སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་ལོ་ངོ་སྟོང་གི་དཔེ་རྙིང་གི་གློག་རྡུལ་པར་གཞི་འཛམ་གླིང་ཡོངས་སུ་མཉམ་སྤྱོད་བྱེད་པ།
སྤེལ་དུས། 2014-06-16   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

   ཚེས་དགུ་ཉིན་གསར་འགོད་པས་བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཕུ་རུའི་དཔེ་རྙིང་གློག་རྡུལ་པར་གཞིར་བསྒྱུར་ཡོད་པ་མ་ཟད། ཐོག་དང་པོར་འཛམ་གླིང་ཡོངས་སུ་སྤྱི་བསྒྲགས་བྱས་ཏེ། ཀྲུང་གོའི་རྒྱལ་ནང་དང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་སྔར་ལས་འཕེལ་རྒྱས་ཐད་ལ་སྐུལ་འདེད་གཏོང་རྒྱུ་རེད།
 
བོད་ལྗོངས་སློབ་ཆེན་ཀྱི་བོད་རིག་པའི་དཔེ་གཞུང་ཉར་ཚགས་ཁང་གི་ཞིབ་འཇུག་པ་ཤེས་རབ་བཟང་པོས་ངོ་སྤྲོད་བྱ་རྒྱུར། ཕུ་རུའི་དཔེ་རྙིང་ནི་ཏུན་འུང་དཔེ་རྙིང་གི་རྗེས་མཐུད་ཡིན་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱིས་གསར་རྙེད་བྱུང་བའི་ལོ་རབས་ཆེས་རྙིང་བ་དང་ཉར་ཚགས་ཚད་ཆེས་མང་བའི་བོད་ཡིག་དཔེ་རྙིང་ཡིན། བསྡོམས་པས་རིགས་སྣ་བརྒྱ་དང་ལྔ་བཅུ་ཡོད་ལ། ཤོག་ངོས་གཅིག་ཁྲི་གཉིས་སྟོང་ཡོད་པ་རེད། དེ་གྲུབ་པའི་ལོ་ཚིགས་ནི་ཡོད་ཚད་དུས་རབས་བཅུ་གསུམ་པའི་ཡར་སྔོན་ཡིན་པ་དང་། ཆེས་སྔ་མོ་ནི་དུས་རབས་བཅུ་བའི་སྐབས་ཡིན། དེ་དག་ལས་དཔེ་རྙིང་སྐོར་ཞིག་བཙན་པོའི་རྒྱལ་རབས་སྐབས་སུ་བྱུང་བ་ཡིན།
 
ངོ་སྤྲོད་བྱས་པ་ལྟར་ན། ཕུ་རུ་ཡིག་ཆའི་ནང་དོན་ཕུན་སུམ་ཚོགས་ལ། སྤྱིའི་ཆ་ནས་ཆོས་ལུགས་དང་དམངས་སྲོལ་ཡིག་ཆ་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག ཆོས་ལུགས་དཔེ་རྙིང་ཁྲོད་དུ་བསྔགས་ལུགས་ཆོ་ག་དང་ནང་བསྟན་དཔེ་རྙིང་ཡོད་ལ། ནང་བསྟན་དཔེ་རྙིང་ཁྲོད་དུ་འགའ་རེ་ནི་ཐོག་མའི་བསྒྱུར་ཡིག་ཡིན། ད་དུང་ཐོག་དང་པོར་དུས་རབས་བཅུ་བ་ཡས་མས་ལ་བོད་ལྗོངས་སུ་དར་ཁྱབ་ཆེ་བའི་དམངས་ཁྲོད་ཆོས་ལུགས་དཔེ་རྙིང་དང་ཆོ་ག་གསར་རྙེད་བྱུང་། དམངས་ཁྲོད་དཔེ་རྙིང་ནང་དུ་སྙན་ཚིག་དང་བསྟོད་པ། མི་སྣའི་རྣམ་ཐར་སོགས་ཡོད་པ་རེད། བོད་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་འབྱུང་ཁུངས་འགྱུར་ལྡོག་དང་འཕེལ་རྒྱས་ལོ་རྒྱུས་ཐད་ལ་དངོས་ཡོད་བདེན་དཔང་མཁོ་འདོན་བྱས་ཡོད།
  
ཡིག་ཆ་ནི་རིག་དངོས་ཞིག་ཡིན་ལ། རྩ་ཆེ་བའི་རིགས་གཞུང་ཡིག་ཆའང་ཡིན། རང་ཉིད་ཀྱིས་སྐད་སྒྲོག་ཐུབ་པའི་ལོ་རྒྱུས་བདེན་དཔང་ཞིག་ཡིན་པས། ཞིབ་འཇུག་རིན་ཐང་ངེས་ཅན་ལྡན་པ་རེད་ཅེས་ཤེས་རབ་བཟང་པོས་དེ་ལྟར་བཤད།
  
ཤེས་རབ་བཟང་པོས་ངོ་སྤྲོད་བྱ་རྒྱུར། རིགས་གཞུང་ཞིབ་འཇུག་རིན་ཐང་ཐད་ནས། ཕུ་རུའི་དཔེ་རྙིང་ནི་ཏུན་འུང་ཡིག་རྙིང་གི་འགྲན་ཡ་ལོན་པ་རེད། ལྷག་པར་དུ་སྐད་དང་ཡི་གེ གནའ་དཔེའི་པར་གཞི་ཞིབ་བཤེར། ཆོས་ལུགས་རིག་གནས་སོགས་ཀྱི་ཐད་ལ་ཞིབ་འཇུག་རིན་ཐང་གལ་ཆེན་ལྡན་པས། འབྲེལ་ཡོད་ཞིབ་འཇུག་མཁན་ལ་ཞིབ་འཇུག་རྒྱུ་ཆ་གལ་ཆེན་མཁོ་འདོན་བྱེད་ཐུབ་པ་རེད།

ཤེས་རབ་བཟང་པོ་ཡིས། འདས་པའི་ལོ་ངོ་བརྒྱད་ཀྱི་དུས་ཡུན་རིང་དུ། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གིས་ཡིག་ཆ་དེ་ལ་མྱུར་སྐྱོབ་ལེགས་སྒྲིག་ལས་དོན་འབོར་ཆེན་སྤེལ། བོད་ལྗོངས་སློབ་ཆེན་གྱི་བོད་རིག་པའི་དཔེ་གཞུང་ཉར་ཚགས་ཁང་གི་ལས་སྒྲུབ་མི་སྣས་ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། ཕུ་རུའི་དཔེ་རྙིང་ལ་ཐོག་མའི་དཀར་ཆག་སྒྲིག་རྩོམ་དང་བསྡུ་སྒྲིག གློག་རྡུལ་ཡིག་ཚགས་ནང་འཇུག་སོགས་ཀྱི་ལས་དོན་ལེགས་འགྲུབ་བྱུང་ཡོད། པར་རིས་པར་གཞི་སྤྱི་ཁྱབ་པར་བསྐྲུན་ལས་དོན་ཡང་སྐུལ་འདེད་བྱེད་བཞིན་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060