས་མི་རུང་ལ། ཕྱི་ནང་རིག་གནས་ཀུན་ལ་ཐོས་བསམ་དབེན་པའི་སློབ་མ་ཐ་ཤལ་བ་ངར་དེ་ལྟར་བརྗོད་པའི་སྤོབས་པའང་ཡེ་མ་མཆིས་སོ།།  གང་ལྟར་དབྱེ་བ་ཅི་ཙམ་བགོས་ཡོད་རུང་། ཡོད་ཚད་དགར་བའི་ཁོངས་གཏོགས་སུ་འདུས་པས། སུམ་ཅུ་བའི་རྩ་བར་དངོས་སུ་བསྟན་ཡོད་པ་སྟེ་ནི་སྒྲ་དགར་བའི་དོན་ལ་འཇུག་པ་ལས་ཡན་གར་བར་འདས་མེད་པ་རེད།
          གཉིས་པ། ནས་ལས་གཉིས་དགར་བར་འཇུག་ཚུལ་བཤད་པ།
          སུམ་ཅུ་པའི་རྩ་བར“རྗེས་འཇུག་ཡི་གེ་བཅུ་བོ་ལས།། བཞི་བ་དགུ་བ་ལ་བཅུ་བ།། དགར་བ་འབྱུང་ཁུངས་ས་ཡིན་ཏེ།། དགར་དང་སྡུད་པའང་དེ་བཞིན་ནོ།།” ཞེས་དཀོད་ཡོད་ལ། དེའི་དོན་ནི་རྗེས་འཇུག་བཅུ་ལས་བཞི་བ་ན་ཡིག་དང་དགུ་བ་ལ་ཡིག་གཉིས་ལ་སོ་སོར་བཅུ་བ་ས་ཡིག་སྦྱར་བས། ནས་དང་ལས་ཞེས་གྲུབ་པ་ནི། ཆོས་གང་ཞིག་གང་ལས་བྲལ་བའམ་འབྱུང་བ་སྟོན་པའི་དོན་དུ་འཇུག་པ་མ་ཟད། དགར་གཞི་ལས་ལོགས་སུ་དགར་བའི་དོན་ལའང་འཇུག་པ་དང་། དེ་གཉིས་ལས་ནས་ཀྱི་སྒྲ་གཅིག་པུ་ནི་མཚམས་འཛིན་ཅིང་སྡུད་པའི་དོན་དུའང་དེ་བཞིན་དུ་འཇུག་པ་ཡིན་ཞེས་པ་དེའོ།། ནས་ལས་གཉིས་ཀ་འཇུག་ཚུལ་མང་དུ་ཡོད་པ་ལས་འབྱུང་ཁུངས་སྟོན་པའི་དོན་དུ་འཇུག་པ་དང་། ནས་སྒྲ་སྡུད་པར་འཇུག་པ་སོགས་སྐབས་སུ་བབ་པའི་བརྗོད་བྱ་མིན་པས་གླེང་བའི་དགོས་པ་མེད་པ་དང་། ད་ནི་འདིར་ནས་ལས་གཉིས་དགར་བའི་དོན་ལ་འཇུག་ཚུལ་གྱི་སྐོར་རགས་ཙམ་སྨྲས་ན། ལྷའི་ནང་ནས་རྡོ་རྗེ་རྩེ་བརྒྱ་འཛིན་པ་བརྒྱ་བྱིན་ནོ་ཞེས་པ་དང་། མིའམ་ཅི་ལས་དྲི་ཟ་ཐ་དད་དོ་ཞེས་པའི་དཔེ་བརྗོད་འདི་གཉིས་ལྟ་བུ་ནི་ནས་ལས་དགར་བར་འཇུག་པའི་མཚན་གཞི་དཔེ་བརྗོད་དུ་འཇོག་རུང་།   དེ་ཡང་ནས་ལས་ཞེས་པའི་ཕྲད་འདི་གཉིས་ལ་བྱེད་འབྲེལ་སོགས་དང་འདྲ་བར་ངེས་གཏན་གྱི་སྒྲའི་སྦྱོར་ཚུལ་ཞིག་མེད་དེ། “ནས་ལས་འབྱུང་ཁུངས་དགར་སྡུད་དེ།། འབྱུང་ཁུངས་དངོས་ལ་གང་སྦྱར་ཐུས།།”[③]ཞེས་འབྱུང་ཁུངས་དངོས་ལ་འཇུག་དུས་གང་བདེར་སྦྱར་ཆོག་པ་ཞིག་ཏུ་སྣང་ཡང་། དགར་བའི་དོན་ལ་འཇུག་སྐབས་དེ་གཉིས་གང་དྲན་དྲན་གྱིས་སྦྱོར་ཆོག་པ་ཞིག་མིན་ཏེ། 《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན》དུ“ལྷ་ཆེན་པོ་ལས་བདེ་བར་གཤེགས་པ་ཡོན་ཏན་དུ་མས་འཕགས་སོ།། ཞེས་པ་ལྟ་བུ་སྟེ་འདི་འདྲའི་རིགས་ལ་ལས་ཀྱི་སྒྲ་ཉིད་འཇུག་གོ དེ་བཞིན་དུ་གཞི་གཉིས་སམ་མང་པོ་ལས་ཀྱང་རུང་། དེ་དག་གི་ནང་ནས་བྱུང་བ་ལྟ་བུ་མ་ཡིན་པར་ལོགས་སུ་དགར་བ་ཙམ་གྱི་དོན་ལའང་ལས་ཀྱི་སྒྲ་ཉིད་འཇུག་སྟེ། ཁ་དོག་རྣམས་ལས་དཀར་པོ་ཉིད་མཛེས་སོ་ལྟ་བུའོ།།”ཞེས་དང་། “བྱ་བ་རྣམས་ཀྱི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་མཆོད་པ་ནི་ཕུལ་དུ་བྱུང་བའོ།། ལྟ་བུ་སྟེ་འདི་འདྲ་ལ་ནས་སྒྲ་ཉིད་འཇུག་གོ”[④]ཞེས་དཔེ་བརྗོད་ལ་ལ་ཞིག་ལ་ལས་སྒྲ་མ་གཏོགས་ནས་སྒྲ་མི་འཇུག་པ་དང་། དེ་ལས་ལྡོག་སྟེ་ལ་ལ་ཞིག་ལ་ནས་སྒྲ་མ་གཏོགས་ལས་སྒྲ་མི་འཇུག་པར་བསྟན་ཡོད་པ་རེད། དེ་ཡང་ནས་ལས་གཉིས་རིགས་མཐུན་པར་དགར་བ་དང་རིགས་མི་མཐུན་པར་དགར་བ་གཉིས་ལ་ཇི་ལྟར་འཇུག་ཚུལ་ཐད། 《ལེགས་བཤད་ལྗོན་དབང》ལས“རིགས་མཐུན་དགར་ནས་མི་མཐུན་ལས།། སྡུད་ལ་ནས་སྒྲ་ཁོ་ན་འཇུག”[⑤]ཅེས་རིགས་མཐུན་པར་དགར་བ་ལ་ནས་སྒྲ་འཇུག་པ་དང་། རིགས་མི་མཐུན་པར་དགར་བ་ལ་ལས་སྒྲ་འཇུག་པ་བསྟན་འདུག དེ་གཉིས་མཚན་གཞི་དཔེ་བརྗོད་དང་སྦྲགས་ནས་དབྱེ་ཞིབ་བྱེད་སྐབས། རིགས་མི་མཐུན་པའི་དགར་བ་ལ་ལས་སྒྲ་ཁོ་ན་འཇུག་པ་ནི་སྒྲུབ་བྱེད་དཔེ་བརྗོད་དུ་མས་བསྒྲུབས་ཐུབ་སྟེ། རྟ་ལས་བོང་བུ་ཞན། ཁོ་ལས་ཁོ་མོ་བཟང་། གྲོང་ཁྱེར་ལས་རྩྭ་ཐང་མཛེས་ལྟ་བུ་སོགས་མང་ངོ་།། ཡིན་ནའང་། རིགས་མཐུན་དགར་བ་ལ་ནས་སྒྲ་ལས་གཞན་སྐབས་ལ་ལར་ལས་སྒྲ་འཇུག་པའང་ཡོད་པས། རིགས་མཐུན་དགར་བ་ལ་ནས་སྒྲ་འཇུག་ཞེས་པར་ད་རུང་དཔྱད་པ་གཏོང་དགོས་པའི་གནད་ཅིག་འདུག་སྙམ།  དཔེར་ན། རྟ་རྣམས་ལས་ཅང་ཤེས་མཆོག་ཅེས་པའི་དཔེ་བརྗོད་འདི་ལྟ་བུ་ལ་མཚོན་ན། ཕྲད་ནས་ལས་གཉིས་ལས་ལས་སྒྲ་སྦྱར་ཡོད་ཀྱང་། དོན་གྱི་སྟེང་ནས་རིགས་མཐུན་པའི་དགར་བར་འཇུག་པས། དཔེ་བརྗོད་འདི་ལྟ་བུའི་རིགས་ལ་རིགས་མཐུན་དགར་བ་ལའང་ལས་སྒྲ་འཇུག་པ་མངོན་གསལ་རེད། དེ་ལས་གཞན་ནས་སྒྲ་རིགས་མཐུན་དགར་བར་འཇུག་པའི་དཔེ་བརྗོད་དེ། རྟ་རྣམས་ཀྱི་ནང་ནས་ཅང་ཤེས་མཆོག་ཅེས་པ་དང་། ཁ་དོག་རྣམས་ཀྱི་ནང་ནས་དཀར་པོ་མཛེས་ཞེས་པའི་མཚན་གཞི་དཔེ་བརྗོད་འདི་དག་ལ་མཚོན་ན། ནས་སྒྲའི་སྔོན་དུ་ནང་ཞེས་པའི་མིང་ཞིག་ཚིག་གྲོགས་སུ་སྦྱར་ན། ད་གཟོད་རིགས་མཐུན་པ་ལས་དགར་བའི་དོན་སྟོན་ཐུབ་སྟེ། གལ་ཏེ་ནས་སྒྲའི་སྔོན་དུ་ནང་ཞེས་པ་མ་སྦྱར་ན། ཁ་དོག་རྣམས་ཀྱི་ནས་དཀར་པོ་མཛེས་ཞེས་པ་ལྟ་བུ་རུ་ཆགས་ཏེ་དོན་ཅི་ཡང་སྟོན་དུ་མེད་པར་འགྲོ་སྲིད་ལ། དེ་བཞིན་ནང་ཞེས་པའི་མིང་ངམ་ཚིག་གྲོགས་སྔོན་དུ་མ་སྦྱར་ན་ནས་སྒྲ་ཡིས་དགར་བའི་དོན་ཡང་སྟོན་མི་ཐུབ་བོ།། གོང་དུ་བཀོད་པའི་དཔེ་བརྗོད་ལས། དགར་གཞི་རྟ་དང་དགར་བྱ་ཅང་ཤེས་བར་སྤྱི་བྱེ་བྲག་གི་འབྲེལ་བ་ངེས་ཅན་ཞིག་མཆིས་ལ། ཁ་དོག་དང་དཀར་པོ་བར་ལའང་དེ་བཞིན་ནོ།། དེས་ན་ཕྲན་གྱི་ལྟ་ཚུལ་ཡིན་ན། ནང་ཞེས་པའི་མིང་ནི་དགར་བྱ་དེ་དགར་གཞི་ཡི་ཁོངས་སུ་གཏོགས་པའམ། ཡང་ན་དགར་གཞི་དང་དགར་བྱ་བར་སྤྱི་བྱེ་བྲག་གི་འབྲེལ་བ་ཡོད་པ་སྟོན་བྱེད་ཀྱི་གསལ་བྱེད་ཀྱི་མིང་ལྟ་བུ་ཞིག་ཏུ་གོ་ཆོག་པར་འདོད་ལ། ནང་ཞེས་པའི་མིང་དེ་ནས་སྒྲ་ཡི་སྔོན་དུ་སྦྱར་ན་ད་གཟོད་དགར་བའི་དོན་ཆ་ཚང་ཞིག་སྟོན་ཐུབ་པ་རེད། གོང་དུ་བཀོད་པའི་དཔེ་བརྗོད་དག་ལས། རིགས་མཐུན་དགར་བ་ལ་ནས་སྒྲ་མ་གཏོགས་ལས་སྒྲའང་འཇུག་པ་རྟོགས་ཐུབ་ལ། དེ་དང་འབྲེལ་ཏེ་དབྱངས་ཅན་གྲུབ་པའི་རྡོ་རྗེས“རིགས་མཐུན་དགར་ནས་མི་མཐུན་ལས།”ཞེས་རིགས་མཐུན་དགར་བ་ལ་ནས་སྒྲ་འཇུག་པ་བསྟན་པ་ནི། གོང་དུ་ཞུས་ཟིན་པ་སྟེ་དགར་བྱ་དེ་དགར་གཞི་ཡི་ཁོངས་གཏོགས་ཡིན་པ་མཚོན་བྱེད་ཀྱི་གསལ་བྱེད་ཀྱི་སྒྲ་ནང་ཞེས་པ་དངོས་སུ་སྦྱར་བའི་ཚེ། ནང་ནས་ཞེས་མ་གཏོགས་ནང་ལས་ཞེས་སྦྱོར་མི་རུང་བས། སྐབས་དེ་འདྲ་ཞིག་ལ་ནས་སྒྲ་འཇུག་པ་ཡིན་ཞེས་པའི་དོན་ལྟར་གོ་བ་བླངས་ན་ཨེ་འགྲིག་གམ་སྙམ། འདི་ནི་བློ་རྩིང་བོ་བ་ཞིག་གི་ཆ་ནས་བསླངས་པའི་དོགས་པ་ཕྲན་བུ་ཞིག་ཡིན་པ་ལས་ཁ་ཚོན་གཅོད་པའི་སྤོབས་པ་ནི་ཡེ་མ་མཆིས་སོ།། མདོར་ན། ལས་སྒྲའང་ནས་སྒྲ་ཇི་བཞིན་རིགས་མཐུན་དགར་བ་ལ་འཇུག་མོད། དབྱངས་ཅན་གྲུབ་པའི་རྡོ་རྗེས《ལེགས་བཤད་ལྗོན་དབང》དུ་ནས་སྒྲ་ལས་ལས་སྒྲ་རིགས་མཐུན་དགར་བར་འཇུག་པ་མ་བསྟན་པའི་རྒྱུ་མཚན་ཅི་ཡིན་པ་ལ། ད་རུང་དཔྱད་པ་གཏོང་དགོས་པའི་གནད་ཅིག་འདུག་སྙམ་མོ།།
          གསུམ་པ། ནི་སྒྲ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་གྱི་ཁྱད་པར།
          གཅིག    རྗོད་ཚིག་གཅིག་ཏུ་ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་ལྷན་གཅིག་ཏུ་འབྱུང་སྐབས་དགར་བའི་དོན་སྟོན་ཚུལ།
          སི་ཏུ་ཆོས་ཀྱི་འབྱུང་གནས་དང་པྲ་ཏི་རིན་ཆེན་དོན་གྲུབ་སོགས་གཙོ་བྱས་པའི་སྔོན་བྱོན་གྱི་བརྡ་སྤྲོད་སྨྲ་བ་གང་མང་ཞིག་གིས་ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་ལྷན་གཅིག་ཏུ་བྱུང་བའི་དཔེ་བརྗོད་དེ། ཁྱབ་འཇུག་ནི་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ།། ལྷ་ནི་མི་ལས་མཛེས། ལྷ་རྣམས་ལས་མིག་སྟོང་དང་ལྡན་པ་ནི་བརྒྱ་བྱིན་ནོ།། ཞེས་པ་སོགས་ནི་སྒྲ་དགར་བར་འཇུག་པའི་དཔེ་བརྗོད་དུ་བཞག་ཡོད་ཀྱང་། བློ་རྣལ་མས་གོང་གི་དཔེ་བརྗོད་འདི་དག་ལ་ཞིབ་ཏུ་བརྟག་པའི་ཚེ། གནད་དོན་ཞིག་འབྱུང་སྲིད་པ་ནི། ལྷ་རྣམས་ལས་མིག་སྟོང་དང་ལྡན་པ་ནི་བརྒྱ་བྱིན་ནོ་ཞེས་པ་ལྟ་བུའི་དཔེ་བརྗོད་ལ་མཚོན་ནས་བཤད་ན། དགར་གཞི་ལྷ་ལས་དགར་བྱ་བརྒྱ་བྱིན་ལོགས་སུ་འགེར་ཐུབ་པ་ནི་སྒྲའི་བྱེད་ནུས་ཡིན་ནམ། ཡང་ན་ལས་སྒྲའི་བྱེད་ནུས་ཡིན་ཞེ་ན། ལས་སྒྲའི་བྱེད་ནུས་ཡིན་ཏེ། གལ་ཏེ་སྦྱོར་ཚིག་འདི་ལྟ་བུ་ལ་ནི་སྒྲ་མ་སྦྱར་བ་ཡིན་ན། ལྷ་རྣམས་ལས་མིག་སྟོང་དང་ལྡན་པ་བརྒྱ་བྱིན་ནོ་ཞེས་པ་ལྟ་བུར་གྱུར་པ་སྔ་མའི་དོན་དང་གཅིག་མཚུངས་སུ་སྣང་ལ། འོན་ཏེ་ལས་སྒྲ་མ་སྦྱར་ཚེ་ལྷ་རྣམས་མིག་སྟོང་དང་ལྡན་པ་བརྒྱ་བྱིན་ནོ་ཞེས་པ་རུ་ཆགས་ཏེ་རྗོད་པའི་དོན་གྱི་ངོ་བོ་འགྱུར་སྲིད་པ་རེད། རང་རེའི་སྔོན་བྱོན་མཁས་པ་དག་གི་རིགས་པའི་བརྒལ་བརྟགས་ཧ་ཅང་ཟབ་ཅིང་བརླིང་ཕྱིར། གོང་དུ་བརྗོད་པའི་གནད་དོན་གྱི་སྐོར་ལ་སྔ་མོ་ནས་ངེས་ཤེས་གསལ་བོར་འདྲོངས་ཡོད་དེ། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས“གསེར་བུམ་ནི་ཟངས་བུམ་ལས་རྒྱུ་བཟང་། ལྷ་ནི་མི་ལས་མཛེས། ཞེས་བཀོད་པ་གཉིས་ལ་མེར་གེན་མཁན་པོ་ན་རེ། དེ་ནི་མ་གོ་བ་ཆེན་པོ་སྟེ། དེ་དག་ནི་ལས་སྒྲ་ཁོ་ནའི་ནུས་པས་བཀར་པའི་ཕྱིར། མ་གྲུབ་ན། དེ་དག་ལ་ལས་མ་སྦྱར་ན་འབྲེལ་མེད་ཅིང་། ནི་བསུབ་ཚེ་བརྗོད་བདེ་བའི་ཕྱིར་རོ།། ཞེས་བཤད་དེ་བདེན་པ་ལྟར་སྣང་།”[⑥]ཞེས་པ་ལས་རྗེ་ཚེ་ཏན་ཞབས་དྲུང་མཆོག་གི་སྔོན་དུ་མེར་གན་མཁན་པོ་སེ་ར་བ་ཡེ་ཤེས་རྣལ་འབྱོར་ཞེས་འབོད་པའི་མཁས་པ་དེས་གནད་དོན་འདིར་བློ་རྣལ་མས་དཔྱད་པ་བཏང་ཟིན་པ་ཤེས་ཐུབ་ལ། རྗེ་ཚེ་ཏན་ཞབས་དྲུང་གིས་བདེན་པ་ལྟར་སྣང་ཞེས་གདེང་འཇོག་མཛད་པ་ལས་ཁོང་ཉིད་ཀྱང་འདིའི་རྗེས་སུ་འབྲངས་ཡོད་པ་ཤེས་ཐུབ།  རྒན་དཔའ་རིས་སངས་རྒྱས་ཀྱིས་གོང་མ་ལས་ཀྱང་ཁ་ཇེ་གསལ་གྱི་སྒོ་ནས“ལྷའི་ནང་ནས་བརྒྱ་བྱིན་ནི་མིག་སྟོང་དང་ལྡན་པའོ།། རྟ་མཆོག་ནི་རྟ་གཞན་ལས་འགྲོས་མགྱོགས། ལྟ་བུ་སོགས་ནི་སྒྲའི་དགར་བ་དངོས་མིན་ཏེ། ནས་ལས་དག་གི་དགར་བའོ།།”[⑦]ཞེས་ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་རྗོད་ཚིག་གཅིག་ཏུ་འབྱུང་སྐབས། དགར་བའི་དོན་ནས་ལས་གཉིས་ཀྱི་སྒྲས་སྟོན་པ་ལས་ནི་སྒྲས་སྟོན་ཐུབ་ཀྱིན་མེད་པ་དང་། དེ་ལྟ་བུ་དག་ནི་སྒྲ་དགར་བ་དངོས་ལ་འཇུག་པའི་དཔེ་བརྗོད་མིན་པ་དངོས་སུ་བསྟན་ཡོད་པས་ན། འདིར་སྔོན་བྱོན་མཁས་པ་དག་གི་དངོས་སུ་བསྟན་ཡོད་པ་ལ། རང་ཉིད་ཀྱིས་གསར་དུ་གནད་དོན་ཞིག་རྙེད་པའི་ཚུལ་གྱིས་དཔྱད་པ་གཏོང་ཁུལ་བགྱི་བའི་དགོས་པ་ཅང་མེད་པར་འདོད། དེ་ཡང་གོང་གི་རྐྱེན་འདིར་གཞིགས་ཏེ། 《བདག་གཞན་རྣམ་གཞག》ཅེས་པ་རུ་ཆེད་དུ་ནི་སྒྲ་དང་འབྲེལ་བའི་དཔྱད་པ་ཞིག་བཀོད་ཡོད་པ་ལས། “ནི་སྒྲའི་སྐབས་ཀྱི་དགར་བ་ནི་འབྱུང་ཁུངས་སྐབས་ཀྱི་དགར་བ་དང་གཏན་ནས་མི་འདྲ་བའི་རིགས་ཤིག་ཡིན་ཏེ། ནས་སྒྲ་ནི་རིགས་མཐུན་དགར་གཞི་སྤྱིའི་ནང་ནས་བྱེ་བྲག་སྟེ་དགར་བྱ་གཉིས་སོ་སོར་འབྱེད་ཅིང་ཁྱད་ཆོས་ཀྱི་སྒོ་ནས་ལོགས་སུ་དགར་བ་ཞིག་ཡིན་ཏེ།……ལས་སྒྲ་ནི་བསྡུར་གཞི་དང་བསྡུར་བྱ་གཉིས་སོ་སོར་འབྱེད་ཅིང་ཁྱད་ཆོས་ཀྱི་སྒོ་ནས་ལོགས་སུ་དགར་བ་ཞིག་ཡིན་ཏེ” ཞེས་དང་། “འདིར་རང་གི་ལྟ་ཚུལ་ཡིན་ན། ནི་སྒྲ་དགར་བ་དང་བརྣན་པའི་ཚིག་ཏུ་འགྱུར་ཞེས་པའི་དགར་བ་ནི། དགར་གཞི་ལས་དགར་བྱ་ལོགས་སུ་དགར་བ་དེ་འདྲ་ཞིག་མིན་པར། ཚིག་གི་ཆ་ཤས་སུ་གྱུར་པའི་མིང་གཉིས་ཀྱི་རྣམ་པ་གཅིག་ཏུ་མི་འདྲེས་པར་སོ་སོར་འགེར་ཐུབ་པ་ཞིག་ལ་བྱ་དགོས་སྙམ། འདིར་ཚེ་རིང་ནི་བཀྲ་ཤིས་ཀྱི་ཨ་ཕ་ཡིན་ཞེས་པ་ལ་མཚོན་ན། འདིའི་ཚེ་རིང་དང་བཀྲ་ཤིས་ནི་མིང་གཉིས་ཡིན་པར་གོ་བ་དེ། ནི་སྒྲའི་ནུས་པས་སོ་སོར་བཀར་བའི་སྟབས་ཡིན”[⑧] ཞེས་ཞིབ་ཅིང་རྒྱས་པའི་སྒོ་ནས་དབྱེ་ཞིབ་མཛད་འདུག ཡིན་ནའང་། སུམ་ཅུ་བའི་རྩ་བར་ནི་སྒྲ་དགར་བ་ལ་འཇུག་པ་དངོས་སུ་བསྟན་ཡོད་པའི་དགར་བ་དེ་ཚིག་གི་ཆ་ཤས་སུ་གྱུར་བའི་མིང་གཉིས་ཀྱི་རྣམ་པ་གཅིག་ཏུ་མི་འདྲེས་པར་སོ་སོར་འགེར་ཐུབ་པ་ཞིག་ལ་གོ་ན་ཅུང་ཐལ་དྲགས་པར་སྙམ་ཏེ། རྣམ་དབྱེ་དང་པོ་དང་བརྒྱད་པ་མ་ཚུད་པའི་རྣམ་དབྱེ་གཞན་དག་ལའང་ཆོས་གང་ཡང་རུང་བའི་མིང་དེ་གཞན་དང་མ་འདྲེས་པར་སོ་སོར་དབྱེ་བ་འགེར་ཐུབ་པའི་བྱེད་ནུས་ལྡན་པ་རྣམ་དབྱེ་ཞེས་པའི་གོ་དོན་ལས་ཀྱང་བདེན་དཔང་བྱེད་ཐུབ། འདིར་དཔེ་བརྗོད་ཅིག་དང་འབྲེལ་ཏེ་སྨྲས་ན། ཚེ་རིང་གི་དཔེ་ཆ་ཞེས་པ་ལྟ་བུ་ལ་མཚོན་ན། འབྲེལ་སྒྲའི་ཕྲད་ཀྱི་བྱེད་ནུས་ཀྱིས་ཚེ་རིང་དང་དཔེ་ཆ་ཞེས་པའི་མིང་གཉིས་གཅིག་ཏུ་མ་འདྲེས་པར་སོ་སོར་བཀར་བ་ལྟ་བུའོ།། ནི་སྒྲའི་དགར་བ་དེ་མིང་གི་ཆ་ཤས་སོ་སོར་དགར་བ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་དགོས་ཚེ། དེ་དང་འདྲ་བར་རྣམ་དབྱེ་གཞན་དག་ལའང་དགར་བའི་དོན་སྟོན་པའི་བྱེད་ནུས་ལྡན་པ་ཁས་ལེན་དགོས་ཤིང་། དེར་བསྟུན་ཏེ་འོ་ན་སུམ་ཅུ་བའི་རྩ་བའི་གཞུང་དུ་ནི་སྒྲ་དགར་བར་འཇུག་པ་དང་། ནས་ལས་གཉིས་དགར་བར་འཇུག་པ་བསྟན་པ་ལས། འབྲེལ་སྒྲ་སོགས་རྣམ་དབྱེ་གཞན་གྱི་སྐབས་དེ་དག་དགར་བར་འཇུག་པ་མ་བསྟན་པ་ཅི་ཡིན་ནམ་ཞེས་པའི་དྲི་ཚིག་ཞིག་ཀྱང་རང་བཞིན་གྱིས་གྲུབ་ཡོང་བས། ནི་སྒྲའི་སྐབས་ཀྱི་དགར་བ་མིང་གི་ཆ་ཤས་སོ་སོར་དགར་བ་ཞིག་ལ་ངོས་འཛིན་གནང་བ་ནི། ཕྱོགས་གཅིག་མཐོང་སྟེ་ཕྱོགས་གཞན་མ་མཐོང་བའི་ནོར་འཁྲུལ་ཞིག་རེད་འདོད་ལ། དེ་ལྟར་ངོས་འཛིན་གནང་ན་མི་འོས་པར་སེམས། གཞན་ནི་སྒྲའི་སྐབས་ཀྱི་དགར་བ་ནི་འབྱུང་ཁུངས་སྐབས་ཀྱི་དགར་བ་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པར་འདོད་པའང་ཅུང་ཟད་ཐལ་དྲགས་པར་སྙམ་ཏེ། བསམ་འཕེལ་དབང་རྒྱལ་ནི་ནོར་བུ་རྣམས་ཀྱི་མཆོག་ཞེས་པ་ལྟ་བུ་ལ་མཚོན་ན། དགར་གཞི་ནོར་བུ་ལས་དགར་བྱ་བསམ་འཕེལ་དབང་རྒྱལ་ལོགས་སུ་དགར་བ་ཡིན་པས། ལས་སྒྲ་སྦྱར་བའི་དཔེ་བརྗོད་དེ་ནོར་བུ་རྣམས་ལས་བསམ་འཕེལ་དབང་རྒྱལ་མཆོག་ཅེས་པའི་དགར་ཚུལ་དང་གཅིག་འདྲ་རེད་དོ།། ཚེ་རིང་ནི་བཀྲ་ཤིས་ཀྱི་ཨ་ཕ་ཡིན་ཞེས་པ་ལྟ་བུ་ལ་མཚོན་ན། ནི་སྒྲའི་བྱེད་ནུས་ཀྱིས་ཚེ་རིང་དང་བཀྲ་ཤིས་ཞེས་པའི་མིང་གཉིས་སོ་སོར་བཀར་བ་ཡིན་མོད། ཚེ་རིང་ཞེས་འབོད་པའི་མི་དེ་བཀྲ་ཤིས་ཀྱི་ཨ་ཕ་ཡིན་པ་ནན་ཏན་ཚུལ་གྱིས་བརྗོད་ཡོད་པས། དེ་ནི་ནི་སྒྲ་བརྣན་པའམ་ངེས་བཟུང་དུ་འཇུག་པའི་དཔེ་བརྗོད་དུ་ངོས་འཛིན་གནང་ནའང་འགལ་བའི་རྒྱུ་རུ་མི་འགྲོ་སྙམ། ད་ནི་གོང་དུ་བརྗོད་པ་ཐམས་ཅད་ཕྱོགས་སྡོམ་གྱི་ཚུལ་དུ་སྨྲས་ན། ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་རྗོད་ཚིག་གཅིག་ཏུ་འབྱུང་སྐབས། ནས་ལས་གཉིས་ཀྱི་ནུས་པས་དགར་བའི་དོན་སྟོན་པ་ཡིན་གྱི་ནི་སྒྲས་དགར་བའི་དོན་སྟོན་མི་ཐུབ་པ་དངོས་ཡིན་མོད། དེར་གཞིགས་ཏེ་ནི་སྒྲ་དགར་གཞི་གཅིག་ལས་དགར་བྱ་ལོགས་སུ་བཀར་བའི་དགར་བའི་དོན་ལ་མི་འཇུག་ཅེས་བརྗོད་ན་མི་རིགས་པར་སེམས། ཞོར་དུ་གསལ་བཤད་བྱ་དགོས་པ་ཞིག་ལ། ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་རྗོད་ཚིག་གཅིག་ཏུ་འབྱུང་སྐབས་ནི་སྒྲས་དགར་བའི་དོན་སྟོན་མི་ཐུབ་པ་བདེན་གྱི། སྐབས་དེར་ནི་སྒྲས་བྱེད་ནུས་ཅི་ཡང་ཐོན་མི་ཐུབ་པར་ཚིག་གི་ལྷག་མ་ཙམ་དུ་སྦྱར་བའང་མིན་པར་འདོད་དེ། ལྷའི་ནང་ནས་བརྒྱ་བྱིན་ནི་མིག་སྟོང་དང་ལྡན་ནོ་ཞེས་པ་ལྟ་བུ་ལ་མཚོན་ན། ལྷའི་ནང་ནས་ལོགས་སུ་བཀར་ཟིན་པའི་བརྒྱ་བྱིན་ནི་སྐབས་འདིའི་ཚིག་དོན་གྱི་གནད་གཙོ་བོ་ཡིན་པས། ནི་སྒྲ་སྦྱར་བས་ཚིག་དོན་གྱི་གནད་གཙོ་བོ་གསལ་བར་བསྟན་ཡོད་པར་འདོད། དེའི་ཕྱིར། ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་རྗོད་ཚིག་གཅིག་གི་ཁྲོད་ལྷན་གཅིག་ཏུ་འབྱུང་སྐབས་ནི་སྒྲས་ཚིག་དོན་གྱི་གནད་གཙོ་བོ་འབྱིན་པའི་བྱེད་ནུས་ཐོན་ཐུབ་པར་འདོད་དོ།།
          གཉིས་པ། ནི་སྒྲ་དང་ནས་ལས་གཉིས་རྗོད་ཚིག་མི་འདྲ་བ་སོ་སོར་འབྱུང་སྐབས་དགར་བའི་དོན་ལ་འཇུག་ཚུལ།
          གོང་དུ་ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་རྗོད་ཚིག་གཅིག་ཏུ་འབྱུང་སྐབས་དགར་བའི་དོན་ནས་ལས་གཉིས་ཀྱིས་སྟོན་པ་ལས་ནི་སྒྲས་སྟོན་ཐུབ་ཀྱིན་མེད་པ་བརྗོད་ཟིན་ལ། དེ་དང་འབྲེལ་ཏེ་སྤྱིར་ནི་སྒྲའང་ནས་ལས་ཇི་བཞིན་དགར་གཞི་གཅིག་ལས་དགར་བྱ་ལོགས་སུ་འགེར་བའི་དགར་བའི་དོན་ལ་འཇུག་ཚུལ་ཟུར་ཙམ་སྨྲས་ཟིན། ད་ནི་འདིར་ནི་སྒྲ་དགར་བར་འཇུག་ཚུལ་དང་། ནས་ལས་གཉིས་དགར་བར་འཇུག་ཚུལ་གྱི་སོ་སོའི་མཚན་གཞི་དཔེ་བརྗོད་འགའ་དང་སྦྲགས་ཏེ་དེ་གཉིས་དགར་བར་འཇུག་ཚུལ་མི་འདྲ་བའི་ཁྱད་པར་རགས་ཙམ་བརྗོད་པར་བྱ། བསམ་འཕེལ་དབང་རྒྱལ་ནི་ནོར་བུ་རྣམས་ཀྱི་མཆོག་ཅེས་པ་དང་། ནོར་བུ་རྣམས་ལས་བསམ་འཕེལ་དབང་རྒྱལ་མཆོག་ཅེས་པའི་དཔེ་བརྗོད་འདི་གཉིས་ལ་མཚོན་ན། སྔ་མ་ནི་ནི་སྒྲ་དགར་བར་འཇུག་པའི་དཔེ་བརྗོད་དང་། ཕྱི་མ་ནི་ལས་སྒྲ་དགར་བར་འཇུག་པའི་དཔེ་བརྗོད་རེད། མ་ཟད། དེ་ཡང་དགར་གཞི་གཅིག་ལས་དགར་བྱ་ལོགས་སུ་དགར་བ་སྟོན་པ་ལ་དགར་གཞི་དངོས་གསལ་གྱི་དགར་བ་དང་དགར་གཞི་དངོས་མེད་ཀྱི་དགར་བ་གཉིས་ཡོད་པ་ལས།  དཔེ་བརྗོད་འདི་གཉིས་དགར་གཞི་དངོས་གསལ་གྱི་དགར་བར་འཇུག་པའི་དཔེ་བརྗོད་ཅིག་ཀྱང་རེད། གཞན་ནི་སྒྲ་དགར་བར་འཇུག་སྐབས་དང་ནས་ལས་གཉིས་དགར་བར་འཇུག་སྐབས་ཀྱི་དགར་གཞི་དང་དགར་བྱའང་གཅིག་མཚུངས་སུ་བཀོད་ཡོད། བསམ་འཕེལ་དབང་རྒྱལ་ནི་ནོར་བུ་རྣམས་ཀྱི་མཆོག་ལྟ་བུ་ལ་མཚོན་ན། དགར་བྱ་བསམ་འཕེལ་དབང་རྒྱལ་ནི་སྒྲའི་སྔོན་དང་། དགར་གཞི་ནོར་བུ་ནི་སྒྲའི་རྗེས་སུ་ཡོད་པ་མཐོང་ཐུབ་ལ། གཞན་དགར་གཞི་དང་དགར་བྱ་ཡི་སྔ་ཕྱི་གོ་རིམ་བརྗེས་ཏེ་ནོར་བུ་རྣམས་ཀྱི་མཆོག་ནི་བསམ་འཕེལ་དབང་རྒྱལ་ཡིན་ཞེས་པ་རུ་བསྒྱུར་ཡང་བརྗོད་དོན་གྱི་ངོ་བོ་འགྱུར་མི་སྲིད་པ་རེད། སྐབས་དེར་ནི་སྒྲ་དགར་གཞི་ཡི་རྗེས་དང་དགར་བྱ་ཡི་སྔོན་ཏེ་གཉིས་ཀའི་བར་དུ་ཡོད་པའང་མངོན་གསལ་རེད། ནས་ལས་སྐབས་ཀྱི་དགར་བ་སྟེ། ནོར་བུ་རྣམས་ལས་བསམ་འཕེལ་དབང་རྒྱལ་མཆོག་ལྟ་བུ་ལ་མཚོན་ན། དགར་གཞི་ནོར་བུ་རྣམས་ཞེས་པ་ལས་སྒྲའི་སྔོན་དང་དགར་བྱ་བསམ་འཕེལ་དབང་རྒྱལ་དེའི་རྗེས་སུ་བཀོད་ཡོད་ལ། ནི་སྒྲ་ཇི་བཞིན་དགར་གཞི་དང་དགར་བྱ་ཡི་སྔ་ཕྱི་གོ་རིམ་བརྗེས་ཚེ། བསམ་འཕེལ་དབང་རྒྱལ་ནོར་བུ་རྣམས་ལས་མཆོག་ཞེས་པ་ལྟ་བུ་རུ་བསྒྱུར་དགོས་ཤིང་། སྐབས་འདིར་ཚིག་སྦྱོར་གྱི་གོ་རིམ་ནི་ཐོག་མར་དགར་བྱ་དང་དེའི་རྗེས་དགར་གཞི། དགར་གཞི་ཡི་རྗེས་སུ་ལས་སྒྲ་སྦྱོར་བའི་རྣམ་པ་ཅན་དུ་གྲུབ་ལ། ལས་སྒྲ་སྔར་བཞིན་དགར་གཞི་ཡི་རྗེས་སུ་སྦྱོར་བ་མ་གཏོགས་དགར་བྱ་ཡི་རྗེས་སུ་སྦྱོར་ཐབས་དབེན་པ་འདྲ།   གོང་གི་བསྡུར་བ་ལས། ནི་སྒྲ་དགར་བར་འཇུག་སྐབས་ནི་སྒྲ་དེ་དགར་གཞི་དང་དགར་བྱ་གཉིས་ཀའི་རྗེས་སུ་སྦྱོར་རུང་ལ། ནས་ལས་གཉིས་དགར་བར་འཇུག་སྐབས་དེ་གཉིས་དགར་གཞི་ཡི་རྗེས་སུ་སྦྱོར་བ་མ་གཏོགས་དགར་བྱ་ཡི་རྗེས་སུ་སྦྱོར་མི་རུང་བ་རྟོགས་ཐུབ་བོ།། འདི་ནི་ནི་སྒྲ་དང་ནས་ལས་གཉིས་དགར་བར་འཇུག་ཚུལ་གྱི་མི་མཐུན་པའི་ཆ་རེད་སྙམ། ཞོར་དུ་གསལ་བཤད་བྱེད་དགོས་པ་ཞིག་ལ། གོང་དུ་དགར་གཞི་དངོས་གསལ་གྱི་དགར་བ་ལས་དགར་གཞི་དངོས་མེད་ཀྱི་དགར་བ་བཀོད་མེད་ལ། དགར་གཞི་དངོས་མེད་ཀྱི་དགར་བ་ནི་དགར་གཞི་དངོས་སུ་བསྟན་མེད་ཀྱང་། ཁྱད་ཆོས་ཀྱི་སྒོ་ནས་སྐབས་བབ་ཀྱི་བསྟན་བྱ་དེ་ཉིད་དམིགས་སུ་འབྱེད་པ་ཞིག་ལ་བྱ་དགོས་པ་སྟེ། དཔེར་ན། ཡོན་ཏན་དང་ལྡན་པ་ནི་མི་གོ་ཆོད་དོ་ཞེས་པ་ལྟ་བུ་ལ་མཚོན་ན། དགར་གཞི་མི་རྣམས་དངོས་སུ་མ་སྨྲས་ཀྱང་། དེ་རྣམས་ལས་ཡོན་ཏན་དང་ལྡན་པ་གང་ནི་སྒྲས་ལོགས་སུ་བཀར་བའོ།། འདི་ལྟ་བུ་ནི་དགར་གཞི་དངོས་མེད་ཀྱི་དགར་བའོ།། གཞན་སློབ་སྦྱོང་ལ་བརྩོན་པ་ནི་སློབ་མ་ཡ་རབས་ཡིན། ཞིང་ལས་ལ་འབད་པ་ནི་ཞིང་བ་ཡག་ཤོས་སོ།། ཞེས་པ་ལྟ་བུ་རྣམས་ཀྱང་དེ་བཞིན་ནོ།། འདི་ལས་ནི་སྒྲ་དགར་གཞི་དངོས་གསལ་ལས་དགར་གཞི་དངོས་མེད་ཀྱི་དགར་བར་འཇུག་པའང་རྟོགས་ཐུབ་བོ།། ཡིན་ན་ཡང་། ནས་ལས་གཉིས་ནི་དེ་ལས་ལྡོག་སྟེ་དགར་གཞི་དངོས་གསལ་གྱི་དགར་བར་མ་གཏོགས་དགར་གཞི་དངོས་མེད་ཀྱི་དགར་བར་མི་འཇུག་ལ། དེའི་མཚན་གཞི་དཔེ་བརྗོད་ཀྱང་འཇོག་ཏུ་མེད་པར་སྣང་། འདི་ཡང་དེ་གཉིས་ཀའི་འཇུག་ཚུལ་མི་མཐུན་པའི་ཆ་ཞིག་ཏུ་བརྩི་རུང་བར་སེམས། མདོར་ན། ནི་སྒྲ་ནི་དགར་བྱ་དང་དགར་གཞི་གང་རུང་གི་རྗེས་སུ་སྦྱར་ཆོག་ཀྱང་། ནས་ལས་གཉིས་དགར་གཞི་ཡི་རྗེས་སུ་མ་གཏོགས་སྦྱར་མི་ཆོག་ལ། ནི་སྒྲ་དགར་གཞི་དངོས་གསལ་དང་དགར་གཞི་དངོས་མེད་ཀྱི་དགར་བར་གཉིས་ཀ་ལ་འཇུག་ཀྱང་། ནས་ལས་གཉིས་ནི་དགར་གཞི་དངོས་གསལ་གྱི་དགར་བར་མ་གཏོགས་དགར་གཞི་དངོས་མེད་ཀྱི་དགར་བར་མི་འཇུག་གོ།
          མཇུག་བསྡུ་བ།
          སུམ་ཅུ་བའི་རྩ་བའི་གཞུང་དུ་དངོས་སུ་བསྟན་པ་ཇི་བཞིན་དུ། ནི་སྒྲ་དགར་བའི་དོན་ལ་འཇུག་པ་མ་ཟད། ནས་ལས་གཉིས་ཀྱང་དགར་བའི་དོན་ལ་ཚུལ་བཞིན་འཇུག་མོད། དེ་གཉིས་སྡེབ་གཅིག་ཏུ་བཞག་སྟེ་དཔེ་བརྗོད་དང་འབྲེལ་ནས་གཤིབ་བསྡུར་བྱེད་སྐབས། དེ་གཉིས་ཀ་དགར་བའི་དོན་ལ་འཇུག་པའི་འཇུག་ཚུལ་མི་འདྲ་བའི་རྣམ་པ་ཞིག་རྟོགས་ཐུབ་སྟེ། ནི་སྒྲ་དང་ནས་ལས་གཉིས་ཀྱི་གང་རུང་ཞིག་ལྷན་གཅིག་ཏུ་རྗོད་ཚིག་གཅིག་གི་ཁྲོད་བྱུང་སྐབས། ནས་ལས་གཉིས་ཀྱིས་མ་གཏོགས་ནི་སྒྲས་དགར་བའི་དོན་སྟོན་ཐུབ་ཀྱིན་མེད་ལ། ནི་སྒྲ་དང་ནས་ལས་གཉིས་རྗོད་ཚིག་མི་འདྲ་བ་སོ་སོར་འབྱུང་སྐབས། ནི་སྒྲ་དང་ནས་ལས་གཉིས་ཀ་དགར་བའི་དོན་ལ་འཇུག་པ་འདྲ་མོད། འཇུག་ཚུལ་གྱི་ཐད་མི་འདྲ་བའི་ཆ་ཡོད་དེ། ནི་སྒྲ་དགར་གཞི་དང་དགར་བྱ་གཉིས་ཀའི་རྗེས་སུ་སྦྱོར་དུ་རུང་ཡང་། ནས་སྒྲ་དང་ལས་སྒྲ་གཉིས་དགར་གཞི་ཡི་རྗེས་སུ་སྦྱོར་བ་ལས་དགར་བྱ་ཡི་རྗེས་སུ་སྦྱོར་བའི་སྲོལ་མེད་དོ།། གཞན་ད་དུང་ནི་སྒྲ་དགར་གཞི་དངོས་གསལ་དང་དགར་གཞི་དངོས་མེད་གཉིས་ཀའི་དགར་བར་འཇུག་ཀྱང་། ནས་ལས་གཉིས་དགར་གཞི་དངོས་གསལ་གྱི་དགར་བར་འཇུག་པ་ལས་དགར་གཞི་དངོས་མེད་ཀྱི་དགར་བར་འཇུག་པ་མིན་ནོ།།
          དཔྱད་མཆན།
          [①] དྲན་པའི་ཡེ་ཤེས་གྲགས་པ།   སྨྲ་སྒོ་མཚོན་ཆ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་།  1980  P52
          [②] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།  གསེར་ཏོག་སུམ་རྟགས།[M] པེ་ཅིང་།མི་རིགས་དཔེ་སྐྲུན་ཁང་། 1995  P83
          [③] ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས། སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་།[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2007  P77
          [④] ཀརྨ་སི་ཏུ་ཆོས་ཀྱི་འབྱུང་གནས། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན།[M]  ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003 P85
          [⑤] ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས། སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་།[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2007  P77
          [⑥] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།[M] ལན་གྲུ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005  p179
          [⑦] དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2008  P353
          [⑧] འཕྲིན་ལས་རྒྱ་མཚོ།  བདག་གཞན་གྱི་རྣམ་གཞག[M] ལན་གྲུ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1986  P101
          ལྷ་མོ་ཚེ་རིང་།(1992— ) མཚོ་སྔོན་ཡ་རྫི་རྫོང་གི་མི་ཡིན་ལ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་བོད་ཀྱི་སྐད་བརྡ་རྩོམ་རིག་ཡིན།
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716