སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དགག་བཞག་གི་ཚུལ་ཅུང་ཙམ་གླེང་བ།
སྤེལ་དུས། 2017-12-08   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  ཐང་དགོན་འཇམ་དབྱངས།
                                            མཚམས་སྤྲིན་དམར་པོའི་མདངས་ལྡན་མཚན་དཔེ་རྫོགས།།    
                                            བདེན་གཉིས་གནས་ལུགས་བཀྲལ་ལ་འཇམ་སྙན་དབྱངས།།
                                            ཆོས་བཅུའི་རང་བཞིན་ངེས་པའི་མཁྱེན་རབ་ཅན།།
                                            བདག་ལ་བརྩེ་བས་མ་དོར་རྟག་སྐྱོང་མཛོད།།  
          དེ་ཡང་སྤྱིར་དེང་གི་དུས་འདིར་ལྟ་གྲུབ་ཀྱི་རྣམ་གཞག་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་མོད་ཀྱི་ཐམས་ཅད་ཚད་མ་ཡིན་པ་ནི་སུ་ཡིན་ཀྱང་དམ་བཅའ་བར་མི་ནུས་སོ།  དེས་ན་སྟོན་པ་རེ་ཡི་རྗེས་སུ་འབྲང་བའི་སྐྱེ་བོ་མི་ཉུང་བ་རེ་བྱུང་ཞིང་།  དེ་དག་གིས་ཀྱང་སོ་སོའི་སྟོན་པ་གང་ཡིན་པ་དེ་སྐྱོན་གྱིས་མ་གོས་པའི་སྟོན་པ་ཡང་དག་ཁོ་ནར་བརྩིས་ཏེ་གང་གིས་གསུངས་པའི་གཞུང་ཚང་མ་ནི་རྡོ་རྗེའི་བཀའ་ལུང་ཤ་སྟག་ཏུ་འཛིན་སྲོལ་ཞིག་འཛམ་གླིང་ཡུལ་ཕྱོགས་མང་པོ་ཞིག་ལ་དར་ཁྱབ་བྱུང་།  རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་རིམ་ཞིན་ལྟ་གྲུབ་ཕན་ཚུན་དབར་ལ་བཞེད་དོན་མི་མཐུན་པས་དབང་གིས་དགག་གཞག་གི་བསྟན་བཅོས་ཀྱང་མང་དུ་དར།   ་དེ་ལྟར་དུས་ཡུན་རིང་པོ་ཞིག་གི་ནང་དུ་རྩོད་གླེང་བྱས་པར་རྒྱུད་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་དང་ཐག་ཆོད་མང་ཙམ་ཐུབ་ཡོད་ལ་ཕྱོགས་སུ་ལྷུང་བའི་རིགས་པ་ཞིག་བེད་སྤྱད་སྟེ་ཡིད་སྐྱོ་བའི་ལས་རིམ་ཡང་མང་དུ་བྱུང་ཡོད།  དེ་དག་ཀྱང་སྟོན་པ་མི་གཅིག་པ་ཁོ་ན་ནས་བྱུང་བ་མ་ཡིན་པར་སྟོན་པ་གཅིག་གི་ལྟ་གྲུབ་གྱི་ནང་ཚན་ནས་ཀྱང་མང་དུ་བྱུང་ཡོད་པར་སྣང་།  དཔེར་ན།  ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་ནང་ཚན་བཞི་རུ་དབྱེ་བ་དང་གྲངས་ཅན་པའི་གྲུབ་མཐའི་ནང་ཚན་གཉིས་སུ་དབྱེ་བ་ལྟ་བུའོ།།   དེས་ན་གྲུབ་མཐའ་གང་ཞིག་ཡིན་རུང་རང་གིས་བསྟན་བྱའི་དོན་ཡོངས་སུ་རྫོགས་པར་ཚད་མ་ཡིན་པར་དམ་བཅའ་བ་ནི་སུས་ཀྱང་རིགས་པར་མི་འགྱུར་རོ།  །
                                            སྟོན་པ་རེ་ལ་རྡོ་རྗེའི་བཀའ་ལུང་རེ།།   
                                            རྡོ་རྗེའི་བཀའ་རེ་གནས་ལུགས་ཟབ་མོ་རེ།། 
                                            གནས་ལུགས་ཟབ་མོ་སྟོང་གི་དྲྭ་བའི་དབུས།། 
                                            རྡོ་རྗེའི་བཀའ་ལུང་ཐེ་ཚོམ་ཡུལ་དུ་གྱུར།
          སྤྱིར་ལྟ་གྲུབ་ཡོད་མེད་གང་ཡིན་རུང་བརྗོད་གཞི་ཟབ་མོར་ཞིག་ནས་གླེང་དགོས་ན་དགག་གཞག་གཉིས་ཀྱིས་སྒོ་ནས་གསལ་བཤད་བྱེད་དགོས་ཤིང་།  མཁས་པ་སུ་ཞིག་ཡིན་ཀྱང་གནས་ལུགས་གཏན་ཏུ་དབབ་པ་ལ་དགག་གཞག་ཟེར་པ་དེ་མེད་ཐབས་མེད་པའི་ཆ་རྐྱེན་གལ་ཆེན་གྱི་གྲས་ཤིག་ཡིན།  འོན་ཀྱང་དགག་གཞག་ཞེས་པ་དེ་བརྗོད་བྱ་གལ་ཆེན་ཞིག་ཡིན་པས་ན་གང་བྱུང་དུ་སྨྲ་བ་ཙམ་གྱི་འཐད་པར་མི་སེམས་སོ།།   དེས་ན་སྐབས་འདིར་དགག་གཞག་བྱ་ཚུལ་གྱི་སྐོར་ལས་ཅུང་ཙམ་གླེང་པ་ལགས་ན།   དེ་ཡང་དང་པོར་གཞན་ལུགས་དགག་ཚུལ་དང་རང་ལུགས་འཇོག་ཚུལ་གཉིས་ནས།   དང་པོ་ལ་གཞན་ལུགས་དགག་པ་དང་རང་ལུགས་བཞག་པའོ།  
          དང་པོ་ལ།  མཁས་པ་ཁ་ཅིག།   བྱེ་བྲག་ཏུ་མ་ཕྱེས་པར་ཆོས་ལུགས་ཀྱི་འཇིག་རྟེན་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ཏེ་ཆོས་ལུགས་གང་ཡང་རུང་བ་ཞིག་སྐྱོན་ཡོད་པ་ལ་བརྟེན་ནས་ཆོས་ལུགས་སྐྱོན་ཅན་དུ་སྨྲས།   ཡང་ཁ་ཅིག་ཚན་རིག་པའི་ནང་ཚན་གྱི་དབྱེ་བ་མི་འབྱེད་པར་རིང་ལུགས་དེ་འཛིན་པ་པོ་ཞིག་གིས་ནོར་འཁྲུལ་ཤོར་བ་ལ་བརྟེན་ནས་ཚན་རིག་གྱི་ལྟ་གྲུབ་ལ་ནོར་འཁྲུལ་ཡོད་པ་སྨྲས།  
          དང་པོ་དེ་ལ་དཔྱད་པ་འདི་ཡོད་དེ།   ཆོས་ལུགས་ཟེར་བ་དེ་སྤྱི་མིང་ཙམ་ཞིག་ཡིན་ཞིང་།   དེ་ཡི་བྱེ་བྲག་སོ་སོར་དབྱེ་ན་ཕན་ཚུལ་དབར་ལ་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་ལ།  ཁས་ལེན་དངོས་འགལ་དུ་སོང་བ་ཡང་མང་དུ་ཡོད།  དེས་ན་ཆོས་ལུགས་བྱེ་བྲག་པ་ཞིག་སྐྱོན་ཡོད་པ་ཙམ་གྱིས་ཆོས་ལུགས་ཀྱི་གྲུབ་མཐའ་ལ་སྐྱོན་ཡོད་པར་འཇོག་མི་རིག་སྟེ།    དཔེར་ན།  རྒྱལ་ཁབ་ཞིག་གི་ནང་དུ་དྲག་སྤྱོད་རིང་ལུགས་ཀྱི་ཚོགས་པ་ཞིག་ཡོད་པ་ལ་བརྟེན་ནས་རྒྱལ་ཁབ་དེ་དྲག་སྤྱོད་རིངས་ལུགས་སུ་འཇོག་མི་རིགས་པ་ལྟ་བུའོ།  དེ་བཞིན་ཏུ་ཕྱི་མ་ཡང་མཚུངས་ཏེ་ཚན་རིག་གི་སྤྱི་ཚོགས་ཁྲོད་དུ་བློ་ཕྱོགས་སུ་ལྷུང་བ་མང་དུ་ཡོད་ཀྱང་།   སྤྱིར་ཚན་རིག་པའི་ལྟ་གྲུབ་ལ་ཕྱོགས་ལྷུང་གིས་སྐྱོན་ཡོད་པར་རྩ་བ་ནས་འཇོག་མི་རིགས་སོ། 
          ཡང་ཁ་ཅིག།  ཆོས་ལུགས་ཀྱི་ནང་ཚན་སོ་སོར་ཕྱེས་པ་ཙམ་བྱེད་ཅིང་།  ཕྱི་རོལ་གྲངས་ཅན་པ་ལྟ་བུ་ཞིག་ལ་གཞི་འཛིན་ཅིང་ལྷ་ཡོད་པར་བསྟན་པ་ལ་ནོར་འཁྲུལ་ལམ་སྐྱོན་ཅན་དུ་བརྗོད་སྟེ་གྲངས་ཅན་པའི་གྲུབ་མཐའ་ལ་སྐྱོན་ཡོད་པར་གསལ་བཤད་བྱས་།  དེ་ཡང་མི་འཐད་དེ།  ཕྱི་རོལ་གྲངས་ཅན་པའི་རིང་ལུགས་ལ་ལྷ་མེད་པར་སྨྲ་བ་ཡང་དུ་མ་ཡོད་པས་སོ། དཔེར་ན།  ཚན་རིག་པའི་སྐྱེ་བ་སྔ་ཕྱི་ཁས་ལེན་དང་མི་ལེན་ཟེར་བའི་དྲི་བ་དེ་ལ།  མཐའ་གཅིག་ཏུ་ཁས་ལེན་པ་ཡང་མ་ཡིན་ལ་མི་ལེན་པ་ཡང་མ་ཡིན།  དེས་ན་ཐེ་ཚོམ་དུ་འཇོག་དགོས་ཀྱི་ཐག་གཅོད་ཐུབ་པའི་ལན་ཞིག་བློ་གཟུ་བོར་གནས་པ་རྣམས་ཀྱིས་འདེབས་མི་ཐུབ།  འོན་ཀྱང་གང་ཟག་སོ་སོ་བ་ཞིག་ལ་མཚུངས་ན་ཡོད་པ་དང་མེད་པ་གཉིས་ཀར་ཐག་གཅོད་བྱེད་ཐུབ།  ཡིན་ན་ཡང་དེ་ལྟ་བུའི་རིགས་པ་བྱེ་བྲག་པ་ཞིག་གིས་ཁས་ལེན་དངོས་འགལ་དུ་སོང་བར་སྒྲུབ་མི་ནུས་སོ། །
          འཇིག་རྟེན་ན་སྙན་གྲགས་ཆེ་བའི་མཁས་པ་ཁ་ཅིག།  ཆོས་ཟེར་བ་དེ་དུག་ཡིན་པར་སྨྲས་ཤིང་།  དེ་ཡི་རྒྱུ་མཚན་ནི་མི་རིགས་འཕེལ་རྒྱས་འགྲོ་བ་ལ་ཧ་ཅང་གནོད་པ་དང་མི་ཚེ་འདི་ལ་ཡར་རྒྱས་འགྲོ་བར་གནོད་དོ་ཞེས་དོན་མཚན་གཉིས་བཀོད་ཡོད།  དགག་ཚུལ་དེ་ཡང་མི་འཐད་དེ།  དང་པོ་ལ་འདི་ལྟར་ཏེ།  ཆོས་ལུགས་ཀྱིས་མི་རིགས་འཕེལ་རྒྱས་འགྲོ་བ་མི་གནོད་དེ།  ཆོས་ལུགས་དར་ཁྱབ་ཆེ་བའི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་ལྟ་བུ་ལ་མཚུངས་ན་ད་ལྟ་འཛམ་བུ་གླིང་འདི་ཡི་སྒང་དུ་མི་འབོལ་མང་ཤོད་ཀྱི་གྲལ་དུ་འགྲོ་བཞིན་པ་འདི་ཡི་རྟགས་ལ་བརྟེན་ནས་ཀྱང་སྒྲུབ་ཐུབ་པ་སེམས་ཤིང།   གཞན་ཡང་ཆོས་ལུགས་ཁག་ཅིག་གིས་མི་རིགས་འཕེལ་རྒྱས་འགྲོ་བ་ལ་ཕན་ཐོགས་བྱེད་ཀྱི་ཡོད།  དཔེར་ན།  ཁ་ཆེའི་ཆོས་ལུགས་པ་རྣམས་ཀྱིས་མི་རིགས་འཕེལ་རྒྱས་འགྲོ་བ་ལ་ཧ་ཅང་ཕན་པོ་ཡོད།  ཇི་ལྟར་ཕན་ཞེ་ན།  སྟོན་པ་དེ་ཡི་རིང་ལུགས་པ་རྣམས་ཀྱིས་མི་རིགས་གོང་འཕེལ་གཏོང་དགོས་པའི་བསྐུལ་མ་བྱ་ཞིང་།བུ་ཕྲུག་གསོ་སྐྱོང་བྱེད་མི་ཐུབ་བའི་དབུལ་བོ་ཚོའི་བུ་ཕྲུག་དེ་དག་དགོན་པ་རུ་སྐད་བཏང་ཏེ་ལྟ་སྐྱོང་བྱེད་ཀྱི་ཡོད།   དེས་ན་ཆོས་ལུགས་གང་ཡང་རུང་བ་ཞིག་གིས་མི་རིགས་འཕེལ་རྒྱས་འགྲོ་བར་ཕན་ན་ཆོས་ལུགས་ཀྱིས་མི་རིགས་འཕེལ་རྒྱས་འགྲོ་བར་ཕན་པར་འཇོག་མི་རིགས་ན།ཆོས་ལུགས་གང་ཡང་རུང་བ་ཞིག་གིས་མི་རིགས་འཕེལ་རྒྱས་འགྲོ་བ་ལ་གནོད་ཀྱང་ཆོས་ལུགས་ཀྱིས་མི་རིགས་འཕེལ་རྒྱས་འགྲོ་བར་གནོད་པ་འཇོག་མི་རིགས་པའང་རྒྱུ་མཚན་མཚུངས་སོ།  ཡང་དེ་ལས་ལྡོག་སྟེ་བཤད་ན་མི་རིགས་འཕེལ་རྒྱས་ཟེར་བ་དེ་ཡང་དེ་ཙམ་གྱི་གལ་ཆེན་ཞིག་ཏུ་མི་སྣང་སྟེ།   དེང་སང་འཛམ་གླིང་ཤར་ནུབ་ཀུན་ཏུ་གཞུང་འབྲེལ་གྱི་སྨན་ཁང་ཁག་ནས་བུ་མེད་སྐྱེས་སྒོ་འགོག་པའི་ལས་འགུལ་ཞིག་སྤེལ་དང་སྤེལ་བཞིན་པ་ཡིན། དེ་ནི་མི་རིགས་འཕེལ་རྒྱས་འགྲོ་བའི་འགལ་རྐྱེན་ཆེ་གྲལ་ཞིག་ཡིན་པ་སྨྲོས་མེད་རེད།   རྒྱུ་མཚན་དེ་ལ་བརྟེན་ནས་ས་སྒང་འདིར་མི་འབོར་མང་དྲག་པ་བསྟན་གྱི་ཡོད།   མདོར་ན་འཇིག་རྟེན་འདི་ཡི་ཐོག་ཏུ་མི་འབོར་ཇི་ཙམ་མང་བ་དེ་ཙམ་གྱི་ཕྱིའི་དཔལ་འབྱོར་ལ་སོགས་པའི་དཀའ་ངལ་རྣམས་འཕེལ་གྱི་ཡོད།  རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་འཕྲོག་བཅོམ་དང་དམག་འཁྲུག་སོགས་འཚེ་བའི་རིགས་མཐའ་དག་རང་བཞིན་གྱིས་འཕེལ་གྱི་ཡོད།   ཇི་ཙམ་གྱི་མི་འབོར་ཉུང་བ་ཡོད་ན་དེ་ཙམ་གྱི་མཐུན་རྐྱེན་བཟང་བ་དང་བརྩེ་བ་ཟབ་པ།ཞི་བདེ་ཆེ་བ་ཡོང་གི་ཡོད། དེས་ན་སྤྱིར་འཛམ་གླིང་ལ་མི་མང་བ་ལས་ཉུང་ན་དགེ་མཚན་ཆེ་བ་ཡོད།  
          གཉིས་པ་དེ་ལ་དཔྱད་པ་འདི་ཡོད་དེ།  མི་ཚེ་འདི་ཡར་རྒྱས་འགྲོ་བ་ལ་འགྲེལ་བཤད་ཇི་ལྟར་མང་ཡང་འཇིག་རྟེན་འདི་ལས་མ་འདས་པའི་དབང་དུ་བྱས་ཏེ་བཤད་ན།  ནོར་ལོངས་སྤྱོད་དང་།  མིང་སྙན་གྲགས། དབང་ཐང་གོ་ས་སོགས་གཙོ་བོ་ཡིན།    དེ་དང་ཆོས་ལུགས་ཀྱི་བར་ལ་མཐུན་པའི་ཆ་གང་ཡོད་དང་མི་མཐུན་པའི་ཆ་གང་ཡོད་ཀྱི་སྐོར་ལས་ཅུང་ཙམ་ཞིག་གླེང་བར་བྱ་ཞིང་།   དེ་ཡང་ཐོག་མར་ཆོས་ལུགས་ཟེར་བའི་ཐ་སྙད་དེ་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་གལ་གནད་ཆེན་པོ་མིན།  གཙོ་བོ་དོན་གྱི་ཆ་ནས་གནས་མི་གནས་ལ་ལྟ་དགོས།  དོན་དངོས་ཐོག་གོང་སོང་གི་ཆ་རྐྱེན་དེ་དག་ཆོས་ལུགས་ཀྱི་འཇིག་རྟེན་ཁག་ནས་མང་བ་ཡོང་གི་ཡོད།  དཔེར་ན།  ཆོས་ཟེར་བ་དེ་དུག་དུ་སྨྲ་བ་པོ་ཉིད་ཀྱིས་ཀྱང་ནང་པ་སངས་རྒྱས་པའི་མདོ་ལས་གསུངས་པའི་ཉམས་ལེན་གྱི་རིགས་མང་པོ་ལག་སྟར་བྱེད་ཀྱི་ཡོད།  དཔེ་མཚུངས་ཙམ་ཞིག་ཞུས་ན།  འཛན་གླིང་ལ་སྙན་གྲགས་ཆེ་བའི་མི་སྣ་ཞིག་གིས་སྟོད་ཐུང་ཕུ་ཁ་འཐད་པ་ཞིག་གྱོན་ཡོད་ཟེར།  དེ་ནི་ཐ་སྙད་གང་ཞིག་བཏགས་རུང་དོན་གྱི་ཆ་ནས་ནང་ཆོས་ནས་བཤད་པའི་ཆོག་ཤེས་ཟེར་བ་དེ་ཡིན།  དེ་ལྟ་བུའི་དཔེར་བརྗོད་མཐ྄འ་ཡས་བ་ཡོད་ཀྱང་འདིར་དེ་ཙམ་ལས་མ་བྲིས།  མདོར་ན་དྲང་བདེན་གྱི་བྱ་བ་གང་བྱས་བ་དེ་ནི་ཆོས་ལུགས་ཁག་གིས་ཉམས་ལེན་གྱི་ཕྱི་རུ་མི་འདས་སོ།   གཞན་ཡང་ཆོས་ལུགས་ཀྱི་མི་ཚེ་འདི་ཡར་རྒྱས་འགྲོ་བ་ལ་མི་གནོད་དེ།   ཆོས་ལུགས་ཀྱི་འཇིག་རྟེན་ནས་དངོས་སུ་ཚར་ལོང་བྱུང་བའི་རྒྱ་གར་གྱི་མཁས་དབང་གན་དྷི་ལྟ་བུ་ལ་ཆ་མཚུངས་ན་མི་ཚེ་དེ་ལ་ཡར་རྒྱས་ཇི་ཙམ་སོང་ཡོད་མེད་ཐོག་དོག་པ་ཙམ་ཡང་བྱེད་མི་དགོས་ཀྱང་དེ་ནི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པར་སྣང་།  རྒྱུ་མཚན་ནི།ཉིད་ནས་བདག་ལ་གཞན་དང་མི་འདྲ་བའི་ཁྱད་པར་གང་ཡོད་ཞེ་ན།  ལྷ་མཆོག་ལ་ཡིད་ཆེས་གཞན་ལས་ཆེ་བ་ཡོད་གསུངས་བ་དེས་སོ།  འོ་ན་ནང་པ་སངས་རྒྱས་པས་འཇིག་རྟེན་ཆོས་བརྒྱད་སྤོང་དགོས་ཟེར་པ་དེ་གང་ཡིན་ཞེ་ན།    དེ་ནི་སྙན་འདོད་དང་གྲགས་འདོད་ལ་སོགས་པའི་ཆོས་བརྒྱད་པོ་དེ་སྤངས་དགོས་པ་ལུང་དེ་ཡི་དོན་ཡིན་གྱི་སྙན་པ་དང་གྲགས་པ་ལ་སོགས་པ་སྤངས་དགོས་པ་ནི་ལུང་དེའི་དོན་མ་ཡིན་ནོ།།    
          གཉིས་པ་རང་ལུགས་བཞག་པ་ནི།   ཁོ་བོས་ནི་གཞན་ལུགས་དགག་པ་ལ་ངེས་པར་དུ་ཆ་རྐྱེན་གསུམ་སྔོན་དུ་འགྲོ་དགོས་པ་སེམས་ཏེ།  ཆ་རྐྱེན་གསུམ་ནི་རང་གིས་དགག་བྱའི་གཞུང་དེ་ཡི་བཞེད་དོན་གང་ཡིན་པ་དེ་དེ་བཞིན་དུ་ངེས་པ་དང་།  དེར་གནོད་བྱེད་ཀྱི་རྒྱུ་མཚན་ཡང་དག་མཐོང་བ། ཕྱོགས་ལྷུང་གི་རིགས་པའི་ཟུར་ཆ་ཙམ་ཡང་མ་གོས་པ་བཅས་སོ།   ཚིག་རྐང་དང་པོ་དགོས་ཏེ།  གཞུང་གང་ཞིག་ཡིན་རུང་དེ་ཡི་བསྟན་དོན་འཐད་མིན་ལྟ་བ་ལ་གཞུང་དེའི་བརྗོད་དོན་རྟོགས་པ་སྔོན་དུ་འགྲོ་དགོས།  དེ་ལྟར་མ་སོང་ན་ལུགས་དེ་ཡང་དག་པ་དང་མ་དག་པ་གང་དུ་ཡང་བརྗོད་པར་མི་ནུས་པས་སོ།  ཚིག་རྐང་གཉིས་པ་དགོས་ཏེ།  གཞུང་དེ་ཡི་བསྟན་བྱའི་དོན་ཚུལ་བཞིན་རྟོགས་ཀྱང་དེར་གནོད་བྱེད་ཀྱི་རྒྱུ་མཚན་ཡང་དག་མེད་ན་ལུགས་དེ་སྐྱོན་ཅན་དུ་སྒྲུབ་མི་ནུས།  ལུགས་དེ་འགོག་པ་ལ་དེ་སྐྱོན་ཅན་ཞིག་དུ་གསལ་བཤད་བྱེད་དགོས་ཀྱི་ལུགས་དེ་སྐྱོན་ཅན་མ་ཡིན་ན་དེར་དགག་པ་དོན་མེད་པས་སོ།  ཚིག་རྐང་གསུམ་པ་ཡང་དགོས་ཏེ།  ལྟ་གྲུབ་གྱི་རྣམ་གཞག་འབྱེད་པ་ལ་རང་ཕྱོགས་དང་གཞན་ཕྱོགས་གཉིས་སུ་མ་ལྷུང་བར་ལེགས་ཉེས་བླང་དོར་བྱེད་ནུས་པ་ཞིག་དགོས་ཀྱི་ཆགས་སྡང་གིས་གཞན་དབང་དུ་གྱུར་ཏེ་ཕྱོགས་ལྷུང་གི་རིགས་པའི་རྗེས་སུ་འབྲངས་ཤིང་རང་རེས་གང་བཤད་པ་ཐམས་ཅད་བདེན་པ་ཡིན་དགོས་པ་དང་དེ་དང་འགལ་བ་ཚང་མ་རྫུན་པ་ཡིན་དགོས་ཟེར་པ་ནི་ཨུ་ཚུགས་ཙམ་གྱི་ཟད་དོ།
          གཉིས་པ་རང་ལུགས་འཇོག་ཚུལ་བཤད་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་རང་ལུགས་བཞག་པའོ  དང་པོ་ལ་མཁས་པ་ཁ་ཅིག།  ས་གཡོ་བ་དང་ཆུ་ལོག་པ་ལ་སོགས་རང་འབྱུང་ཁམས་ཀྱིས་གནོད་འཚེ་ལ་བརྟེན་ནས་སེམ་ཅན་རྣམས་ལ་བར་ཆད་འམ་དཀའ་ངལ་བྱུང་བའི་རྟགས་ཀྱིས་ལྷ་དྲེ་མེད་པ་སྒྲུབ།  སྤྱིར་སྨྲ་བརྗོད་རང་དབང་ཡིན་པས་ན་དེ་ལ་དགག་པ་བྱ་བར་མི་འཐད་ཀྱང་།  བསྟན་དོན་དེ་བཞིན་འཇོག་རིགས་མིན་ཐོག་དཔྱད་བརྗོད་སྤེལ་བ་ནི་སྤྱི་འགྲོས་ཡིན།     དེས་ན་དེ་ལ་དཔྱད་པ་འདི་ཡོད་དེ།  ལྷ་འདྲེ་ཟེར་བ་དེ་རྩོད་གཞི་ཅན་ཞིག་ཡིན་མོད་ཀྱི་དེ་མེད་པར་སྒྲུབ་བྱེད་ལས་ཡོད་པར་སྒྲུབ་བྱེད་མང་བ་ཡོད།  གལ་ཏེ་མེད་པར་སྒྲུབ་མཁན་ཞིག་ཡིན་ན་ཡང་གོང་གིས་རྒྱུ་མཚན་དེ་དག་གིས་ནམ་ཡང་སྒྲུབ་མི་ཐུབ་སྟེ།  དཔེར་ན།  ཡོད་པའི་དབང་དུ་བཏང་ན་ཡང་རང་འབྱུང་ཁམས་ཀྱིས་གནོད་འཚེ་དེ་དག་རྩ་བ་ནས་འགོག་མི་ཐུབ།   སྐད་གཅིག་མའི་ངོས་བོར་གྱུར་པའི་ནུས་ཁྱམས་ཞིག་ལས་གྲུབ་བའི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་མི་འཇིག་པར་སུ་ཡིས་ཀྱང་ཚོད་འཛིན་མི་ཐུབ་ལ་གཡོ་བའི་རང་བཞིན་ཅན་གྱི་གློག་རླབས་ཤིག་ལ་མི་གཡོ་བར་དབང་སྒྱུར་ཐུབ་པའི་སྐྱེས་བུ་ཞིག་གང་ལ་སྲིད།  དེས་ན་རྟགས་དང་སྒྲུབ་བྱ་འབྲེལ་མེད་དོན་གཞན་དུ་སོང་ཞིང་རང་ལུགས་དེ་ལྟར་བཞག་ཀྱང་དགོས་པས་ཕོང་ངོ་། 
          ཡང་ཁ་ཅིག།   ལྷ་འདྲེ་ཟེར་བ་དེ་ནི་བོད་པས་གསར་བསྟོད་ཁོ་ནར་ཡིན་པར་སྨྲས།   དེ་ལྟར་བརྗོད་པ་ནི་སྨྲ་བ་པོ་ཐོས་བསམ་གྱིས་དབུལ་པ་ཤིན་ཏུ་གསལ་ཏེ།  ཨ་ཧྥི་རི་ཀ་དང་།  ཨེ་ཤེ་ཡ།  ཨ་མི་རི་ཀ་སོགས་གླིང་ཕྲན་གསུམ་གྱི་ནང་དུ་དར་པའི་ལྟ་གྲུབ་ཀྱི་རིགས། ཧིན་དྷི་དང་།  ཡེ་ཤུ།  ནང་པ།  ཁ་ཆེའི་ཆོས་ལུགས།  ཨ་ཧྥི་རི་ཀའི་གདོང་མའི་ཆོས་ལུགས་སོགས་ལྷ་འདྲེ་ཁས་ལེན་མཁན་དེ་དག་ཐམས་ཅད་ཀྱི་སྔ་རོལ་དུ་བོད་པས་ལྷ་འདྲེ་གསར་བསྟོད་བྱས་ཟིན་ཅིང་།དེ་ནས་ལྟ་གྲུབ་དེ་དག་ལ་ཁྱབ་བར་འདོད་དགོས་ཤིང། དེ་ལྟར་སྨྲ་བ་ནི་སུས་ཀྱང་ཁས་ལེན་པར་མི་རིགས་པས་ངག་འཁྱར་འབའ་ཞིག་ཏུ་ཐལ་ལོ།  །
          ཡང་ཁ་ཅིག།།  བོད་པ་ཚོས་ད་ལྟའི་བར་དུ་སྐྱབས་གནའ་བོ་ཁོ་ན་ལ་བཅོལ་དགོས་པ་སྨྲས་ཡོད་ཟེར།   སྤྱིར་བོད་ཀྱི་མི་རིགས་འདི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་སྟེ་ད་ལྟའི་བར་ནང་པས་ཆོས་ལུགས་དར་ཁྱབ་ཆེན་པོ་སོང་སྟེ་བོད་མི་རྒྱ་ཆ་དགུ་བཅུ་ཙམ་གྱིས་ནང་ཆོས་ལ་ཡིད་ཆེས་བྱེད་ཀྱི་ཡོད།  གོང་གིས་དམིགས་ཡུལ་དེ་ཡང་བོད་མི་ནང་པ་དེ་དག་ལ་གཙོ་བོ་ཟེར་གྱི་ཡོད།  ཁྱོད་ཀྱིས་སྨྲས་པའི་སྐྱབས་གནས་ཟེར་བ་དེ་མཐར་ཐུག་གི་སྐྱབས་གནས་ཀྱི་དབང་དུ་བྱས་པ་ཡིན་ནམ་གནས་སྐབས་ཀྱི་སྐྱབས་གནས་ལ་ཟེར་བ་ཡིན།  དང་པོ་ལྟར་ན་མི་འཐད་དེ།  ནང་པ་སངས་རྒྱས་པའི་མཐར་ཐུག་གི་སྐྱབས་གནས་ལ་གསུམ་དུ་གྲངས་ངེས་ཤིང་།  དེ་ཡང་སངས་རྒྱས་དང་།  ཆོས།  དགེ་འདུན་བཅས་ཡིན།   འོ་ན་དེ་གསུམ་གང་རུང་ཡིན་ན་གནའ་བོ་ཡིན་དགོས་སམ་ཞེ་ན།   དེ་ཡང་མི་དགོས་ཏེ།  སགས་རྒྱས་ཡིན་ན་གནའ་བོས་མ་ཁྱབ་པ་གང་ཞིག་ཕྱི་མ་གཉིས་ཀྱང་མཚུངས་སོ་།   དང་པོ་ལ་ཐེ་ཚོམ་སེལ་བའི་ཕྱིར་དུ་རྒྱས་པར་ཞུས་ན།  སངས་རྒྱས་ལ་གནའ་བོས་མ་ཁྱབ་སྟེ། སྔོན་གྱི་དུས་དང་།  ཕྱི་མའི་དུས།  ད་ལྟ་བའི་དུས་བཅས་ཀྱི་སངས་རྒྱས་ཡོད་པས་སོ།  དེ་བཞིན་དུ་ཕྱི་མ་གཉིས་ལ་ཡང་རིགས་བསྒྲེ་བར་བྱའོ།  གཉིས་པ་ལྟར་ན་ཡང་མི་འཐད་དེ།   གནས་སྐབས་ཀྱི་སྐྱབས་གནས་ནི་མཐའ་ཡས་བ་ཡོད་ཅིང་།  དཔེར་ན།   ཇ་ཕོར་བ་གང་ཡན་ཆད་ལ་གནས་སྐབས་ཀྱི་སྐྱབས་གནས་འདོད་དོ།  དེས་ན་སྐྱབས་གནས་དེ་དག་ཡིན་ན་གནའ་བོ་ཡིན་དགོས་མིན་ཐོག་དོག་པ་ཙམ་ཡང་བྱེད་མི་དགོས་པ་སེམས་སོ།
          ཡང་ཁ་ཅིག།།    བོད་པ་ཚོས་རྙིང་པ་དོར་དགོས་པ་དང་གསར་པ་སྒྱུར་དགོས་ཟེར་མཁན་དེ་དག་ལྟ་ལོག་ཡིན་ཞིང་།  ཚིག་དེ་དག་དགྲ་ལྟར་རྩི་ཞིང་དུག་ལྟར་འཛེམ་དགོས་པར་འདོད་ཟེར།  དེ་ནི་ཧ་ཅང་ཐལ་བར་གྱུར་ཏེེ།  བོད་ནང་དུ་རྙིང་པ་དོར་བ་དང་གསར་པར་སྒྱུར་པ་པོ།  ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།  ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལྟ་བུ་དང་།  གཞན་ཡང་གསར་སྟོད་པ། ཐོན་མི་ས་བྷོ་ཊ་དང་།  རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།  རྒྱལ་མཆོག་ཐུ་བསྟན་རྒྱ་མཚོ་སོགས་མང་དུ་ཡོད་མོད་ཀྱི་དེ་དག་ཐམས་ཅད་ལྟ་ལོག་དང་གང་སྨྲས་པ་རྣམས་དགྲ་ལྟར་རྩི་ཞིང་དུག་ལྟར་འཛེམ་དགོས་པ་འདོད་མཁན་ནི་གཅིག་ཀྱང་མི་སྣང་ངོ་།  མ་ཟད་དེ་དག་ལ་དད་པ་དང་གུས་པ་བཀུར་སྟི།རྗེས་སུ་ཡིད་རངས་བ་ལ་སོགས་དངོས་སུམ་གྱིས་གྲུབ་ཡོད།  དེས་ན་གོང་དུ་བཤད་ཟིན་པའི་ཁ་ཅིག་གིས་འདོད་པ་རྣམས་སྒྲ་ཇི་བཞིན་ཁས་ལེན་མི་རིགས་པ་ར་སྤྲོད་བྱུང་བ་ཡིན་ནོ།།   
          གཉིས་པ་རང་ལུགས་གཞག་པ་ནི།   རང་ཚིག་སྔ་ཕྱི་ལ་འགལ་བ་མེད་པ་དང་།  བློ་གཟུ་བོར་གནས་པ།  ཇི་ལྟར་སྨྲས་བའི་གནས་ལུགས་རྣམས་རིགས་པ་ཡང་དག་གམ་ཚད་མས་རྒྱབ་རྟེན་ཡོད་པ།  སྒྲུབ་བྱེད་ཀྱི་རིགས་པ་རྣམས་བསྒྲུབ་བྱ་ལ་གནད་དུ་སྨིན་པ་བཅས་སོ།    དེ་ཡང་དགོས་ཏེ།   ཚིག་རྐང་དང་པོ་མེད་ན་བརྗོད་བྱ་ཚད་མ་མ་ཡིན་པའི་ཐལ་བ་དང་།  ཚིག་རྐང་གཉིས་པ་མེད་ན་སྨྲ་བ་པོ་ཚད་མས་སྐྱེས་བུ་མི་འགྱུར་བའི་སྐྱོན་འཇུག་པ།  ཚིག་རྐང་གསུམ་པ་མེད་ན་དོན་མེད་ངག་འཁྱལ་དུ་གྱུར་བའི་ཉེས་པ་གོས་བ།ཚིག་རྐང་བཞི་བ་མེད་ན་རང་གིས་གང་འདོད་པའི་གནས་ལུགས་རྣམས་གཏན་ལ་དབབ་མི་ནུས་པའི་ངལ་བ་བྱུང་བ་བཅས་སོ།།།།
                                            མཐའ་ཡས་ཤེས་དང་ཤེས་བྱའི་གནས།།
                                            ཡོངས་སུ་བརྗོད་པར་མི་སྤོབས་ཀྱང་།།
                                            རྣམ་དཔྱོད་རིགས་པའི་ལང་ཚོ་འདི།།
                                            ལན་གཅིག་བརྙེས་པས་དགའ་སྟོན་ཡིན།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716