སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་སྤྱི་སྐད་ཀྱི་མཚན་ཉིད་དང་དེ་དང་འབྲེལ་ཡོད་ཀྱི་གནད་དོན་འགའི་སྐོར་མདོ་ཙམ་གླེང་བ།
སྤེལ་དུས། 2017-11-20   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  དབང་ཕྱུག་གིས།
          དང་པོ། སྤྱི་སྐད་ཀྱི་དགོས་པ་བསྟན་པ་ལ།
          སྤྱིར་ན་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར།   རིག་གནས་སོགས་ཇི་ཙམ་གོང་དུ་འཕེལ་ན་དེ་ཙམ་གྱིས་ས་ཁུལ་ཁག་དང་། མི་རིགས་ཁག མི་རིགས་གཅིག་གི་ནང་ཁུལ་བཅས་དབར་ཕན་ཚུན་འགྲོ་འོང་དང་།སྤེལ་རེས་སོགས་བྱེད་ཤུགས་ཀྱང་དེ་བས་ཆེ་རུ་འགྲོ་གི་ཡོད། དེས་ན་མི་དང་མིའི་དབར་ཕན་ཚུན་འབྲེལ་གཏུག་བྱ་བྱེད་ཀྱི་སྐད་བརྡའི་གལ་ཆེའི་རང་བཞིན་ཡང་དེ་བས་མངོན་མཚན་ཆེ་རུ་འགྲོ་བ་ནི་ལོ་རྒྱུས་དང་ལག་ལེན་དངོས་ལས་ར་འཕྲོད་པར་སྣང་། རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་བྱ་གཞག་མགྱོགས་མྱུར་གོང་དུ་འཕེལ་ཞིང་མི་རྣམས་ཀྱི་འབྲེལ་རྒྱ་ཡང་ཉིན་བཞིན་ཆེ་རུ་འགྲོ་བའི་དེང་གི་ཆ་འདིར། བོད་རིགས་ཀྱི་ས་ཁུལ་ཀུན་ཏུ་ཚང་མས་གོ་ཤེས་ཐུབ་པའི་སྤྱི་སྐད་ཅིག་མེད་སྟབས་བོད་རིགས་ནང་ཁུལ་ཕན་ཚུན་འགྲོ་འོང་འབྲེལ་གཏུག་བྱ་རྒྱུ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་དེང་དུས་ཀྱི་ཆ་འཕྲིན་སྤེལ་ཐབས་ལ་བརྟེན་ནས་མྱུར་སྒྲུབ་བྱ་རྒྱུར་ཡང་དཀའ་ངལ་མང་པོ་འཕྲད་པ་ཀུན་ཤེས་ལགས་ན།  བོད་རིགས་ས་ཁུལ་ཀུན་ཏུ་སྤྱོད་ཅིང་ཚང་མས་གོ་ཤེས་སླ་བའི་བོད་ཀྱི་སྤྱི་སྐད་ཅིག་འཕྲལ་མྱུར་གཏན་འཁེལ་བྱ་རྒྱུ་ནི་རྒྱ་ཆེའི་བོད་རིགས་མི་དམངས་ཚང་མའི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དང་། བོད་ཀྱི་སྐད་ཡིག་བྱ་གཞག་དོན་གཉེར་བྱེད་མཁན་རིག་གནས་མཁས་ཅན་དང་བོད་ཀྱི་སྐད་ཡིག་ལས་དོན་སྒྲུབ་མི་ཚོའི་ལོ་མང་རིང་གི་བསམ་འདུན་ཡིན་ཁར་དུས་བབ་ཀྱི་དབང་གིས་མི་སྒྲུབ་མཐུ་མེད་ཀྱི་དོན་ཆེན་ཞིག་ཀྱང་ཡིན།
          བོད་ཀྱི་སྤྱི་སྐད་གཏན་འཁེལ་བྱུང་ཚེ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་ཡོང་རྒྱུ་དང་།བོད་སྐད་ལ་གཅིག་གྱུར་གྱི་ཚད་འཛིན་ས་ཡོད་པ། བོད་རིགས་ནང་ཁུལ་དུ་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་སེལ་ཐུབ་པ། བོད་སྐད་ཀྱི་ཆ་འཕྲིན་རྣམས་ཀྱང་གློག་ཀླད་དྲ་རྒྱ་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་ཐུབ་པ། ཏང་གི་ལམ་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འཕྲུལ་པ་མེད་པར་དྲིལ་བསྒྲ?་བྱེད་ཐུབ་པ། དེང་དུས་ཀྱི་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྣམས་སློབ་སྦྱོང་བྱེད་བདེ་ཞིང་ཁོང་དུ་ཆུད་ཐུབ་པ། དཔལ་འབྱོར་དང་རིག་གནས་ལས་དོན་མཉམ་སྒྲུབ་ཐུབ་པ། “ མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ་དོན་འཁྱོལ་གྱིས་བོད་རིགས་སྤྱི་དང་། བྱེ་བྲག་སྐད་རིགས་གཅིག་ལས་མི་ཤེས་པའི་བོད་རིགས་མང་ཚོགས་ཀྱི་བློ་རིག་རྩལ་འདོན་གྱིས་བོད་རིགས་སྤྱི་ཚོགས་ཀྱི་དཔལ་འབྱོར་རིག་གནས་ཁྱོན་ཡོངས་ནས་གོང་དུ་སྤེལ་ཐོག་འབྱོར་འབྲིང་སྤྱི་ཚོགས་ཤིག་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་གལ་འགངས་ཆེ་བའི་འཕྲལ་ཕུགས་ཀྱི་དོན་སྙིང་ལྡན་ཡོད།
          གཉིས་པ། བོད་ཀྱི་སྤྱི་སྐད་ཀྱི་མཚན་ཉིད་བཤད་པ་ལ།
          བོད་ཀྱི་སྤྱི་སྐད་གཏན་དུ་འཁེལ་དགོས་ན་འགག་རྩ་ནི་ངེས་ཪྙེད་ཐུབ་པའི་སྤྱི་སྐད་ཀྱི་མཚན་ཉིད་ཅིག་འཇོག་དགོས་ཤིང་། དེ་ནི་བོད་ཀྱི་སྤྱི་སྐད་ཀྱི་སྲོག་ཤིང་ལྟ་བུ་དང་། གཞི་རྩའི་སྲིད་ཇུས། ལས་དོན་སྤེལ་བའི་སྔོན་འགྲོའི་མཐུན་རྐྱེན་མེད་དུ་མི་རུང་བ་བཅས་ཡིན། དེ་ལྟར་སྤྱི་སྐད་ཀྱི་མཚན་ཉིད་ངེས་ཪྙེད་ཅིག་འཇོག་རྒྱུ་ནི་སླད་སྤྱི་སྐད་དེ་ཉིད་ཁ་ཕྱོགས་གང་དུ་འཕེལ་མིན་དང་སྤྱི་སྐད་ཀྱི་ལས་དོན་དེ་ཇི་ལྟར་བྱས་ནས་སྒྲུབ་དགོས་མིན་གྱི་དོན་གནད་ཆེན་པོ་ཞིག་ཡིན་ན་ངོས་ནས་རྨོངས་ཚོད་དུ་གཤམ་གྱི་མཚན་ཉིད་འདི་འདྲ་ཞིག་འཇོག་པར་སྤྲོ་བས་བཏེགས་ཏེ་བོད་རིགས་ས་ཁུལ་ཁག་གི་མཁས་དབང་དང་དེ་བཞིན་རང་གི་ལས་རིགས་གཅིག་པ་རྣམས་དང་བཀའ་གྲོས་ཞུ་འདོད་ཡོད།
          དེའང་ངོས་ཀྱི་ལྟ་བ་ལྟར་ན། སྤྱི་སྐད་གཏན་འཁེལ་བྱ་རྒྱུ་ཞེས་པ་དེའང་ཞིབ་ཕྲ་བཤད་ན་བོད་སྐད་ཀྱི་ཡི་གེའི་ཁུངས་གཏུག་ས་དང་། རྩ་བའི་མིང་ཚིག སྐད་ཀྱི་སྒྲ་གདངས་བཅས་གཏན་འཁེལ་བྱ་རྒྱུ་དེ་ཡིན། དེ་ལྟར་ན་ངོས་ཀྱི་བསམ་པར་བོད་ཀྱི་སྤྱི་སྐད་ཀྱི་མཚན་ཉིད་དེ་འདྲ་ཞིག་འཇོག་དགོས་པ་སྟེ།  བོད་ཡིག་དེ་སྤྱི་སྐད་ཀྱི་ཁུངས་གཏུག་ས་དང་། དབུས་གཙང་ཁུལ་གྱི་ཡུལ་སྐད་དེ་སྤྱི་སྐད་ཀྱི་རྨང་གཞི། ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་ཚད་འཛིན་གྱི་སྒྲ་གདངས་བཅས་ལ་བརྩི་བའི་ཕལ་སྐད་ལྟ་བུའི་སྤྱི་སྐད་ཅིག་ཡིན་དགོས།
          གསུམ་པ། བོད་ཡིག་དེ་སྐད་ཀྱི་ཁུངས་གཏུག་སར་འཛིན་དགོས་པའི་རྒྱུ་མཚན་དྲངས་པ་ལ།
          (དང་པོ)རིགས་པའི་གཞུང་ལུགས་ཀྱི་ལྟ་བ་བཤད་པ་ལ།
          མ་ཁེ་སིའི་སྐད་ཡིག་གཞུང་ལུགས་ཀྱི་ལྟ་བ་ལྟར་ན། འཇིག་རྟེན་འདིར་འགྲོ་བ་མིའི་རིགས་བྱུང་རྗེས་ཐོག་མར་ཟས་གོས་ཀྱི་དོན་དུ་ངལ་རྩོལ་བྱས་པ་ལས་སྐད་བརྡ་བྱུང་ཞིང་། སྐད་བརྡ་དེ་རིགས་འཕེལ་རྒྱས་གང་ཙམ་བྱུང་རྗེས་གཞི་ནས་ཡི་གེ་གསར་གཏོད་བྱས། དེ་ལྟར་ན་ཡི་གེའི་རྨང་གཞི་ནི་སྐད་ཡིན་པ་དང་། སྐད་ཀྱི་དོན་དང་ཆོས་ཉིད་མཚོན་བྱེད་ནི་ཡི་གེ་ཡིན།   དེ་ཡང་ཡི་གེ་ནི་སྐད་ཚབ་ཡིན་ལ་སྐད་ཀྱི་བརྡ་རྟགས་དང་། སྐད་ཀྱི་ཡོལ་གོ་ལྟ་བུའང་ཡིན། ཡི་གེ་ནི་སྐད་ནས་བྱུང་བ་སྨོས་མེད་ཀྱང་ནམ་ཞིག་ཚན་རིག་དང་མཐུན་པའམ་ཆོས་ཉིད་ལྡན་པའི་ཡི་གེ་བྱུང་ཚེ་མིའི་རིགས་ཀྱི་སྐད་ཆའི་ཤོད་ལུགས་ཀྱང་ཡིག་སྲོལ་ལ་བསྟུན་དགོས་ཤིང་།   དེའང་གསལ་པོར་བཤད་ན་ངེས་པར་དུ་སྐད་ཡིག་གི་ཆོས་ཉིད་ལ་བརྟེན་ནས་མིའི་རིགས་ཀྱི་སྐད་ཆ་ཤོད་ལུགས་ལ་ཟབ་འདོམས་དང་ཁྲིད་སྟོན་བྱ་དགོས།  དེ་ནི་མ་ཁེ་སིའི་སྐད་ཡིག་གཞུང་ལུགས་ཀྱི་རྩ་བའི་རིག་པ་ཡིན།
          དེང་སྐབས་རང་རེས་སྤྱོད་བཞིན་པའི་བོད་ཡིག་འདི་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱའི་སྔོན་རོལ་དུ་གསར་དུ་གཏོད་ཅིང་ད་ཕན་རྩོད་གླེང་གང་ཡང་མེད་པར་རང་རྒྱལ་གྱི་བོད་རིགས་ས་ཁུལ་ཡོངས་ལ་མ་ཟད་འབྲུག་ཡུལ་དང་། འབྲས་ལྗོངས་ལ་སོགས་རྒྱལ་ཁབ་དང་ས་ཁུལ་དུའང་སྤྱོད་མུས་ཀྱི་གཅིག་གྱུར་གྱི་ཡིག་རིགས་ཤིག་ཡིན། བོད་ཡིག་འདི་ཉིད་སྒྲ་སྦྱོར་གྱི་ཡི་གེ་ཡིན་སྟབས་སྐད་ཀྱི་སྒྲ་གདངས་འདོན་ནུས་དང་ཚིག་དོན་གོ་བརྡ་སྤྲོད་ནུས་ཤིན་ཏུ་ཆེ་བས། དེས་འཛམ་གླིང་ཡིག་རིགས་ཀུན་གྱི་བརྗོད་བྱ་གང་དང་གང་ཡང་གསལ་པོར་བརྡ་སྤྲོད་ཐུབ་ཀྱི་ཡོད། དེའང་སྒྲ་སྦྱོར་ཡིག་རིགས་གཞན་དང་མི་འདྲ་བར་བོད་ཡིག་ལ་ཧ་ཅང་ཁུངས་བཙན་པའི་བརྡ་དག་གཞུང་ལུགས་ཏེ་སུམ་རྟགས་ཡོད་པ་དེ་ད་ཕན་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་རིང་བོད་ཡིག་གི་རྩ་བའི་ཡིག་སྲོལ་ལ་བརྩིས་ནས་ལག་ལེན་བྱེད་མུས་ཡིན། རང་རེས་བོད་ཀྱི་སྤྱི་སྐད་གཏན་འཁེལ་བྱ་རྒྱུའི་གྲོས་ཞིབ་བྱེད་པ་དེའང་དོན་དམ་དུ་བོད་མིའི་སྐད་བརྡ་མཐུན་མཚུངས་གཅིག་གྱུར་ཡོང་ཐབས་བྱེད་པ་ཞིག་རང་ཡིན་ན་དེ་ལའང་བོད་ཡིག་གི་བརྡ་དག་གཞུང་ལུགས་ཀྱིས་འཆིང་འདོམས་སམ་མཛུབ་ཁྲིད་བྱེད་དགོས་པ་ནི་གླེང་མེད་ཡིན། དེའང་གསལ་པོར་བཤད་ན།རང་རེའི་བོད་ཀྱི་སྤྱི་སྐད་ཀྱི་རྩ་བའམ་ཁུངས་གཏུག་ས་དེ་ངེས་པར་དུ་བོད་ཡིག་གི་བརྡ་སྤྲོད་ཕྱི་མོ་སུམ་རྟགས་ཀྱི་གཞུང་ལུགས་ཡིན་དགོས།
          (གཉིས་པ) མཁས་དབང་གྲགས་ཅན་ཚོའི་བཞེད་པ་དྲངས་པ་ལ།
          ཉེ་རབས་ཀྱི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་དུས་རབས་ཕྱེད་ཀའི་གོང་ཙམ་ནས་རྒྱལ་རབས་དེབ་ཐེར་དཀར་པོའི་ནང་གསུངས་པར“ དེས་ན་བོད་ཡིག་གི་སྲོལ་ཕྱེས་ནས་བཟུང་ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་བར་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས་ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི་བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད། ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་ཆ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་། དེང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་འགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་། དེས་ན་ད་དུང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ཁུལ་ནས་ཨ་མདོའི་བར་དུ་འཁྱེར་ཡང་ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན།”ཞེས་གསུངས།
          མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས《བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ》ཞེས་པའི་དཔྱད་རྩོམ་ནང་བོད་ཡིག་ལ་མི་རིགས་གཞན་གྱི་ཡི་གེ་དང་མི་འདྲ་བའི་ཁྱད་ཆོས་ལྡན་ལུགས་སྐོར་གསུང་སྐབས“ད་ལྟའི་བོད་ཡིག་འདི་ཐོག་མར་གསར་གཏོད་གནང་སྐབས་ས་གནས་སོ་སོའི་ཡུལ་སྐད་གཞིར་བཟུང་བ་མ་ཡིན་པར་ས་གནས་མང་ཆེ་བས་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་གཞིར་བཟུང་བ་ཡིན་པར་བརྟེན་དབུས་གཙང་ཁམས་གསུམ་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། འབྲས་ལྗོངས། འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་འདུས་སྡོད་ས་ཁུལ་ཚང་མའི་གཅིག་གྱུར་གྱི་ཡི་གེ་ཡིན་པས་ལུང་པ་སོ་སོའི་ཡུལ་སྐད་ཐོག་ནས་བྲིས་ན་ཕན་ཚུན་གོ་དཀའ་བ་མ་གཏོགས་ཕལ་སྐད་ཐོག་བྲིས་ན་ཚང་མ་གོ་བ་ལོན་ཐུབ་པ་ཞིག་ཡིན”ཞེས་གསུངས།
          མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས《བོད་ཀྱི་སྐད་དང་ཡི་གེའི་མཐུན་སྦྱོར་སྐོར་ཅུང་ཟད་གླེང་བ》ཞེས་པའི་དཔྱད་རྩོམ་ནང་རིག་གནས་སློབ་གསོ་དང་གསར་འགྱུར་དྲིལ་བསྒྲགས་སོགས་བོད་ཡིག་གི་ཡིག་སྲོལ་གྱི་རྩ་བ་དང་མི་འགལ་བའི་ཆ་རྐྱེན་འོག་གི་ཡིག་ཆ་གང་ཡིན་རུང་གོ་གང་བདེ་ཞིག་ཡོང་རྒྱུ་གཙོ་བོར་འཛིན་རྒྱུར་འབད་བརྩོན་གཟབ་ནན་བྱ་དགོས་ཞེས་ནན་བཤད་གནང་བ་དང་ཆབས་ཅིག་གསུངས་པར“ ཕྱོགས་གཞན་ཞིག་ནས་དེང་སང་ཚགས་པར་དང་དུས་དེབ་ལ་ལའི་ཐོག་བརྩམས་སྒྲུང་དང་། དམངས་ཁྲོད་ཀྱི་སྒྲུང་གཏམ། གཞས་ཚིག་ཕྱོགས་བསྡུས་བྱས་པ་སོགས་ཀྱི་ཁྲོད་དུ་ས་ཁུལ་བྱེ་བྲག་པའི་ཉེ་འཁོར་མང་ཚོགས་ཚོས་གོ་སླ་བའི་ཆེད་དུའམ་ཡང་ན་ས་ཆ་དེ་རང་གི་དམངས་ཁྲོད་བཤད་ཚུལ་གཞིར་བཟུང་བ་སོགས་གང་ལྟར་ཡིག་སྲོལ་དང་མི་མཐུན་པའི་ཡུལ་སྐད་ཅི་རིགས་ཤིག་འཁོད་པའི་ལྕགས་པར་དཔེ་སྐྲུན་འགྲེམས་སྤེལ་བྱེད་བཞིན་པ་འདི་དག་རྒྱ་ཁྱབ་བོད་རིགས་སྤྱི་བྱིངས་ཀྱིས་གོ་དོན་མི་རྟོགས་པ་མ་ཟད་ཡིག་སྲོལ་དང་འགལ་བའི་རང་རང་ཡུལ་སྐད་ཀྱི་མིང་ཚིག་དག་བྱེད་འདི་ཡིན་མེད་པར་སྒྲ་ཟུར་ཐོན་ཙམ(གཏམ་བརྗོད་ཟློས་གར་དང་། གློག་བཪྙན། བཪྙན་འཕྲིན་འཁྲབ་ཚན་སྒྲ་བསྒྱུར། དགོད་བྲོའི་གཏམ་གླེང་སོགས་ཚུད་མེད)གང་བྱུང་རང་དགར་སྤེལ་བ་འདི་རིགས་རྒྱ་ཡན་དུ་གྱུར་ན། རིམ་བཞིན་བོད་ཀྱི་ཡོངས་ཁྱབ་བརྡ་སྤྲོད་ཡིག་སྲོལ་མཐའ་དག་རྩ་ཞིག་ཏུ་གྱུར་ཏེ་མཐར་ཐུག་བོད་ཡིག་འདིའང་ཡུལ་སྐད་བྱེ་བྲག་པ་སོ་སོའི་རྗེས་སུ་འབྲངས་ཏེ་སྟོད་སྨད་ལྷོ་བྱང་ས་ཁུལ་དུ་དུམ་བུ་མང་པོར་གྱེས་ནས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བ་དང་། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་། དག་ཡིག་གམ་ཚིག་མཛོད་དག་ཀྱང་རྩ་བ་འཛིན་ཡུལ་མེད་པར་འགྱུར་ཞིང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡོངས་རྫོགས་ཀྱང་མིང་གི་ལྷག་མ་ཙམ་དུ་འགྱུར་སྲིད་པ་བཅས་དེ་ལྟ་བུའི་ངན་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་དང་། ནམ་ཞིག་སུས་ཀྱང་སྐྱོབ་ཐབས་བྲལ་བ་ཞིག་ཡོང་རྒྱུ་གདོན་མི་ཟ་བས་ད་ཕྱིན་རང་ཅག་ཚང་མས་མེ་སྟག་གིས་ནགས་རི་བསྲེག་པའི་ཚབས་ཆེའི་ཕུགས་གནོད་ལ་བསམ་གཞིགས་ནན་ཏན་གྱིས་སྔོན་འགོག་དེ་བས་གནང་དགོས་ངེས་འདུག”ཅེས་གསུངས།
          (གསུམ་པ)ངོས་རང་གི་ལྟ་བ་བཤད་པ་ལ།
          གསལ་མཁས་དབང་རྣམ་པའི་བགྲོ་གླེང་ངམ་བཞེད་པ་ལས་རང་རེས་ཤེས་ཐུབ་པར་སྤྱིར་མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་རིང་ལ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྨྲ་བ་ལ་མཁས་པའི་པཎ་ཌི་ཏ་མང་པོས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྩ་འགྲེལ་མང་པོར་ཞིབ་ཏུ་དཔྱད་དེ་བརྡ་བཅད་ཀྱི་དགོངས་གཞིའང་འགའ་ཞིག་བཏོན་མྱོང་བ་མ་ཟད་བོད་ཡིག་ལའང་སྔ་ཕྱིར་བཀའ་བཅད་ཐེངས་གསུམ་ཙམ་བྱེད་མྱོང་ཡོད་ཀྱང་བོད་ཡིག་གི་རྩ་བའི་ཡིག་གཟུགས་དང་། བརྡ་དག་ཚིག་སྦྱོར་བྱེད་ལུགས་ལ་འགྱུར་ལྡོག་རྩ་བ་ནས་གཏོང་ཐུབ་མེད་ཅིང་། དེ་ལས་ལྡོག་ཏེ་བཀའ་བཅད་ཐེངས་གསུམ་བྱས་པ་བརྒྱུད། བོད་ཡིག་འདི་ཉེད་དེ་བས་གཅིག་གྱུར་དང་ཆ་ཚང་དུ་ཕྱིན་ཏེ་ད་ཕན་བེད་སྤྱོད་བྱེད་མུས་ཀྱི་ཡིག་སྐད་འདི་ཉིད་ཆགས་པ་ཡིན། ལྷག་པར་དུ་དུས་རབས་བཅོ་ལྔ་པ་ཙམ་ནས་བཟུང་བོད་ཡིག་དཔར་འདེབས་ཀྱི་ལག་རྩལ་རྒྱ་ཁྱབ་ངང་འཕེལ་རྒྱས་བྱུང་རྗེས་བོད་ཡིག་གི་བརྡ་དག་གཞུང་ལུགས་དང་ཡིག་གཟུགས་དག་ཀྱང་རྩ་བའི་ཆར་ཚད་གཞི་གཅིག་ལ་ངེས་ཤིང་། སྐབས་དེར་ཡུལ་སྐད་ཁུལ་མི་འདྲ་བ་སོ་སོའི་མཁས་གྲུབ་ལོ་པཎ་རྣམས་ཀྱིས་གཅིག་གྱུར་གྱི་ཡིག་སྐད་དམ་ཕལ་སྐད་ལ་བརྟེན་ནས་བོད་དཔེར་བརྩམས་བཀོད་བསྒྱུར་གསུམ་མཛད་པའི་བགྲང་ཡས་གླེགས་བམ་རི་རབ་སྤུངས་པ་ལྟ་བུས་བོད་རིགས་ཀྱི་རིག་གནས་འདི་ཉིད་འཛམ་གླིང་ཤར་ཕྱོགས་རིག་གནས་ཀྱི་གཟི་འོད་རྣམ་པར་བཀྲ་བའི་རྩ་ཆེའི་ནོར་བུའི་བང་མཛོད་ལྟ་བུར་གྱུར་ནས་ཀྲུང་ཧྭའི་རིག་གནས་གསར་སྐྲུན་བྱེད་ཆེད་ནམ་ཡང་ནུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད། དེ་ལྟར་སྐབས་དེར་དཔར་དུ་བསྐྲུན་པའི་བོད་ཡིག་གླེགས་བམ་ནང་གི་སྙན་ཞིང་འཇེབས་ལ་གོ་དོན་རྟོགས་སླ་བའི་བརྗོད་པ་མང་པོ་ཞིག་བོད་སྐད་ཡིག་གི་ཚད་གཞི་ལྟ་བུར་བརྩིས་ནས་དུས་ད་ལྟའང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་བེད་སྤྱོད་བྱེད་མུས་ཡིན། བོད་ཡིག་ནི་སྒྲ་གཞུང་ཁུངས་བཙན་པའི་གཅིག་གྱུར་གྱི་ཡིག་རིགས་ཤིག་ཡིན་པ་དེ་རང་ལ་བརྟེན་ནས་ད་ཆ་རང་རེས་བོད་ཡིག་ཡིག་སྐད་དམ་ཕལ་སྐད་ཀྱི་ཐོག་ནས་བྲིས་པའི་གསུང་རྩོམ་ཞིག་བོད་རིགས་ས་ཁུལ་གང་རུང་ཞིག་ཏུ་འཁྱེར་ནས་ཡུལ་དེའི་སྐད་གདངས་རང་གི་ཐོག་ནས་བཀླགས་ནའང་བོད་སྐད་ཁོ་ན་ལས་བོད་ཡིག་མི་ཤེས་པའི་མི་ཞིག་ཡིན་ཡང་དེའི་རྩ་བའི་ནང་དོན་གོ་ཤེས་ཐུབ་སྲིད། དེ་ལས་ལྡོག་སྟེ་གལ་ཏེ་ང་ཚོས་བོད་ཡིག་གི་ཡིག་སྲོལ་ལས་འདས་ཏེ་ནང་དོན་ཡོངས་རྫོགས་ཡུལ་དེ་རང་གི་སྐད་གདངས་བཞིན་སྒྲ་སྦྱོར་བྱས་ནས་བྲིས་པའི་བོད་ཡིག་གི་དཔེ་དེབ་ཅིག་བཀླགས་ཏེ་ཉན་དུ་བཅུག་ཚེ་ཉན་པ་པོས་དེའི་གོ་དོན་ཇི་ཡིན་ཤིན་ཏུ་རྟོགས་པར་དཀའ་བས་དེ་ལ་ཁྱེད་ཀྱིས་བོད་ཀྱི་ཡིག་སྲོལ་ལྟར་བྲིས་པའི་སྤྱི་སྐད་ཀྱིས་འགྲེལ་བཤད་རྒྱག་མི་དགོས་སམ།
          དེའི་ཐོག་ནས་བོད་ཀྱི་ཡིག་སྐད་ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་གཅིག་གྱུར་གྱི་སྐད་རིགས་ཤིག་ཡིན་པ་གསལ་པོར་མངོན་ཐུབ། ཡིག་སྐད་ཅེས་པ་དེའང་བོད་སྐད་ཀྱི་སྒྲ་བྲིས་པ་ཙམ་མིན་པར་ཡི་གེའི་དག་ཆ་གཞིར་བཟུང་འབྲི་དགོས་ཀྱི་ཡོད། གལ་ཏེ་དེ་ལྟར་མ་བྱས་ཚེ་ནང་དོན་ལ་འཕྲུལ་སྣང་མང་པོ་ཡོང་སྲིད། དཔེར་ན། སྔར་གཙང་གི་ཡུལ་སྐད་དུ་སྦྱར་བྱེད་སྤྱིན་ལ་སྤྲིན་ཞེས་ཀློག་ཅིང་།  ཉིན་ཞིག་གཙང་པ་ཞིག་གིས་དབུས་པར་ཡི་གེ་བཏང་སྟེ་དེ་ནས་སྤྲིན་གང་མང་ཉོ་སྒྲུབ་ཀྱིས་འཕྲལ་གཏོང་ཡོད་པ་ཞུ་ཞེས་བྲིས་པ་དེར་དབུས་པས་ཡིག་ལན་ཞིག་བཏང་ནས་ཁ་སྤྱིན་དགོས་ན་འདི་གར་འདུག མཁའ་སྤྲིན་དགོས་ན་གནམ་ནས་བཞེས་རོགས་ཞེས་བྲིས། གཞན་ཡང་དཔེར་ན། དེང་སྐབས་ང་ཚོར་རྟག་ཏུ་འཕྲད་པའི་ཐབ། ཐབས། འཐབ་གསུམ་ལྟ་བུར་ཆ་མཚོན་ནའང་གནའ་བོའི་དུས་སུ་ནི་དེ་གསུམ་ལ་སྒྲ་དྲག་ཞན་གྱི་དབྱེ་བའང་ཆེན་པོ་ཡོད་སྐད། འོན་ཀྱང་དེང་གི་ཆར་སྒྲ་གདངས་ལ་དེ་ཙམ་གྱི་དབྱེ་བ་མེད་ཀྱང་གོ་དོན་ལ་དབྱེ་བ་ཤིན་ཏུ་ཆེ། གལ་ཏེ་ང་ཚོས་ཐབས་འབྲི་དགོས་སར་འཐབ་ཅེས་བྲིས་ན་དེའི་གོ་དོན་ལ་འཕྲུལ་སྣང་ཆེན་པོ་ཡོང་བ་བོད་ཡིག་དག་ཆར་མཁས་པ་ཚང་མས་མཁྱེན་ཆོད་རེད། དེའི་ཕྱིར་ང་ཚོས་ཡིག་སྐད་དམ་སྤྱི་སྐད་ཀྱི་དག་ཆར་དོ་སྣང་ཆེན་པོ་བྱེད་དགོས་པ་རྒྱུ་མཚན་དུ་སྣང་། གལ་ཏེ་ང་ཚོས་བོད་ཡིག་གི་བརྡ་དག་གཞུང་ལུགས་ལ་བརྩི་སྲུང་མི་བྱེད་པ་དང་། བོད་ཡིག་གི་དག་ཆར་དོ་སྣང་མི་བྱེད་པ་ཡིན་ན་དེའི་འབྲས་བུར་བོད་རིགས་ཀྱི་ཐུན་མོང་སྐད་ཡིག་འདི་ཉིད་ཆ་ཐོར་ཡ་ཐོར་ཁུངས་ལུང་མེད་པར་གྱུར་ཏེ་ཡིག་སྐད་དང་ཡུལ་སྐད་དབར་གོ་བརྡ་སྤྲོད་མི་ཐུབ་པ། ཡི་གེའི་གཞི་འཛིན་ས་ཡོད་ཅིང་བོད་རིགས་ཀྱི་ཡུལ་ཕྱོགས་ཀུན་ཏུ་གོ་བརྡ་འཕྲོད་པའི་བོད་ཀྱི་ཡིག་སྐད་དམ་ཕལ་སྐད་འདི་ཉིད་དཔེ་དེབ་ཀྱི་ངོས་སུ་འཁོད་པ་ཙམ་གྱི་བོད་སྐད་ལ་འགྱུར་སྲིད།       དེ་ལྟར་དུས་ཡུན་རིང་པོ་འདས་ཙ་ན་ནམ་མཁའི་རྒྱུ་སྐར་ལྟར་གྲངས་ཀྱིས་མི་ལང་པའི་བོད་ཡིག་གླེགས་བམ་རྣམས་ནམ་ཞིག་སུས་བལྟས་ཀྱང་དོན་མི་རྟོགས་པའི་ཤོག་སྙིགས་ཀྱི་ཕུང་པོ་ལྟ་བུར་དཔེ་མཛོད་ཁང་ལ་སོགས་པའི་དཔེ་སྒྲོམ་སྟེང་ནམ་ཡང་གཉིད་དུ་ཡུར་བ་ལྟར་བེད་མེད་སོལ་དལ་དུ་ལུས་སྲིད།  དེ་དག་ནི་རང་རེས་བོད་ཀྱི་སྤྱི་སྐད་ཀྱི་གཞི་འཛིན་ས་ཉག་གཅིག་ནི་ངེས་པར་དུ་བོད་ཡིག་ཁོ་ན་ཡིན་དགོས་ཞེས་ནན་པོར་གསལ་ཁ་གཏོད་པའི་རྒྱུ་མཚན་གཙོ་བོ་རྣམས་ཡིན།
          བཞི་པ། དབུས་གཙང་གི་སྐད་དེ་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིར་བརྩི་དགོས་པའི་རྒྱུ་མཚན་བཤད་པ་ལ།
          ང་ཚོས་བོད་ཀྱི་སྤྱི་སྐད་ཀྱི་གཞི་འཛིན་ས་ངེས་པར་དུ་བོད་ཡིག་བྱེད་དགོས་ཞེས་བཤད་པ་དེའང་བོད་ཀྱི་སྤྱི་སྐད་ཀྱི་གྲུབ་ཆ་གཙོ་བོར་འཛིན་རྒྱུའི་རྨང་གཞིའི་ཡུལ་སྐད་ཅིག་མི་དགོས་ཟེར་བ་དེ་མིན། དེ་ལས་ལྡོག་སྟེ་བོད་ཀྱི་སྤྱི་སྐད་ལ་ངེས་པར་དུ་གཞི་འཛིན་སའི་རྨང་གཞིའི་ཡུལ་སྐད་ཅིག་དགོས་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཡུལ་བབ་དང་། མི་འབོར། ལོ་རྒྱུས་རིག་གནས། དཔལ་འབྱོར་དར་རྒྱས་འགྲོ་ཚུལ་སོགས་རྒྱུ་རྐྱེན་མང་དག་ཅིག་ལས་གྲུབ་པའི་ཡུལ་སྐད་ཅིག་གཞི་འཛིན་ས་མ་བྱས་ཚེ་བོད་རིགས་ས་ཁུལ་ཡོངས་ལ་ཁྱབ་སྤེལ་གཏོང་ཐུབ་པའི་སྤྱི་སྐད་ཅིག་གྲུབ་པ་ཤིན་ཏུ་དཀའ། དེས་ན་རང་རེས་དབུས་གཙང་སྐད་ཀྱིས་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིའི་ཡུལ་སྐད་བྱེད་དགོས་ཞེས་གལ་འགངས་ཆེན་པོས་བརྗོད། འདིར་དང་ཐོག་རང་རེས་རྨང་གཞིར་འཛིན་རྒྱུའི་དབུས་གཙང་ཡུལ་སྐད་ཀྱི་ཁྱབ་ཁོངས་གཏན་འཁེལ་བྱེད་དགོས། སྤྱིར་དབུས་གཙང་ཞེས་པའི་ཁྱབ་ཁོངས་ཤིན་ཏུ་ཆེ་ཞིང་། ཁ་རྒྱུན་དུ་གམ་པ་ལ་ཡན་ཆད་ལ་གཙང་དང་། གམ་པ་ལ་མན་ཆད་ཀྱི་ཡུལ་དབུས་སུ་གནས་པ་དག་ལ་དབུས་ཞེས་བརྗོད། འོན་ཀྱང་རང་རེས་འདིར་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིའི་ཡུལ་སྐད་ཀྱི་འབྱུང་ཁུངས་ལ་བརྩི་བའི་དབུས་གཙང་ཞེས་པ་ནི་གཙོ་བོ་ལྷ་ས་དང་། གཞིས་ཀ་རྩེ། རྒྱལ་རྩེ་བཅས་ཡིན།
          དབུས་གཙང་གི་སྐད་དེ་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིའི་ཡུལ་སྐད་ལ་བརྩི་དགོས་དོན་ནི་གཙོ་བོ་དབུས་གཙང་སྐད་ཀྱི་ལོ་རྒྱུས་དང་དེའི་ད་ལྟའི་གནས་བབ་ལ་གཞིགས་ཏེ་བསམ་གཞིགས་བྱས་པ་ཡིན། ལོ་རྒྱུས་ཐོག་ནས་བཤད་ན། དབུས་གཙང་ཁུལ་དང་ལྷག་པར་དུ་ལྷ་ས་ནི་བོད་ཀྱི་ཆབ་སྲིད་དཔལ་འབྱོར་རིག་གནས་ཀྱི་ལྟེ་བ་ཡིན། ལྷ་སར་ཆ་མཚོན་ན། རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ས་འདི་ཉིད་བོད་ཀྱི་རྒྱལ་སར་མངའ་གནང་བ་ནས་བཟུང་སྔ་རྗེས་སུ་བཙན་པོ་སྐུ་ཐོག་བཅུ་གཅིག་གིས་གངས་ལྗོངས་ཀྱི་སྙིང་དབུས་འདིར་རྒྱལ་སྲིད་སྐྱོང་གནང་མཛད་ཡོད། དེའི་ནང་ནས་བཙན་པོ་ཁྲི་སྡེ་སྲོང་བཙན་གྱི་སྐུ་དུས་ལ་ལྷ་ས་ཁུལ་དུ་བོད་ཡིག་ལ་བཀའ་བཅད་ཐེངས་གསུམ་མཛད་མྱོང་ཡོད། སྤྱི་ལོ་ ༡༦༤༢ ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པས་དགའ་ལྡན་ཕོ་བྲང་གི་ས་གནས་སྲིད་དབང་བཙུགས་གནང་བ་ནས་༡༩༥༩ བར་ལྷ་ས་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གི་གནས་ཡུལ་ཡིན་ཞིང་། འདི་ནས་བོད་ཀྱི་ས་གནས་ཁག་ལ་བོད་ཡིག་གི་གཞུང་ཡིག་དང་རྩ་ཚིག་སོགས་འགྲེམས་བསྒྲགས་བྱེད་པས་ལྷ་ས་ནི་བོད་ཡིག་སྤྱོད་ཡུལ་གཙོ་བོ་ཡིན།  གཞན་ཡང་བོད་ཀྱི་གདན་ས་ཆེ་ཁག་གསུམ་དང་། སྨན་རྩིས་ཁང་སོགས་ཀྱང་ལྷ་སར་ཡོད་པས་གནས་འདི་བོད་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་ལྟེ་གནས་གལ་པོ་ཆེ་ཤོས་དེ་ཡིན། གཙང་ལ་ཆ་བཞག་ན། ས་སྐྱའི་སྲིད་དབང་དང་གཙང་པ་རྒྱལ་པོའི་རིང་ལ་གཞིས་རྩེ་ས་ཁུལ་འདི་ཉིད་རེ་ཞིག་བོད་ཀྱི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་བར་ཡང་འགྱུར་མྱོང་ཡོད། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱི་སྐུ་དུས་ནས་དམངས་གཙོའི་བཅོས་སྒྱུར་བར། གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་འདི་ཉིད་བོད་ཀྱི་སྐབས་དེའི་ཤུགས་རྐྱེན་ཆེ་བའི་སྟོབས་ཤུགས་ཚོགས་པ་གཞན་ཞིག་གི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་བ་ཡིན་པས་དེའང་བོད་ཡིག་སྤྱོད་ཡུལ་ཆེ་ཤོས་གཞན་ཞིག་ཡིན་པ་ལོ་རྒྱུས་ཀྱིས་བསྟན།
          དེ་ལྟར་དབུས་གཙང་ཁུལ་འདི་ཉིད་ས་རྒྱ་ཆེ་ལ་མི་འབོར་མང་བ། དཔལ་འབྱོར་འཕེལ་རྒྱས་ཆེ་བ། སྲོལ་རྒྱུན་གྱི་རིག་གནས་གཞི་བརྟན་ལ་ཕུན་སུམ་ཚོགས་པ། མང་ཚོགས་ཀྱི་སྐད་ཆའི་ནང་བརྡ་དག་མིང་ཚིག་དང་གུས་ལུགས་མཚོན་པའི་ཞེ་ཚིག་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་སྨོས་ཅི་དགོས།
          བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལྷ་ས་འདི་ཉིད་བོད་ཀྱི་གྲོང་ཁྱེར་ལྟེ་བ་དང་། བོད་ཀྱི་ཆབ་སྲིད་དཔལ་འབྱོར་རིག་གནས་ཀྱི་ལྟེ་གནས། བོད་ཀྱི་མི་སྣ་གྲགས་ཅན་དང་། འགྲིམ་འགྲུལ། ཡུལ་སྐོར། ཉོ་འཚོང་སོགས་འདུ་ཆེ་ས། ལྗོངས་ཡོངས་སུ་འཕེལ་རྒྱས་ཆེ་ཤོས་ཡིན་པའི་ས་གནས། མི་རྣམས་ཀྱི་ཡིད་ཀྱི་དྭངས་བ་འདྲེན་པའི་གནས་མཆོག་དམ་པ་བཅས་ཡིན། དེ་བཞིན་གཞིས་ཀ་རྩེ་ས་ཁུལ་ཡང་ལྗོངས་ཡོངས་སུ་རྫོང་ཁག་མང་ཤོས་དང་། མི་འབོར་མང་ཤོས་ཀྱི་ཁུལ་ཞིག་ཡིན། གཞིས་རྩེ་འདི་ཉིད་ཀྱང་བོད་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཡིན་པས་གཙང་ཁུལ་གྱི་ལྟེ་གནས་སུ་གྱུར། སྐད་ཡིག་རིག་པ་ལྟར་ན། མི་དང་མིའི་དབར་ཕན་ཚུན་འབྲེལ་གཏུག་བྱ་བྱེད་ཀྱི་ཡོ་བྱད་ཡིན་པའི་སྐད་རིགས་ནི་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ནས་ཐོན་ཞིང་གོང་འཕེལ་བྱུང་བ་ཞིག་ཡིན་ན། དེར་བལྟོས་བཅས་ཀྱི་བརྟན་གནས་རང་བཞིན་ལྡན་པར་མངོན། ཡིན་ནའང་དེ་དང་ཆབས་ཅིག་སྐད་རིགས་དེའང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་སྟབས་སྤྱི་ཚོགས་གོང་འཕེལ་དང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་ཟམ་མི་ཆད་པར་དམ་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་སྐད་ཆའི་ནང་དོན་ལ་འགྱུར་བ་ཡོང་བ་མ་ཟད་ནང་དོན་དེ་རིགས་མཚོན་པའི་མིང་ཚིག་ལའང་འགྱུར་ལྡོག་ཆེན་པོ་ཡོང་སྲིད། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག    དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་བརྒྱུད་དབུས་གཙང་ཁུལ་གྱི་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་སྔར་བྱུང་མྱོང་མེད་པའི་ཡར་རྒྱས་གོང་འཕེལ་བྱུང་བ་དང་ཆབས་ཅིག  དབུས་གཙང་གི་སྐད་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།དེས་ན་དབུས་གཙང་གི་སྐད་འདི་ཉིད་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིའི་ཡུལ་སྐད་དུ་འཛིན་རྒྱུ་ནི་དུས་ཀྱི་འཕེལ་ཕྱོགས་དང་མི་སེམས་ཀྱི་འཁོར་ཕྱོགས་རང་ཡིན། ཡིན་ནའང་ངེས་པར་དུ་གསལ་ཁ་གཏོད་དགོས་པ་ཞིག་ལ་རྨང་གཞིའི་ཡུལ་སྐད་དུ་བརྩི་བའི་དབུས་གཙང་གི་སྐད་ཀྱི་ནང་དུ་བོད་ཡིག་གི་གཞི་འཛིན་ས་མེད་པའི་ལུང་ཁུག་ལུང་རྐྱང་གི་ཡུལ་སྐད་དང་གནས་སྐབས་དར་བཟོ་ཅན་གྱི་སྐད་དཔེ་གསར་ཚུད་མེད། དཔེར་ན། ལྷ་སའི་ཡུལ་སྐད་ནང་རྐང་པར་རྐང་ག་དང་། ལག་པར་ལག་ག   དེ་བཞིན་གཞིས་རྩེའི་ཡུལ་སྐད་ནང་རྐང་པར་རྐ་བ་དང་། ལག་པར་ལག་ཀྭ་ཟེར་བ་ལྟ་བུ་དང་། གཞན་ཡང་དཔེར་ན། གཞོན་ནུ་ཕོ་མོའི་བར་དགའ་རོགས་སྒྲིག་པར་ཏིའུ་གཏོང་བ་ཟེར་བ་དང་མཛེས་ཉམས་ལྡན་པ་ཞིག་ཏུ་འདུག་ཟེར་རྒྱུར་ཨོག་པེལ་ཞིག་འདུག་ཟེར་བ་ལྟ་བུ། དེ་མིན་ད་དུང་སྐབས་འགར་དབུས་གཙང་གི་ཡུལ་སྐད་ནང་སྔར་ཡོད་ཀྱི་རྒྱུ་མཚན་བརྗོད་པའི་འཕྲད་སྟབས་དང་ཕྱིར་དང་གཤིས་ལ་སོགས་བེད་སྤྱོད་མི་བྱེད་པར་ལྷ་སའི་ཡུལ་སྐད་ཙང་ཞེས་པས་ཚབ་བྱེད་པ་ལྟ་བུ་ཡིན། གོང་གསལ་བོད་ཡིག་གི་གཞི་འཛིན་ས་མེད་པའི་མིང་ཚིག་དང་དར་བཟོ་ཅན་གྱི་སྐད་ཆ་དཔེ་གསར་དེ་རིགས་ལ་ནི་གནས་སྐབས་རིང“ ཁྲིམས་མཐུན་གྱི་གདན་ཐོབ”ཅེས་པ་སྤྲོད་པ་ཧ་ཅང་མི་འོས་སོ། དེའང་འདི་ལྟར་བརྗོད་རུང་བ་སྟེ། བོད་ཡིག་གི་གཞི་འཛིན་ས་ཡོད་པའི་མིང་ཚིག་ཅིག་ཡིན་ཕྱིན། དེ་བོད་རིགས་ས་ཁུལ་གང་ཞིག་ནས་ཐོན་ན་ཡང་བོད་ཀྱི་སྤྱི་སྐད་ཀྱི་གྲུབ་ཆར་བརྩིས་ནས་བེད་སྤྱོད་བྱེད་དགོས་པ་དང་། བོད་ཡིག་གི་གཞི་འཛིན་ས་མེད་པའི་མིང་ཚིག་ཅིག་ཡིན་ཕྱིན་དེ་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིའི་ཡུལ་སྐད་ཀྱི་འབྱུང་རྩ་དབུས་གཙང་ཁུལ་ནས་ཐོན་ན་ཡང་བོད་ཀྱི་སྤྱི་སྐད་ཀྱི་གྲུབ་ཆར་བརྩི་མི་རུང་།
ལྔ་པ། ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་བོད་ཀྱི་སྤྱི་སྐད་ཀྱི་ཚད་འཛིན་སྒྲ་གདངས་ལ་བརྩི་དགོས་པའི་རྒྱུ་མཚན་བཤད་པ་ལ།
          དེའང་བོད་ཀྱི་སྤྱི་སྐད་གཏན་འཁེལ་བྱ་རྒྱུའི་གཙོ་གནད་ནི་བོད་སྐད་ཀྱི་སྒྲ་གདངས་གཏན་འཁེལ་བྱ་རྒྱུ་དེ་ཡིན།  དེང་སྐབས་བོད་རིགས་ས་ཁུལ་དུ་ཡུལ་སྐད་མི་འདྲ་བ་མང་པོ་ཞིག་གོམས་གཤིས་སུ་ཆགས་པ་དེའང་བོད་ཡིག་རང་གི་གནད་དོན་གཏན་ནས་མིན་པར་ཡུལ་ལུང་སོ་སོའི་མིས་བོད་ཡིག་གི་སྒྲ་འདོན་སྟངས་མི་འདྲ་བ་ལས་བྱུང་བ་ཞིག་ཡིན། 
          དེས་ན་བོད་སྐད་ཀྱི་སྒྲ་གདངས་ཀྱི་གནད་དོན་ཐག་གཅོད་མ་བྱས་ཚེ་བོད་རིགས་ས་ཁུལ་ཀུན་ཏུ་སྤྱོད་པའི་སྤྱི་སྐད་ཞེས་པའང་ཆགས་ཐབས་མེད་པས་རང་རེས་ལོ་མང་རིང་དཔྱད་ཞིབ་དང་གྲོས་བསྡུར་བྱས་མཐར་ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་བོད་ཀྱི་སྤྱི་སྐད་ཀྱི་ཚད་འཛིན་སྒྲ་གདངས་ལ་བརྩི་དགོས་རྒྱུའི་གཏན་འཁེལ་བྱས།  འདིར་ཡང་ཐོག་མར་ལྷ་སའི་སྐད་ཀྱི་སྒྲ་གདངས་ཞེས་པའི་ཁྱབ་ཁོངས་གཏན་འཁེལ་བྱེད་དགོས།ཁོ་བོས་བྱས་ན་བོད་ཀྱི་སྤྱི་སྐད་ཀྱི་ཚད་འཛིན་སྒྲ་གདངས་ཞེས་པ་དེ་གཙོ་བོ་ལྷ་ས་གྲོང་ཁུལ་གྱི་སྐད་གདངས་ལ་ཟེར་དགོས་ཀྱི་འདུག   གང་ལགས་ཤེ་ན།  ལྷ་ས་གྲོང་ཁུལ་ནས་བརྒལ་ཚེ་དབུས་སྐད་ཀྱི་སྒྲ་གདངས་ཀྱང་མི་འདྲ་བ་མང་པོ་ཡོད།  རང་རེས་ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་བོད་ཀྱི་སྤྱི་སྐད་ཀྱི་སྒྲ་གདངས་ཀྱི་ཚད་འཛིན་སར་བརྩི་དགོས་དོན་ནི།  གཅིག་ནས་སྐབས་དེར་ཐོན་མི་སམ་བྷོཌས་ད་ལྟའི་བོད་ཡིག་འདི་ཉིད་གསར་གཏོད་མཛད་སྐབས་ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་གཞི་འཛིན་སའི་སྐད་གདངས་གཙོ་བོའི་གྲས་ཤིག་ཡིན་སྲིད་ལ།  ལོ་རྒྱུས་ཐོག་བོད་ཡིག་ལ་བཀའ་བཅད་ཐེངས་གསུམ་བྱས་པའི་གཞི་འཛིན་ས་གཙོ་བོ་ཞིག་ཀྱང་ཡིན་སྲིད།  དེ་དག་གི་ཐོག་ནས་ལྷ་སའི་སྐད་གདངས་འདི་བོད་ཀྱི་བརྡ་དག་གཞུང་ལུགས་ཀྱི་སྒྲ་འདོན་སྟངས་དང་ཅུང་མཐུན་ཆེ་བ་མ་ཟད་དུས་ཡུན་རིང་པོར་འགྱུར་ལྡོག་བྱུང་བ་བརྒྱུད་ད་ཆ་ལྷ་སའི་སྐད་འདི་ཁྱོན་ཡོངས་ནས་བལྟས་ན་ངག་ཞི་ཞིང་འཇམ་ལ་ཉན་སྤྲོ་བ་དང་།  ཁ་ནས་བརྗོད་བདེ་ལ་དོན་རྟོགས་སླ་བ།  གུས་ཞབས་ཀྱི་ཞེ་ཚིག་མང་བ་སོགས་ས་གནས་ཁག་གི་བོད་རིགས་མང་ཚོགས་ཚོས་སློབ་སྦྱོང་བྱེད་འདོད་ལ་བྱེད་ཀྱང་སླ་བའི་སྐད་གདངས་ཤིག་ཏུ་གྱུར་ཡོད།  དེའི་ཐད་རང་རེས་ལྷ་སའི་སྐད་གདངས་དང་།  མདོ་ཁམས་ཁུལ་གྱི་སྐད་གདངས་གཉིས་བསྡུར་ཙམ་བྱས་ན།  ལྷ་སའི་སྐད་ནང་ཨི་ཨུ་ཨེ་ཨོ་ཞེས་དབྱངས་བཞི་ཀློག་སྐབས་སྒྲ་གདངས་ཀྱི་དབྱེ་བ་གསལ་པོ་ཡོད། 
          འོན་ཀྱང་ཁམས་ཁུལ་དུ་ཨི་དང་ཨུ་གཉིས་ཧ་ལམ་སྒྲ་གཅིག་པར་ཀློག་གི་ཡོད།  དེར་བརྟེན་ཁམས་ཁུལ་དུ་བོད་ཡིག་ཤེས་ཀྱང་དག་ཡིག་དེ་ཙམ་ཡག་པོ་མི་ཤེས་པ་ཚོས་རྟག་ཏུ་གི་གུ་དང་ཞབས་ཀྱུ་འབྲི་སྟངས་ནོར་གྱི་ཡོད་པ་དཔེར་ན།  རེ་འགས་གཡུ་ཞེས་པ་དབྱི་ཞེས་པར་འབྲི་བ་དང་།  བཅུ་དྲུག་ཅེས་པ་བཅི་དྲིག་ཅེས་པར་འབྲི་བ།  ཨ་ཁུ་ཞེས་པ་ཨ་ཁེ་ཞེས་པར་འབྲི་བ།  ཉི་ཤུ་ཞེས་པ་ཉུ་ཤི་ཞེས་པར་འབྲི་བ་སོགས་ནི་དབྱངས་ཡིག་ཨི་དང་ཨུ་གཉིས་སྒྲ་གཅིག་པ་ལྟ་བུར་ཀློག་པའི་རྐྱེན་གྱིས་ཡིན།  གཞན་ཡང་དབུས་གཙང་གི་སྐད་ནང་གསལ་བྱེད་སུམ་ཅུའི་སྒྲ་གདངས་ལ་དབྱེ་བ་གསལ་པོ་ཡོད།  དཔེར་ན་དབུས་གཙང་གི་སྐད་ནང་ཀ་དང་ག་དང་།ཏ་དང་ད།པ་དང་བ།ཞ་དང་ཤ་བཅས་ཀྱི་འདོན་སྒྲར་དབྱེ་བ་གསལ་པོ་ཡོད།  འོན་ཀྱང་མདོ་ཁམས་ཁུལ་དུ་དེ་དག་གི་འདོན་སྒྲར་དབྱེ་བ་གསལ་པོ་མེད།  དཔེར་ན།  ཨ་མདོ་ཁུལ་དུ་གསལ་བྱེད་བ་ཡི་སྒྲ་འདོན་སྐབས་ཡས་སོ་མས་མཆུར་གཏུགས་ཏེ་སྒྲ་བཏོན་སྟབས“ཧྥ”ཞེས་པའི་སྒྲ་ཐོན་གྱི་ཡོད།  འོན་ཀྱང་གསལ་བྱེད་པ་ཡི་སྒྲ་ནི་བ་ཞེས་འདོན་པས་རྟག་ཏུ་པཎ་ཆེན་ཞེས་པ་བན་ཆེན་ཞེས་པར་འདོན་པ།  པད་མ་འབྱུང་གནས་ཞེས་པ་བད་མ་འབྱུང་གནས་ཞེས་པར་འདོན་གྱི་ཡོད།  དེ་མིན་མདོ་ཁམས་ཁུལ་དུ་ཞ་ཤ་ཡི་སྒྲ་འདོན་སྟངས་ལའང་དབྱེ་བ་དེ་ཙམ་མེད།  གོང་དུ་དཔེར་དྲངས་པ་རྣམས་ནི་མིང་གཞི་རྐྱང་པའི་སྒྲ་འདོན་སྟངས་སྐོར་ཡིན།  དེ་མིན་དབྱངས་ཡིག་ཞུགས་པའི་ཚེག་ཁྱིམ་དཔེར་ན་ཞིང་དང་ཞང་།  ལགས་དང་ལེགས།  བཞི་དང་བཞུ་སོགས་ལྷ་སའི་སྐད་ཀྱི་སྒྲ་གདངས་ནང་དབྱེ་བ་གསལ་པོ་ཡོད།  འོན་ཀྱང་མདོ་ཁམས་ཁུལ་དུ་དབྱེ་བ་དེ་ཙམ་གསལ་པོ་མེད།  འོ་ན་ལྷ་སའི་སྐད་ཀྱི་སྒྲ་གདངས་ལ་སྐྱོན་མེད་པ་ཡིན་ནམ་ཞེ་ན་དེ་ལྟ་མ་ཡིན།  ལྷ་སའི་ཡུལ་སྐད་ཀྱི་སྒྲའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྷ་སའི་སྐད་ཀྱི་སྒྲ་གདངས་ནང་བོད་ཡིག་གི་སྒྲ་གཞུང་ཕྱི་མོ་སུམ་རྟགས་ཀྱི་བཞེད་པ་དང་མི་མཐུན་པའི་ཟུར་ཆག་གི་སྒྲ་ཡང་མི་ཉུང་བ་ཞིག་ཡོད་པ་དཔེར་ན།  ལྷ་སའི་ཡུལ་སྐད་ནང་པ་ཕ་བ་གསུམ་གྱི་ར་བཏགས་ཀྱི་སྒྲ་མི་འདོན་པའི་དབང་གིས་སྤྲང་པོ་ཞེས་པ་སྤང་པོ་ཞེས་ཀློག་པ་དང་། ཕྲ་པོ་ཞེས་པ་ཕ་པོ་ཞེས་ཀློག་པ།  བྲིན་པོ་ཞེས་པ་བིན་པོ་ཞེས་ཀློག  ཡང་དཔེར་ན།  མོ་ཡིག་ད་ཛ་གཉིས་ལྷ་སའི་ཡུལ་སྐད་ནང་སྒྲ་དྲག་པར་བཀླགས་ཏེ་ད་ག་རང་ཞེས་པ་རྡ་ག་རང་ཞེས་པར་ཀློག་པ་དང་།  ཛ་དྲག་ཅེས་པ་རྫ་དྲག་ཅེས་པར་ཀློག་གི་ཡོད།  འོན་ཀྱང་གོང་གསལ་མིང་གཞིར་འཕུལ་ཡིག་དང་མགོ་ཅན་སྦྱར་ཚེ་སྒྲ་དྲག་པར་ཀློག་དགོས་ཀྱང་དེ་ལས་ལྡོག་སྟེ་སྒྲ་ཞན་པར་ཀློག་པ་དཔེར་ན།  དགྲ་བོ་ཞེས་པ་གྲ་བོ་ཞེས་པར་ཀློག་པ་དང་།  སྒྲ་དག་པོ་ཞེས་པ་གྲ་དག་པོ་ཞེས་པར་ཀློག་གི་ཡོད་པ་སོགས་མདོར་ན།  སྒྲ་དྲག་ཞན་གྱི་ཀློག་སྟངས་ནོར་གྱི་ཡོད།  གོང་གསལ་སྒྲ་འདོན་སྟངས་ཐད་ཀྱི་ཞན་ཆ་དེ་དག་སློབ་གྲྭའི་ནང་བོད་ཡིག་གི་སྒྲ་སྦྱོར་སློབ་ཚན་འཁྲིད་པ་དང་།  རླུང་འཕྲིན་དྲིལ་བསྒྲགས་སོགས་ཀྱི་ལས་ཀ་བྱས་ནས་གཅིག་གྱུར་ཡོ་བསྲང་བྱས་ཐོག་བོད་ཡིག་གི་སྒྲ་གདངས་གཅིག་མཚུངས་ཡོང་བར་བརྩོན་གལ་ཆེ།
          རང་རེས་ལྷ་སའི་སྐད་གདངས་འདི་ཉིད་བོད་ཀྱི་སྤྱི་སྐད་ཀྱི་ཚད་འཛིན་སྒྲ་གདངས་ལ་བརྩི་བའི་རྒྱུ་མཚན་གཞན་ཞིག་ནི་དོན་དངོས་གནས་ཚུལ་གཞིར་བཟུང་བ་ཡིན་པས་སོ།  དེང་སྐབས་རང་རེའི་རླུང་འཕྲིན་དང་།  བཪྙན་འཕྲིན།  གློག་བཪྙན།  ཕྱི་ཕྱོགས་དྲིལ་བསྒྲགས།  རིག་རྩལ་ལེ་ཚན།  ཚོགས་འདུའི་གཏམ་བཤད་སོགས་ལ་གཙོ་བོ་ལྷ་སའི་སྐད་འདི་ཉིད་སྤྱད་དང་སྤྱོད་བཞིན་ཡོད།  དེ་ཐོག་ནས་ལྷ་སའི་སྐད་འདི་ཉིད་དོན་དངོས་ཐོག་བོད་ཀྱི་སྤྱི་སྐད་ཀྱི་ཚད་འཛིན་སྒྲ་གདངས་ལ་བརྩིས་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་མུས་དང་།  ལྷ་སའི་སྐད་འདི་ཉིད་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་བཞིན་འགོག་ཐབས་མེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་དུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད་པ་མཚོན་གྱི་ཡོད་ན།  གནས་ཚུལ་དེ་འདྲའི་འོག་རང་རེས་ཡུལ་སྐད་གཞན་ཞིག་གི་སྐད་གདངས་ཀྱིས་ལྷ་སའི་སྐད་གདངས་ཀྱི་ཚབ་བྱེད་དགོས་དོན་མེད་ལ་བྱེད་ཀྱང་ག་ལ་ཐུབ། དེ་ལས་རང་རེས་ཆུ་མོའི་གཞུང་ལ་བལྟས་ཏེ་ཀོ་སྐྱའི་རྒྱག་སྟངས་ཟེར་བ་ལྟར་བབ་བསྟུན་འཁྲིད་སྟོན་བྱས་ཏེ་ལྷ་སའི་སྐད་གདངས་འདི་ཉིད་བོད་ཡོངས་ཀྱི་སྐད་གདངས་ཀྱི་ཚད་འཛིན་ས་བྱས་ནས་ཁྱབ་གདལ་ཤུགས་ཆེར་བཏང་ཐོག་བོད་ཀྱི་སྤྱི་སྐད་མྱུར་དུ་ཆགས་ཤིང་གོང་འཕེལ་ཡོང་བ་བྱ་དགོས།
          དྲུག་པ།  བོད་ཀྱི་སྤྱི་སྐད་དེ་ཕལ་སྐད་གཙོ་བོར་འཛིན་དགོས་པའི་རྒྱུ་མཚན་བཤད་པ་ལ།
          བོད་ཡིག་གི་གནས་ཚད་ངེས་ཅན་ཡོད་པ་ཚང་མས་ཤེས་གསལ་ལྟར་བོད་ཀྱི་ཡུལ་སྐད་དང་།  ཕལ་སྐད།  ཆོས་སྐད་བཅས་ཀྱི་དབར་ལ་ཁྱད་པར་ངེས་ཅན་ཡོད་ཅིང་།  ཡུལ་སྐད་ཅེས་པ་དེ་ནི་ཡུལ་སྐད་དེ་ཉིད་སྤྱོད་ཡུལ་གྱི་མི་ཙམ་གྱིས་གོ་ཤེས་ཐུབ་པའི་སྐད་རིགས་ཤིག་ཡིན་གཤིས།  སྤྱིར་ཡུལ་སྐད་དེའི་ས་ཁོངས་ཁོ་ན་ཙམ་དུ་བེད་སྤྱོད་བྱེད་ཀྱི་ཡོད།  ཕལ་སྐད་ནི་དེ་བས་གོ་བདེར་གྱུར་པའི་བོད་ཀྱི་ཡིག་སྐད་ཡིན་སྟབས། གཙོ་བོ་གསར་འགྱུར་དྲིལ་བསྒྲགས་དང་།རིག་རྩལ་འཁྲབ་སྟོན།  ཚོགས་འདུའི་གཏམ་བཤད་སོགས་མདོར་ན་སྤྱི་དམངས་ཀྱི་རང་བཞིན་ལྡན་པའི་བྱེད་སྒོའི་ནང་བེད་སྤྱོད་བྱེད་ཀྱི་ཡོད།ཆོས་སྐད་ནི་གཙོ་བོ་དཔེ་ཆའི་གླེགས་བམ་དང་།  སྔ་མོའི་གཞུང་ཡིག   རྩོམ་རིག་བརྩམ་བྱ་སོགས་ཀྱི་ནང་དུ་བེད་སྤྱོད་བྱེད་ཀྱི་ཡོད།  ཕལ་སྐད་ཀྱི་ཐོག་ནས་བྲིས་པའི་རྩོམ་རིགས་རྣམས་རང་རེས་རྒྱུན་དུ་བརྗོད་པའི་ཁ་སྐད་དང་འབྲེལ་ཆེ་སྟབས།  གོ་བདེ་ཞིང་ཤེས་སླ་བས་སྤྱི་ཚོགས་ཀྱི་མི་མང་ཆེ་བས་སློབ་སྦྱོང་དང་བེད་སྤྱོད་བྱེད་སླ་པོ་ཡོད།  ཆོས་སྐད་ལ་ཚིག་སྦྱོར་སྙན་ཞིང་བརྗིད་ཉམས་ལྡན་པ་དང་།  ཚིག་བསྡུས་ལ་དོན་ཟབ་པའི་ཁྱད་ཆོས་ལྡན་ཡོད་པས།  སྤྱིར་བཏང་མི་མང་ཆེ་བས་སློབ་སྦྱོང་དང་བེད་སྤྱོད་བྱེད་བདེ་པོ་མེད།  ཡིན་ནའང་གོང་དུ་བརྗོད་པའི་སྐད་རིགས་གསུམ་གྱི་ཁྱད་པར་དེ་དག་བལྟོས་བཅས་ཙམ་ལས་བལྟོས་མེད་ཅིག་ནི་རྩ་བ་ནས་མ་ཡིན།  ང་ཚོས་ངོས་འཛིན་འདི་འདྲ་ཞིག་བྱ་རུང་སྟེ།  བོད་ཀྱི་ཡིག་སྐད་ནི་བོད་ཡིག་གི་བརྡ་སྤྲོད་རིག་པ་ལྟར་ཡིག་སྲོལ་དུ་བཅད་པའི་བོད་སྐད་ཡིན་པ་དང་།  བོད་ཀྱི་ཡུལ་སྐད་རྣམས་ནི་སྒྲ་གདངས་འགྱུར་བའི་བོད་ཀྱི་ཡིག་སྐད་ཡིན།  དེ་ལྟར་བོད་ཀྱི་ཡིག་སྐད་དང་ས་གནས་ཁག་གི་ཡུལ་སྐད་ཀྱི་སྐད་གདངས་དབར་ཕན་ཚུན་ཡ་ཟླ་རེ་སྦྱོར་འགེབས་ཐུབ་པའི་ཆོས་ཉིད་ཆ་ཚང་ཞིག་ཡོད། རང་རེས་ཡུལ་སྐད་ཀྱི་མིང་ཚིག་འགར་དབྱེ་ཞིབ་བྱས་ཚེ།  དེ་ནི་གཅིག་གྱུར་གྱི་སྐད་རིགས་ཤིག་ལས་རིམ་འགྱུར་བྱུང་ཚུལ་གསལ་པོར་རྟོགས་ཐུབ།དཔེར་ན།ལྷ་སའི་ཡུལ་སྐད་ནང་གི་བྱུང་ངས་དང་། འདུག་གས་ལ་སོགས་ནི་ཡིག་སྐད་ནང་གི་བྱུང་ངམ་འདུག་གམ་ཞེས་པའི་འབྱེད་སྡུད་ཀྱི་སྒྲའི་མ་ཡིག་དེ་མགྱོགས་ཤིང་ཞན་པར་བཀླགས་པ་ལས་ཆགས་པ་ཞིག་ཡིན།  གཞན་ཡང་དཔེར་ན།  མི་དེ་འདི་ནས་ཕྱིན་སོང་ང་ཞེས་པ་ལྟ་བུ་ནི་ཡིག་སྐད་ནང་གི་རྫོགས་ཚིག་གི་སྒྲ་ངོ་ཞེས་པ་དེ་མགྱོགས་ཤིང་བརྗོད་བདེར་བཀླགས་པ་ལས་ཆགས་པ་ཞིག་ཡིན།  དེ་ལྟར་ཡིག་སྐད་ཀྱི་སྒྲ་གདངས་ཡུལ་སྐད་དུ་རིམ་འགྱུར་བྱུང་བའི་དཔེ་གཞི་གྲངས་ལས་འདས་པ་འདྲང་རྒྱུ་ཡོད།  དེའི་ཐད་རང་རེའི་འགན་འཁྲི་ནི་ཡུལ་སྐད་རྣམས་གང་ཐུབ་ཅི་ཐུབ་ཀྱིས་ཡི་གེ་དང་ཉེ་བའི་ཕྱོགས་སུ་བཅར་ཐུབ་པ་དང་།  སྐད་དེ་ཡི་གེའི་ཁུངས་གཏུག་ས་ཡོད་པ་ཞིག་བཟོ་བ་ལས་ཡི་གེས་སྐད་ལ་བསྟུན་དུ་འཇུག་རྒྱུ་མེད།  རང་རེས་བོད་ཀྱི་སྤྱི་སྐད་ཀྱི་ཁུངས་གཏུག་ས་དེ་ངེས་པར་དུ་བོད་ཡིག་ཡིན་དགོས་ཞེས་ནན་བཤད་བྱས་པ་དེ་ནི་བོད་མི་ཀུན་གྱིས་གོ་ཞིང་ཤེས་སླ་བའི་ཕལ་སྐད་དམ་ཁ་སྐད་མི་དགོས་ཟེར་བ་ཅི་ལ་ཡིན།  དེ་ལས་ལྡོག་སྟེ་བོད་ཀྱི་སྤྱི་སྐད་དེ་ངེས་པར་དུ་བོད་མི་ཡོངས་ཀྱིས་གོ་ཤེས་ཐུབ་པའི་ཕལ་སྐད་ཅིག་ཡིན་དགོས་པའི་ནན་བཤད་བྱ་རྒྱུ་ཡིན།  གང་ལགས་ཤེ་ན།  བོད་ཀྱི་སྤྱི་སྐད་འདི་ཉིད་ཁྱབ་གདལ་གཏོང་ཡུལ་གཙོ་བོ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན་པས་ཁོ་ཚོས་བོད་ཀྱི་སྤྱི་སྐད་འདི་ཉིད་ཤེས་ཤིང་སྤྱོད་ཐུབ་པ་ཞིག་བྱུང་ཚེ་གཞི་ནས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་སྐད་ཅིག་རིམ་བཞིན་ཆགས་ཐུབ།  དེར་བརྟེན་རང་རེའི་ཡིག་ཐོག་ཏུ་བྲིས་པའི་བོད་ཀྱི་སྤྱི་སྐད་དེ་ངེས་པར་དུ་གོ་བདེ་ལ་ཤེས་སླ་ཞིང་བོད་ཡིག་གི་ཡིག་སྲོལ་དང་མཐུན་པའི་ཕལ་སྐད་ཅིག་ཡིན་དགོས།  དེ་ལྟར་བྱུང་ཚེ་གཞི་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་སྤེལ་གཏོང་ཐུབ།
          བདུན་པ།  བསྡོམས་ཚིག་བཤད་པ་ལ།
          གོང་དུ་བརྗོད་པའི་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་འཕེལ་རིམ་དང་།  ས་གནས་སོ་སོར་འཕེལ་རྒྱས་འགྲོ་ཚུལ།  སྐད་གདངས་ཀྱི་ཁྱད་ཆོས།  དེང་དུས་བེད་སྤྱོད་བྱེད་ཚུལ་ལ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་ལ་གཞིགས་ནས་བོད་ཀྱི་སྤྱི་སྐད་ཀྱི་མཚན་ཉིད་ནི་བོད་ཡིག་དེ་སྤྱི་སྐད་ཀྱི་ཁུངས་གཏུག་ས་དང་།  དབུས་གཙང་ཁུལ་གྱི་ཡུལ་སྐད་དེ་སྤྱི་སྐད་ཀྱི་རྨང་གཞི།  ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་ཚད་འཛིན་གྱི་སྒྲ་གདངས་བཅས་ལ་བརྩིས་ན་དེ་ནི་གནས་ལུགས་དང་མཐུན་ཞིང་ལག་ལེན་དུའང་འཁྱོལ་སླ་བ་ཞིག་ཡིན།
བརྒྱད་པ།  བོད་ཀྱི་སྤྱི་སྐད་ཁྱབ་གདལ་དུ་གཏོང་རྒྱུའི་ཐབས་ལམ་གཙོ་བོ་བཤད་པ་ལ།
          བོད་རིགས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བ་དང་།  འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་འགྲོ་བ།  མི་ཕན་ཚུན་འགྲོ་འོང་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་འགྲོ་བ་བཅས་ལ་བརྟེན་ནས་བོད་ཀྱི་སྤྱི་སྐད་ཀྱི་མཚན་ཉིད་གཏན་འཁེལ་ལག་བསྟར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཆགས་རྒྱུ་ཡིན་པར་གདོན་མི་ཟ།  སླད་ཕྱིན་བོད་ཀྱི་སྤྱི་སྐད་ཀྱི་ལས་དོན་དེ་དངོས་འབྲེལ་དོན་འཁྱོལ་ཐུབ་པ་ཡོང་ཆེད།  ཇི་ལྟར་བྱས་ཏེ་བོད་ཀྱི་སྤྱི་སྐད་འདི་ཉིད་དེ་བས་ཕུན་སུམ་ཇེ་ཚོགས་དང་ཁྱབ་གདལ་ཡོང་རྒྱུའི་ཐད་རང་ཉིད་ཀྱི་རྨོངས་ཚོད་བསམ་འཆར་འགའ་ཞིག་ཞུས་ན།  བོད་ཀྱི་སྤྱི་སྐད་གཏན་འཁེལ་དང་ཁྱབ་གདལ་གཏོང་རྒྱུའི་ལས་དོན་དེ་མཐར་གཏུགས་ནས་བཤད་ན་སྲིད་གཞུང་གི་འགན་འཁྲིའི་ལས་འགན་ཞིག་རེད།  བོད་ཀྱི་སྤྱི་སྐད་འདི་ཉིད་རྒྱ་ཁྱབ་ཏུ་སྤྱོད་ཐུབ་པ་ཞིག་དངོས་འབྲེལ་བཟོ་དགོས་ན་སྤྱི་ཚོགས་ཐོག་གི་མང་ཚོགས་ཀྱི་ལས་ཀ་དང་རིག་ལམ་ཞིབ་འཇུག་གི་ལས་ཀ་འབོར་ཆེན་བྱེད་དགོས་པས་དབང་གྲགས་ལྡན་པའི་ལས་ཁུངས་ཤིག་གིས་ལས་དོན་དེ་དོན་གཉེར་མ་བྱས་ཚེ་ཧ་ཅང་སྒྲུབ་པར་དཀའ།  དེར་བརྟེན་བོད་ཀྱི་སྤྱི་སྐད་ཀྱི་འབྱུང་གནས་བོད་རང་སྐྱོང་ལྗོངས་ཀྱིས་སྣེ་འཁྲིད་མཛད་ནས་ཞིང་ལྗོངས་ལྔ་ལས་གྲུབ་པའི་བོད་ཀྱི་སྤྱི་སྐད་ཁྱབ་སྤེལ་གཏོང་མཁན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ་ཞིང་ལྗོངས་ལྔའི་ཁྱབ་ཁོངས་སུ་བོད་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་རྒྱུའི་ལས་ཀའི་འགན་འཁུར་དགོས།  དེའང་དང་ཐོག་གཤམ་གསལ་ལས་རིགས་ཁག་གི་ནུས་པ་འདོན་སྤེལ་བྱས་ནས་ཁྱབ་གདལ་གཏོང་དགོས།
          (དང་པོ)སློབ་གྲྭའི་སློབ་གསོའི་ནུས་པ་འདོན་སྤེལ་བྱ་རྒྱུ།
བོད་རིགས་ས་ཁུལ་གྱི་རིམ་རིགས་མི་འདྲ་བའི་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་རྩོམ་སྒྱུར་བྱ་རྒྱུ་དེ་བོད་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་རྒྱུ་དང་ཟུང་འབྲེལ་བྱ་དགོས།  དེའང་དང་ཐོག་བོད་རིགས་སློབ་མའི་བོད་ཡིག་སློབ་ཚན་ནང་བོད་ཀྱི་སྤྱི་སྐད་ཀྱི་ཚད་འཛིན་སྒྲ་གདངས་འདོན་སྟངས་སློབ་རྒྱུ་དང་།  བོད་ཡིག་བརྡ་ཪྙིང་དང་།  དེང་དུས་ཀྱི་ཁུངས་བཙན་པའི་བོད་ཡིག  བོད་ཡིག་གི་བརྡ་དག་གཞུང་ལུགས་སོགས་སློབ་འཁྲིད་བྱ་རྒྱུ་དེ་བོད་ཀྱི་སྤྱི་སྐད་སློབ་སྦྱོང་བྱ་རྒྱུའི་རྩ་བར་བརྩིས་ནས་འཁྲིད་སྦྱོང་ནན་ཏན་བྱེད་པ་དང་ཆབས་ཅིག་སློབ་འཁྲིད་ཀྱི་ཆ་རྐྱེན་ཡོད་པའི་སློབ་གྲྭས་བོད་ཡིག་ཏུ་བསྒྱུར་ཟིན་པའི་རྩིས་དངོས་རྫས་གསུམ་གྱི་སློབ་ཚན་འཁྲིད་རྒྱུ་དེ་བོད་ཀྱི་སྤྱི་སྐད་དེ་བས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་རྒྱུའི་གལ་ཆེའི་ཐབས་ལམ་ཞིག་ལ་བརྩིས་ནས་འཁྲིད་སྦྱོང་ནན་ཏན་བྱ་དགོས།
          (གཉིས་པ)སྨྱན་བྱེད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ།
          བོད་ཀྱི་རླུང་འཕྲིན་དང་།  བཪྙན་འཕྲིན།  གློག་བཪྙན་བཅས་དང་།ཆ་འཕྲིན་དྲ་ཚུགས།རིག་རྩལ་ལེ་ཚན་སྣ་ཚོགས། དཔེ་དེབ་ཚགས་པར།  ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཚན་པ་སོགས་ཚང་མས་བོད་ཀྱི་སྤྱི་སྐད་གཅིག་གྱུར་ཚད་ལྡན་བཟོ་རྒྱུའི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་དང་།  རང་སོ་སོའི་ཁྱད་ཡོན་འདོན་སྤེལ་གང་ལེགས་ཀྱིས་བོད་ཀྱི་སྤྱི་སྐད་ཁྱབ་གདལ་ཤུགས་ཆེར་བཏང་སྟེ་བོད་ཀྱི་སྤྱི་སྐད་འདི་ཉིད་རྒྱ་ཁྱབ་ངང་བེད་སྤྱོད་ཡོང་རྒྱུར་ནུས་པ་འདོན་དགོས།
          (གསུམ་པ)ཡིག་སྒྱུར་གྱི་ནུས་པ་འདོན་སྤེལ་བྱ་དགོས།
          ཡིག་སྒྱུར་གྱི་ལས་དོན་ནི་བོད་ཀྱི་སྤྱི་སྐད་ཀྱི་ཐ་སྙད་མིང་ཚིག་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་།  བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཐོག་དེང་དུས་ཀྱི་ཚན་རིག་ལག་རྩལ་ལ་སོགས་ནང་དོན་ཁ་གསབ་བྱ་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་།  དེའང་རྒྱལ་ཁབ་ཕྱི་ནང་གི་རིག་ཚན་ཁག་གི་གསུང་རྩོམ་གཙོ་བོ་རྣམས་དང་དེ་དག་ལས་ཐོན་པའི་ཐ་སྙད་མིང་ཚིག་བོད་ཡིག་ཏུ་བསྒྱུར་ཐོག་ཞིང་ལྗོངས་ལྔའི་མཁས་དབང་རྣམ་པས་ཞིབ་བཤེར་གཏན་འཁེལ་གནང་སྟེ་བོད་ཀྱི་སྤྱི་སྐད་ཀྱི་དབང་གྲགས་ཆེ་བའི་ལས་ཁུངས་ནས་ཞིང་ལྗོངས་ལྔའི་ཁོངས་སུ་གཅིག་གྱུར་བེད་སྤྱོད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཚེ་བོད་ཀྱི་སྤྱི་སྐད་ནང་གི་ཐ་སྙད་མིང་ཚིག་ཕུན་སུམ་ཇེ་ཚོགས་དང་གཅིག་གྱུར་ཚད་ལྡན་ངང་འཕེལ་རྒྱས་ཡོང་རྒྱུར་ཕན་འབྲས་ཆེ་བའི་ནུས་པ་ཐོན་རྒྱུར་ངེས་ཤེས་བརྟན་པོ་ཡོད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716