སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ནང་དོན་རིག་པ་དང་ཚད་མ་རིག་པའི་བར་གྱི་ཁྱད་འབྲེལ་གླེང་བ།
སྤེལ་དུས། 2017-11-02   ཡོང་ཁུངས།    རྩོམ་པ་པོ།  རིག་འཛིན།
          ང་ཚོ་བོད་དུ་དར་བའི་ཚད་མ་རིག་པའི་འགོ་ཁུངས་དེ་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་གཞུང་དག་ལ་གཏུགས་དགོས་པ་དང་།  གནའ་བོའི་རྒྱ་གར་དུ་སྟོན་པ་བཅོམ་ལྡན་འདས་ནང་བའི་ཆོས་ལུགས་གསར་དུ་རྙེད་ནས་ནང་ཆོས་འདི་དར་སྤེལ་གཏོང་དུས།  གཞན་ལུགས་ཕྱི་རོལ་གཡི་ལྟ་བ་མ་རྟོགས་པའམ་ལོག་པར་རྟོག་པ་དག་སུན་འབྱིན་པ་དང་།  མ་རུངས་བའི་ལྟ་བ་དག་དྲུང་ནས་ཕྱུང་བའི་ཕྱིར།  གཏན་ཚིགས་ཀྱི་དག་ཆ་ཆེར་ཐོན་པའི་ཚད་མ་རིག་པ་འདི་ལ་བརྟེན་ནས་བགྲོད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་གྱི་རིམ་པ་དང་པོའི་ལག་ཆ་ཅིག་ཏུ་སྤྱོད་པས་ན།  གནའ་བོའི་རྒྱ་གར་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ནང་ཆོས་དར་སྤེལ་བྱས་པ་ལས་ནང་རིག་པ་དང་ཚད་མ་རིག་པ་གཉིས་དབར་གྱི་འབྲལ་བ་དང་ཁྱད་པར་བརྗོད་པ་ལ།  
          དང་པོ།   གནའ་བོའི་རྒྱ་གར་ཚད་མ་རིག་པ་དང་ནང་དོན་རིག་པ།  
ཚད་མ་རིག་པའི་འགོ་ཁུངས་གནའ་བོའི་རྒྱ་གར་ལ་གཏུགས་དགོས་ཏེ།  གནའ་བོའི་རྒྱ་གར་གྱི་ནང་བའི་ཚད་མའི་ལྟ་གྲུབ་དང་ཚད་མ་གསར་བའི་ལྷ་གྲུབ་བྱུང་འཕེལ་ཏེ་རིམ་པ་གཉིས་སུ་དབྱེ་བ་འདི་ལ་ངོས་འཛིན་བྱེད་དགོས།  དེ་ནི་གནའ་བོའི་རྒྱ་གར་གྱི་མཁས་པའི་ཁྲོད་ན་གྲགས་ཆེ་བའི་འཕགས་པ་ཀླུ་སྒྲུབ་དང་།  ཐོགས་མེད།  དབྱིག་གཉེན།  ཕྱོགས་གླང་།  ཆོས་གྲགས་སོགས་ཀྱིས་མཚོན་པའི་ནང་བའི་གསར་རྙེད་འཕེལ་རྒྱས་སུ་བཏང་བའི་སྒེར་ཆོས་ཀྱི་གཏམས་པའི་གཏན་ཚིགས་ཀྱི་མ་ལག་ཆ་ཚང་ཞིག་ལ་གོ་ན་འགྲིག་པར་སེམས།  
          གནའ་བོའི་རྒྱ་གར་གྱི་ནང་ཆོས་ཁྲོད་དུ་ཐེག་ཆེན་གྱི་ལུགས་ལྟར་ན།  རིག་གནས་མཐའ་དག་སྒྲ་རིག་པ་དང་།  བཟོ་རིག་པ།  གསོ་བ་རིག་པ།  གཏན་ཚིགས་རིག་པ།  ནང་རིག་པ་བཅས་རིག་ཚན་ལྔར་དབྱེ་སྟེ་བཤད་ཡོད་པས།  འདི་ནས་བརྗོད་གཞིར་གྱུར་བའི་ཚད་མ་རིག་པ་སྟེ།  ཐབས་ཤེས་ཟུང་འབྲེལ་གྱི་གཏན་ཚིགས་ཀྱིས་ཕྱུགས་པའི་ཐེག་ཆེན་ལྟ་བའི་རིག་ཚན་ལྔའི་ཁྲོད་ཀྱི་ཚད་མ་རིག་པ་བཤད་པ་ལ།  
          གནའ་བོའི་རྒྱ་གར་ཚད་མ་རིག་པའི་ཁྱད་ཆོས།  
          གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པའི་ཁྱད་ཆོས་བརྗོད་པ་ལ་མདོར་ན་རྣམ་པ་གཉིས་ཀྱིས་སྒོ་ནས་དཔྱད་ཆོག་པར་འདོད་དེ།  
          ༡.ཚུགས་ཐུབ་རང་བཞིན།  
          དེ་ལ་ལར་ནས་རྒྱ་གར་ནང་བའི་ཆོས་ལུགས་མ་དར་བའི་ཡར་སྔོན་དུ་གཞན་སྡེའི་གྲུབ་མཐའ་དག་ལ་ཚད་མ་རིག་པ་དར་ཞིང་གཞུང་ལུགས་གྱི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་མཛད་ཡོད་དེ།  རྒྱལ་པོ་ཀ་ནི་ཤའི་དུས་སུ་བྱོན་པའི་རྒྱལ་བོ་ལ་སྨན་དཔྱད་བྱེད་མཁན་གྱི་གསོ་བ་རིག་པའི་སློབ་དཔོན་ཆེན་མོ་ཙ་ར་ཀའི་སྨན་གཞུང་ཆེན་མོའི་ནང་དུ།  སྐབས་དེར་གྲགས་ཆེ་བའི་ཚད་མའི་ཆོས་སྐད་ཚིག་དོན་ཞེ་བཞི་བཀོད་པ།  ཚད་མའི་གཞུང་ལུགས་རང་བཙན་པའི་སྲོལ་བཏོན་མཁན་རིགས་པ་ཅན་པའི་སྟོན་པ་གོ་ཏ་མའི་བརྩམས་པར་གྲགས་པའི་རིགས་པའི་མདོའི་ཁྲོད་ཀྱི་རྟོགས་གེའི་ཚིག་དོན་བཅུ་དྲུགབྱེ་བྲག་པའི་ཀ་ཎ་དས་བརྩམས་པར་གྲགས་པའི་བྱེ་བྲག་པའི་མདོར་བཀོད་པའི་སྒྲུབ་ངག་ཡན་ལག་ལྔ་ལྡན་སོགས་གྲུབ་མཐའ་སོ་སོར་རང་རང་གི་ཚུགས་ཐུབ་ཀྱི་གཏན་ཚིགས་ཀྱི་རང་བཞིན་ཆེ་བའི་རིགས་ལམ་ཞིབ་ཚགས་སུ་ཡོད་ལ།  འདི་དག་ཐམས་ཅད་ནི་ནང་བའི་ཚད་མའི་རྨང་རྡོ་ལྟ་བུར་གྱུར་ཡོད་དེ།  རྒྱ་གར་གྱི་རྟོག་གེ་བ་མཁས་དབང་རྣམས་ཀྱིས་ལོ་རྒྱུས་ཧ་ཅང་རིང་ལ་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་བའི་ཚད་མ་རིག་པར་དབྱེ་ཞིབ་རབ་དང་རིམ་པར་གནང་ནས་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་བརྒྱུད་རིམ་ནས་གྲུབ་དོན་མཐར་ཐུག་ནང་བའི་ཚད་མ་རིག་པའི་གཞུང་ལུགས་ཆེན་མོ་རྣམས་བརྩམས་ཐུབ་པ་ལས་སྔོན་གྱི་དཔྱད་གཞིའི་རྒྱུ་ཆའི་གཞུང་ལུགས་གང་ལ་ཡང་མ་བརྟེན་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་གློ་བུར་དུ་བརྩམས་པ་ཞིག་མིན།  ཞེས་པ་ལས་ཀྱང་ཤེས་ཐུབ་པ་དང་།  དེར་མ་ཟད་གོང་ནས་གླེང་ཟིན་པ་ལྟར་གནའ་བོའི་རྒྱ་གར་དུ་ཚད་མ་རིག་པ་ནི་ལེགས་ཉེས་དང་བདེན་རྫུན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཐབས་ཤེས་ཟུང་དུ་སྦྲེལ་བའི་ལག་ཆ་ཞིག་ཡིན་ཞེས་པ་དང་།  རྣམ་པ་གཞན་དང་མ་འདྲེས་པར་གནའ་བོའི་རྒྱ་གར་གྱི་རིག་ཚན་ལྔའི་ཡ་གྱལ་དུ་བགྲངས་ཡོད་དེ་དག་ལས་གནའ་བོའི་རྒྱ་གར་ཚད་མ་རིག་པ་ནི་སྒེར་ཆོས་དང་ཚུགས་ཐུབ་ཀྱིས་ཀུན་ནས་བགོས་པའི་རིག་ཚན་ཁེར་རྐྱང་བ་ཞིག་ཡིན་པར་ལུང་མང་བགྲངས་བའི་ངལ་བ་དགོས་བ་མེད་པར་འདོད་དོ།  །  
          ༢.ཕྱོགས་འདུས་རང་བཞིན།  
          གོང་སྨྲོས་བཞིན་དུ་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་ལ་གྲུབ་མཐའ་སྣ་མང་གི་ཆོས་མཐུན་ས་དང་འདྲ་བའི་ཆ་གང་མང་ཞིག་ཡོད་དེ།  ཙ་ར་ཀའི་ཚིག་དོན་ཞེ་བཞིའི་ནང་དུ་བྱེ་བྲག་པས་འདོད་པའི་རྟོག་གེ་ཚིག་དོན་བཅུ་དྲུག་གི་ཐ་སྙད་ཀྱང་གསལ།  ཞེས་པ་དང་།  དཔྱོད་པ་བ་དང་གྲགས་ཅན་གྱི་མངོན་རྗེས་གཉིས།  བྱེ་བྲག་པ་དང་གྲགས་ཅན་པའི་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་དཔེ་འགོད་ཚུལ།  ནང་བའི་རྟོག་གེའི་ཚིག་དོན་བརྒྱད་ལ་སོགས་པར་འདྲ་བའི་རྣམ་པ་དང་ཕན་ཚུན་ལུང་དང་རྒྱབ་རྟེན་དུ་རུང་བའི་ཁྱད་ཆོས་ཀྱི་ཕྱུག་ཡོད་པས་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་ལ་ཕྱོགས་འདུས་རང་བཞིན་གྱི་ཁྱད་ཆོས་ལྡན་ཞེས་བླུན་པོའི་ཐལ་སྐད་འབྱིན་པར་སྤོབས་སོ།  
          གཉིས།  གནའ་བོའི་རྒྱ་གར་ཚད་མ་རིག་པ་དང་ནང་དོན་རིག་པའི་འབྲེལ་བ།  
          ༡.ནང་ཆོས་མ་དར་བའི་དུས་ཀྱི་རྒྱ་གར་ཚད་མ་རིག་པ།  
        ནང་ཆོས་མ་དར་བའི་ཡར་སྔོན་གྱི་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་ནི་གཞན་སྡེ་ཕྱི་རོལ་བའི་གྲུབ་མཐའ་ཁག་ལ་དར་ཆེ་བའི་གནའ་བོའི་རྒྱ་གར་རིག་གནས་ཀྱི་ནང་གསེས།  ལར་རྒྱ་གར་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་།  རིག་གནས་བཅས་ཕྱོགས་གང་ཐད་ནས་གོ་གནས་མི་དམན་པ་ཞིག་ཟིན་ཡོད།  ལྷག་པར་དུ་རྒྱ་གར་གྱི་མཚན་ཉིད་རིག་པའི་འཕེལ་རྒྱས་ལ་ནུས་བ་བླ་ལྷག་དུ་ཐོན་ཡོད་དེ།  གཏན་ཚིགས་དང་རྒྱུ་མཚན་ལ་བརྟེན་ནས་གཙོ་བོ་རང་གི་གྲུབ་པའི་མཐའ་ལ་སྒྲུབ་པ་དང་།  གཞན་གྱི་ལུགས་ལ་དགག་བཞག་སྤོང་གསུམ་གྱི་ལམ་ནས་སུན་འབྱིན་དང་ལེགས་ཉེས་བདེན་རྫུན་གྱི་ཆ་གཙོ་བོར་སྟོན་བྱེད་ཀྱི་ལག་ཆའམ་རིག་པའི་གཞུང་ལུགས་ཞིག་དུ་བརྩི་བཞིན་ཡོད།  
          ༢.ནང་ཆོས་དར་རྗེས་ཀྱི་རྒྱ་གར་ཚད་མ་རིག་པ།  
          ནང་བ་སངས་རྒྱས་པའི་ལུགས་ཀྱི་ཚད་མ་རིག་པ་དེ་ནི།  གོང་དུ་བཤད་ཟིན་པའི་གཞན་སྡེའི་ཕྱི་རོལ་གྲུབ་མཐའ་ཁག་གི་ཚད་མའི་གཞུང་ལུགས་དང་མི་འདྲ་བའི་གནད་ཅུང་ཟད་ཡོད་པ་ནི།  དོན་གྱི་གནད་ཐིངས་ཞིང་ཚགས་དམ་པ།  བརྗོད་པར་བྱ་བའི་དོན་གྱི་ངོ་བོའམ་རང་བཞིན་རྒྱུ་འབྲས་འཚོལ་བ།  དེ་ཉིད་འཚོལ་བའི་ཕྱིར་དུ་རྟགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་གཞན་གྱི་མ་རིག་པ་གཅོད་པའི་ཕྱིར་དུ་སུན་འབྱིན་དང་སྒྲུབ་ངག་འཕེན་པ།  དོན་གྱི་གནད་ཟབ་མོ་གོ་བའི་ཕྱིར་དུ་མངོན་རྗེས་ཡང་དག་དང་ལྟར་སྣང་བཀོད་པ་བཅས་གཙོ་བོ་གྲུབ་མཐས་དབང་གིས་ནང་ཆོས་ལ་འདེགས་པའི་ནུས་པ་ཐོན་པའི་ཐབས་ཤེས་སམ་ཐོག་མའི་རྨང་གཞི་ལྟ་བུར་གྱུར་ཡོད།  ཡིན་ནའང་ནང་ཆོས་དར་བ་ལ་བརྟེན་ནས་ནང་ཆོས་སུ་འགྱུར་འགྲོ་བ་མ་ཡིན་ཏེ།  གོང་དུ་བཤད་པ་བཞིན་ཐེག་ཆེན་གྱི་འདོད་པ་ལྟར་ན་ཚད་མ་རིག་པ་དེ་རིག་ཚན་ལྔའི་བཞི་ནང་བགྲངས་བས་སོ།  གཉིས་པ།  བོད་ཀྱི་ཚད་མ་རིག་པ་དང་ནང་དོན་རིག་པ།  
          ༡.ཚད་མ་རིག་པའི་གོ་གནས་དང་བྱེད་ནུས།  
          གཙོ་བོ་ལ་ཆ་བ་ཆོས་ཀྱི་སེང་གེས(སྤྱི་ལོ1109 -1169)བོད་རང་གི་ཁྱད་ཆོས་ཀྱི་ཕྱུག་པའི་བསྡུས་གྲྭའི་རིགས་ལམ་གསར་གཏོད་གནང་བ་དེ་ཡིན་ཞིང་།  རྔོག་ལོའི་ཡང་སློབ་ཆ་པ་ཆོས་ཀྱི་སེང་གེས་ལོ་ངོ་བཅོ་བརྒྱད་ལ་གསང་ཕུའི་མཁན་པོ་མཛད་ཅིང་།  དཔལ་ལྡན་ཆོས་ཀྱི་གྲགས་པའི་འཐད་ལྡན་ཆེ་ཆུང་ལ་འབྲེལ་བཤད་དང་།  ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་མཛད།  (འདིའི་མུན་སེལ་ནིyin_kyimnn selབྱང་བུ་ཡིན་ལ་རྗེས་སུ་ཡོངས་ཁྱབ་རང་བཞིན་གྱིས་བློ་སྒོ་འབྱེད་པའི་བརྩམས་ཆོས་ལ་ངོས་འཛིན་བྱེད)དེའི་སློབ་མ་གཙང་ནག་བརྩོན་འགྲུས་སེང་གེས(Brtsun_hgrus_sen_ge)སོགས་ཀྱིས་དེ་ལས་བླ་ལྷག་ཏུ་འཕེལ་རྒྱས་སུ་བཏང་པས།  གསང་ཕུ་ནི་བོད་ཀྱི་ཚད་མའི་འཆད་ཉན་གྱི་དགོན་སྡེ་གཙོ་བོ་ཞིག་དང་ཁྱད་པར་དུ་གཞུང་ཡང་ཆ་བའི་བྱེད་པ་ཡིན།  ①ཆ་པ་ཆོས་ཀྱི་སེང་གེ་ནི(1109-1168)དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་།  ཁོང་གི་ཚད་ན་རྣམ་ངེས་ཀྱི་འགྲེལ་བ་དང་ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་ནི་ནང་དོན་རྒྱ་ཆེ་ཞིང་རྒྱས་བསྡུས་རན་པའི་བོད་ཀྱི་ཚད་མའི་བསྟན་བཅོས་ཡང་དག་ཅིག་ཏུ་རོས་འཛིན་ཆོགད་དུང་ཁོང་གི་བོད་རང་གི་ཁྱད་ཆོས་ལྡན་པའི་ཚད་མ་རིག་པའི་འཆད་ཉན་གྱི་རིགས་ལམ་གསར་དུ་གཏོད་པ་དེ་ནི་བོད་བརྒྱུད་ཚད་མ་རིག་པའི་ཐུན་མིན་གྱི་རིག་གཞུང་ཞིབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།  ②ལྷག་པར་དུ་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཟབ་གནད་གསང་ཚིག་ཕྲ་མོ་ཀུན་ལ་གཞན་དང་མི་མཚུངས་པའི་ངེས་ཤེས་བརྟན་པོ་རྙེད་དེ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་རྩ་འགྲེལ་ལ་བཤད་པ་གཙོ་བོ་དང་།  རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་རྩལ་དུ་བཏོན་ནས་ཚད་མ་རྒྱས་པ།  འབྲིང་པ།  བསྡུས་པ་གསུམ་མཛད་པ་དེའི་ནང་ནས་འབྲིང་པོ་ཚད་མ་ཡིད་ཀྱི་མུན་སེལ་གྱི་བཤད་པ་རྒྱ་ཆེར་གནང་བ་དང་།  ཡུལ་དང་ཡུལ་ཅན་སྤྱིའི་རྣམ་གཞག་གི་སྐབས་སུ་སྣང་ཡུལ་དང་གཟུང་ཡུལ་གྱི་གོ་དོན་ནི་གཞུང་ནས་བཤད་པ་དེ་མི་འཇོག་པར་རང་གིས་དཔྱད་པ་ལ།  གཟུང་ཡུལ་ལ་རྣམ་པ་གསུམ་སྟེ།  དོན་སྤྱི་དང་དོན་རང་མཚན་དང་མེད་པ་གསལ་བའོ།  དེ་གཟུང་ཡུལ་སྣང་ཡུལ་དུ་བྱེད་པའི་ཡུལ་ཅན་ཡང་གསུམ་སྟེ།  རྟོག་པ་དང་།  མངོན་སུམ།  རྟོག་མེད་འཁྲུལ་བའོ།  མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་རྒྱས་པ་འདི་ནི་ཆ་པའི་བསྡུས་གྲྭའི་གཞུང་ལུགས་ཀྱི་ལམ་སྲོལ་མ་ཕྱེ་བའི་གོང་རོལ་དུ་རྒྱས་པར་ནི་རྒྱ་བོད་ཀྱི་འགྲེལ་བཤད་སུས་ཀྱང་མ་བཀྲལ་ལོ།  ཁྱད་པར་དུ་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་དོན་གྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་བསྡུས་ཚད་དུ་བགོས་ཏེ་སློབ་སྦྱོང་བྱེད་ཚུལ་བསྡུས་གྲྭ་རིགས་ལམ་གྱི་ལམ་སྲོལ་གསར་གཏོད་མཛད་དེ་འཆད་ཉན་གྱི་རྩོད་གྲྭ་རྒྱ་ཆེར་སྤེལ་བའོ།  །  
          གསུམ་པ།  བོད་དར་ཚད་མ་རིག་པའི་ནང་དོན་རིག་པའི་འབྲེལ།  
          ༡.རྒྱལ་བོ་ཁྲི་སྲོལ་ལྡེ་བཙན་གྱི་དུས་ཀྱི་བོད་ཀྱི་ཚད་མ་རིག་པ།  
          སྤྱིར་ཚད་མ་རིག་པའི་འཆད་ཉན་གྱི་དབུ་ཚུགས་པ་ལ་གོང་ཞུས་བཞིན་བསྟན་པ་སྔ་དར་གྱི་དུས་ཏེ་རྒྱལ་པོ་ཁྲི་སྲོལ་ལྡེ་བཙན་གྱི་རིང་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་པ་ནས་ལྷ་སྲས་འུ་དུམ་བཙན་བར་གྱི་ལོ་ངོ་བརྒྱ་དང་ང་དགུའི་རིང་དེར་ངོས་འཛིན་དགོས།  བོད་དུ་ཚད་མའི་གཞུང་ལུགས་དར་འགོ་ཚུགས་པའི་དན་རྟགས་སུ་བསྟན་པ་སྔ་དར་གྱི་སྐབས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་(742-797)གྱིས་གདན་ཞུ་གནང་བ་ལྟར།  མཁན་ཆེན་ཞི་བ་འཚོས་ཚད་ཆེན་དང་དེའི་སློབ་མ་ཀ་མ་ལ་ཤཱི་ལས་དེའི་དཀའ་འགྲེལ་མཛད་པ་ཙམ་དུ་མ་ཟད།  བསྟན་པ་སྔ་དར་གྱི་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་དུལ་བ་ལྷས་མཛད་པའི་རིགས་ཐིགས་རྒྱ་ཆེར་འགྲེལ་བ་སོགས་དང་།  ལོ་ཆེན་དཔལ་བརྩེགས་ཀྱིས་དུལ་བ་ལྷས་མཛད་པའི་རིགས་ཐིགས་རྒྱ་ཆེར་འགྲེལ་བ་སོགས་དང་།  ལོ་ཆེན་དཔལ་བརྩེགས་ཀྱིས་དུལ་བ་ལྷས་མཛད་པའི་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ་བཅས་ཚད་མའི་བསྟན་བཅོས་བསྒྱུར་འཕྲོ་ལ་དབུ་མའི་གཞུང་ཞིབ་མོ་རྣམ་པར་འཐག་པའི་རྩ་བ་དང་།  འབྲེལ་བར་བཅས་པ་གཉིས།  དབུ་མའི་སྙིང་བོ་རྟོག་གེ་འབར་བའི་རྩ་བ་དང་།  འབྲེལ་བར་བཅས་པ་གཉིས།  ཚད་མ་རྣམ་འགྲེལ་ནི་བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར་ཡོད་ཀྱང་།  ད་ཡོད་འགྱུར་བྱང་དུ་དེའི་སྐོར་མི་གསལ་བས་ན་གང་ལྟར་བསྟན་པ་སྔ་དར་གྱི་སྐབས་སུའང་ཚད་མའི་འཆད་ཉན་གྱི་སྲོལ་ཅུང་ཟད་ཙམ་དར་བར་ཚོད་དཔག་ནུས་ཀྱང་གཞུང་རྐང་ཚུགས་ནས་རྒྱུན་ཆགས་སུ་བྱུང་མེད།  ཞེས་དང་།  གཞན་ཡང་།  ཚད་མ་རིག་པ་འདི་དུས་རབས་བདུན་པར་ནང་ཆོས་བོད་དུ་དར་བ་དང་བསྟུན་ནས་དར་ཞིང་།  བོད་དུ་ཆེས་ཐོག་མར་བསྒྱུར་བའི་ཚད་མའི་གཞུང་ནི་ཚད་མ་སྡེ་བདུན་ཏེ།  གཏན་ཚིགས་ཐིགས་པ།  ཚད་མ་རྣམ་ངེས།  རྒྱུད་གཞན་སྒྲུབ་པ་སོགས་ཡིན་ལ།  དེ་ནི་སྐ་བ་དཔལ་བརྩེགས་དང་ཡེ་ཤེས་སྡེས་གཉིས་ཀྱིས་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་ཡིན།  ཞེས་པར་གཞིགས་ན་སྐབས་དེར་བོད་དུ་ཚད་མའི་འཆད་ཉན་གྱི་གཞུང་བསྒྱུར་ཞིང་དར་བའི་འགོ་ཚུགས་ཡོད་པ་ནི་མཐའ་གཅིག་ཏུ་ཁ་ཚོན་གཅོད་ནུས།  
          ༢.རྗེ་ཙོང་ཁ་བའི་དུས་ཀྱི་བོད་ཀྱི་ཚད་མ་རིག་པ།  
          ཚད་མ་རིག་པ་བོད་དུ་དར་ནས་རི་བོ་དགེ་ལྡན་པའི་ལུགས་ཕྱེ་མཁན་རྗེ་རིན་པོ་ཆེ་མ་བྱུང་བའི་ཡར་སྔོན་དུ་བོད་འདི་ཡང་གནའ་བོའི་རྒྱ་གར་བཞིན་དུ་ཚད་མ་རིག་པ་འདི་ཉིད་རང་ཚུགས་ཐུབ་ཅིང་སྒེར་ཆོས་ཀྱི་ཕྱུག་པའི་རིག་ཚན་ཞིག་ཏུ་བརྩི་བར་ས་སྐྱ་པཎ་ཆེན་ནས་ཀྱང་གསུངས་བའི་ཕྱིར།  རིག་བཅུའི་ནང་གསེས་ཀྱི་རྒྱུ་རིག་པའམ་གཏན་ཚིགས་རིག་པ་སྟེ།  ཚད་མ་རིག་པ་འདི་ནི་རིག་གནས་ཀུན་གྱི་མཆོག་དུ་མངའ་བ་ཡིན་ནོ།  ཡིན་ཡང་རྗེ་རིན་པོ་ཆེས་དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་པ་ནས་བཟུང་སྟེ།  ཚད་མ་རིག་འདིའི་བྱེད་ནུས་ལ་དགེ་ལུགས་པའི་གྲུབ་མཐའི་དགོས་དབང་ལྟར་དུ་འགྱུར་བ་ཅུང་ཟད་བྱུང་བ་དང་།  འགྱུར་བ་དེ་དང་བསྟུན་ནས་ཚད་མ་རིག་པ་དང་ནང་རིག་པ་གཉིས་ལ་ཉ་ཆུ་འདྲེས་པ་ལྟ་བུའི་འབྲེལ་བ་ཆགས་ཤིང་།  འབྲེལ་བ་དེ་རིམ་གྱིས་འཕེར་ནས་དེང་གི་དུས་སུ་སླེབས་དུས།  རིག་གཞུང་ཞིབ་འཇུག་གི་བྱ་བ་གཉེར་བའི་སོ་སོ་གང་ཟག་སུ་ཞིག་ཡིན་རུང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རིག་ཚན་བཅུར་དབྱེ་བ་དང་དེ་དག་གི་ནང་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་པ།  ཐ་ན་རིག་གཞུང་གང་ཞིག་ལ་འཇུག་པའི་ཚེ་ན་ཡང་།  ཚད་མ་རིག་པ་འདི་ལ་ནམ་ཡང་རྒྱུན་ཆགས་འབྲེལ་མེད་ཀྱི་འབྲེལ་བ་ཞིག་གྲུབ་ཡོད་པ་ཚོར་གྱི་ཡོན་ནའང་།  ཚད་མ་རིག་པ་དང་ནང་དོན་རིག་པའི་འབྲེལ་བར་དབྱེ་ཞིབ་དང་གནད་དོན་སྐོར་ལ་ཐག་གཅོད་བྱེད་པའི་ཚེ་ན་ནམ་ཡང་དཀའ་བའི་གནས་སུ་ལྷུང་ཡོད།  གང་ལྟར་ནང་རིག་དང་ཚད་མ་རིག་པ་གཉིས་ཇི་ལྟར་འདྲེས་ནའང་།  ཐོག་མའི་ཚད་མ་རིག་པ་དེ་ནི་གྲུབ་མཐའ་སོ་སོའི་སྒྲུབ་བྱེད་ཀྱི་ལག་ཆ་ཐབས་ཤེས་ཙམ་དུ་མ་ཟད།  གྲུབ་མཐའ་འམ་གཞུང་ལུགས་གཞན་ཞིག་ལ་ནམ་ཡང་འགྱུར་བ་འགྲོ་མི་སྲིད།  
          ༣.དེང་གི་དུས་ཀྱི་བོད་ཀྱི་ཚད་མ་རིག་པ།  
          དེང་གི་དུས་ཀྱི་ཚད་མ་རིག་པ་ནི་དགོན་སྡེ་དང་གཞུང་གཉེར་སློབ་གྲ་ཁག་གཉིས་ཀྱི་རྣམ་པར་ཆགས་ཡོད།  དགོན་སྡེ་གཙོ་བོ་དགེ་ལུགས་དང་ས་སྐྱ་གཙོར་བྱས་ཏེ་ནང་ཚད་དབྱེར་མེད་ཀྱི་ཆ་ཞིག་ཏུ་གྱུར་འགྲོ་གི་ཡོད་པ་དང་།  སློབ་གྲ་ཁག་ན་གྲུབ་མཐའ་གང་གི་ཚད་མའི་གཞུང་ལུགས་ལ་སྦྱོང་ནའི་སྲོལ་རྒྱུན་ཆགས་ཡོད་པ་དེ་ལ་ངོས་འཛིན་བྱེད་དགོས།  དགོན་སྡེ་དང་སློབ་གྲ་གང་ཡིན་སོ་སོ་ནས་ཚད་མ་དང་ནང་བའི་དབྱེ་བ་རྩོད་པ་ལ་དགོས་པ་ཆེར་མེད་པར་འདོད་དེ།  ཚད་མ་ལ་མ་བརྟེན་པར་ནང་རིག་ལ་འཇུག་སྲོལ་མེད་པ་དང་།  ཚད་མའི་ཁྲོད་དུ་ནང་རིག་དོན་མ་འདུས་བ་ཡང་ཀུན་ནས་མ་བྱུང་བའི་རྒྱུན་ཆགས་དཔེར་འཇོག་རང་བཞིན་དུ་གྱུར་ཡོད་པས།  ཚད་མ་ཞེས་པ་དང་ནང་དོན་རིག་པ་ཞེས་པའི་ཆོས་སྐད་སོ་སོ་བ་འདི་ཡོད་པ་ལ་ཚད་མའི་འགོ་ཁུངས་ལ་གཞི་བཅོལ་ན་དོགས་གཞི་མ་ལུས་གསལ་རྗེན་དུ་འདོན་ཐུབ་བོ།  །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716