སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དཔལ་འབྱོར་གྱི་འཕེལ་རྒྱས་ཀྱིས་བཀོལ་མཁན་ཉུང་བའི་སྐད་ཡིག་འཆི་ལམ་དུ་འདེད།
སྤེལ་དུས། 2014-09-17   ཡོང་ཁུངས། ཡ་ཧོ་གསར་འགྱུར།   རྩོམ་པ་པོ།  བཀྲ་ཤིས་ཀྱིས་བསྒྱུར།

པའུ་ཏོ་ཆུ་བོའི་འགྲམ་དུ་གཞིས་ཆགས་པའི་ཨེམ་བེ་རཱ་མི་རིགས།  ཁོ་ཚོའི་སྐད་ཨེམ་བི་རཱ་པའུ་ཏོ་ནི་འཇིག་ཉེན་ཅན་གྱི་སྐད་དུ་བགྲངས་འདུག

ཕཱ་རི་སི་ཡི་ཞིབ་འཇུག་པ་ཝེད་ནེས་རྡེ་ཡིས་ཨོ་སི་ཁྲི་ལི་ཡཱ་དང་བྱང་ཨ་མེ་རི་ཁའི་ཡུལ་ཕྱོགས་འགའི་སྐད་ཡིག་གི་ཉམས་ཉེན་སྣང་ཚུལ་དཔེ་རུ་འདྲེན་ཞོར།  དཔལ་འབྱོར་གྱི་དར་རྒྱས་ནི་མི་རིགས་གྲངས་ཉུང་གི་སྐད་ཡིག་གི་དགྲ་གཤེད་དུ་གྱུར་ཡོད་ཟེར་བ་དང་སྲོག་ཆགས་དང་སྐྱེ་དངོས་ལ་བྱུང་བའི་འཇིག་ཉེན་གྱི་ཚད་གཞི་ལ་གཞིགས་ཏེ།  འཛམ་གླིང་སྟེང་གི་སྐད་ཡིག6909ཡོད་པ་ལས་བཞི་ཆ་གཅིག་ལ་ཉེན་ཁ་བྱུང་བར་བཤད། 

ཨ་རི་དང་ཡོ་རོབ་ཀྱི་ཞིབ་འཇུག་པ་དག་གིས་གྲུབ་པའི་ཚོགས་པ་ཞིག་གིས་དབྱིན་ཇིའི་སྐྱེ་དངོས་རིག་པའི་ཚགས་པར་ལ་སྤྲིངས་པའི་འཕྲིན་ལྟར་ན།  དེང་སང་སྐད་རིགས་སྣ་ཚོགས་ལ་འཇིག་ཉེན་བྱུང་བའི་མྱུར་ཚད་ནི་མི་ཚང་མས་དོ་སྣང་བྱེད་བཞིན་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ནུབ་པའི་ཚད་ལས་ཀྱང་བརྒལ་ཡོདཟེར་བ་དང་།  དཔལ་འབྱོར་དར་རྒྱས་སུ་ཕྱིན་ཡོད་པའི་ཡུལ་གྲུ་ཁག་ཏུ་བཀོལ་མཁན་ཉུང་བའི་སྐད་རིགས་དག་ལ་བཤད་མཁན་གྱི་གྲངས་འབོར་ཉུང་དུ་གྱུར་བས་འཇིག་ཉེན་ལ་ཕྲད་ཡོད་ཅིང་།  ཨཱ་ལ་སི་ཀ་ལྟ་བུར་མཚོན་ན།  སྤྱི་ལོ༢༠༠༩ལོར་ཨཱ་ཐ་བྷ་སི་ཀན་གྱི་སྐད་ཆ་བཤད་མཁན་མི༢༤ལས་མེད་ལ།   ལོ་ཆུང་བྱིས་པ་ཚོས་སྔ་ས་ནས་སྦྱོང་གི་མེད།  དེ་བཞིན་ཨོ་ཁི་ལཱ་ཧོ་མར་ཡོད་པའི་ཕི་ལཱིན་ཨིན་ཊྀ་ཨན་པའི་ཝི་ཆི་ཏ་སྐད་ནི་སྤྱི་ལོ༢༠༠༨ལོ་ལ་ཐོགས་མེད་དུ་བཤད་མཁན་གཅིག་ལས་ལྷག་མེད་ཚུལ་བཤད་ཡོད། 

ཡང་ཚོགས་པ་དེས་བྲིས་དོན།  ཨོ་སི་ཁྲུ་ལི་ཡཱར།  ཉེ་སྔོན་ཉམས་ཟིན་པའི་གཞིས་ཆགས་སྐད་མཱར་ཀུ་དང་ཧ་ལམ་འཇིག་ཟིན་པའི་རཱེམ་པ་རུན་ག་གཉིས་ནི་རྩ་མེད་དུ་འགྲོ་བཞིན་འདུག་ཅིང་།  དཔལ་འབྱོར་དར་རྒྱས་སུ་སོང་བའི་ས་ཁུལ།  དཔེར་ན་བྱང་ཨ་མེ་རི་ཀ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ལ་མཚོན་ན་སྐད་རིགས་མང་པོ་ཉམས་ཟིན་ཡོད།  འོན་ཏེ།  གཞི་ཁྱོན་ཆུང་བ་དང་བཀོལ་མཁན་ཉུང་བའི་སྐད་རིགས་སྔར་བཞིན་ས་ཁུལ་འདི་དག་ཏུ་ཡོད་པས་ན།  འཇིག་ཉེན་ཆེ་བའི་དབང་གིས་སྐད་རིགས་འདི་དག་ལ་ངེས་པར་དུ་དོ་སྣང་བྱེད་དགོས་འདུག   དེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་འཛམ་གླིང་གི་ཡུལ་ཕྱོགས།  དཔལ་འབྱོར་དར་རྒྱས་དམིགས་བསལ་གྱིས་མྱུར་བ་དག་གི་ཁྲོད་ཀྱང་ཉེན་ཁ་དེ་རིགས་ཡོད།  དཔེར་ན།  ཚ་དྲོད་ཁུལ་སྦར་ཛིལ་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་བལ་ཡུལ་དེ་འདྲ་རེད་ཟེར། 

ཞིབ་འཇུག་ཚོགས་པ་འདིས་སྐད་རིགས་བཤད་མཁན་གྱི་གྲངས་འབོར་དང་དེ་དག་གི་གནས་ཡུལ།    མི་འབོར་གྱི་འཕེལ་འགྲིབ་བཅས་ཀྱི་གཞི་གྲངས་ཕྱོགས་གཅིག་ཏུ་བསྡུ་རུབ་བྱས་པ་དང་དེ་ནས་ཁོ་ཚོས་རྒྱལ་སྤྱི་ཅན་དང་ཡང་ན་ཁོར་ཡུག ཡང་ན་སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྱུར་ལྡོག་སོགས་ཀྱི་ཤུགས་རྐྱེན་ལ་བསམ་བློ་བཏང་ཡོད་ཅིང་།  གཞི་གྲངས་ཀྱི་བསྡུར་ཚད་ཀྱིས་བསྟན་པ་ནི།  མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་བསྡུར་ཚད་ནི་སྐད་རིགས་ཀྱི་སྣ་མང་རང་བཞིན་མར་འགྲིབ་པ་དང་འབྲེལ་བ་ཡོད་པ་ཤེས་པ་སྟེ།  ཇི་ལྟར་དཔལ་འབྱོར་འཕེལ་རྒྱས་སོང་བ་དེ་ལྟར་དུ་སྐད་རིགས་ཀྱི་སྣ་མང་རང་བཞིན་མར་འགྲིབ་ཀྱི་འདུགཞེས་དབྱིན་ཇིའི་ཁཱམ་པོ་རི་ཇི་སློབ་ཆེན་གྱི་གསར་འགོད་མཉམ་སྒྲོག་ཞིག་ཏུ་བཤད་འདུག

སློབ་ཆེན་དེ་གའི་སྲོག་ཆགས་སྡེ་ཁག་གི་ཡིན་པའི་ཞིབ་འཇུག་འདིའི་རྩོམ་སྒྲིག་པ་གཞོན་པ་ཊ་ཚུ་ཡཱ་ཨམཱ་ཏོ་ཡིས་འགྲེལ་བཤད་བྱེད་རྒྱུར།  དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།  རྟག་པར་སྐད་ཡིག་གཅིག་རྒྱལ་ཁབ་ཅིག་གི་ཆབ་སྲིད་དང་སློབ་གསོའི་ཁྱབ་ཁོངས་སུ་གཙོ་བོ་དེར་འགྱུར་ངེས་ལ།  དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཀྱིས་མི་རྣམས་བཙན་གྱིས་གཙོ་བོར་གྱུར་བའི་སྐད་ཡིག་དེ་ལ་བསྟུན་དགོས་པར་འགྱུར།  དེ་བས་ཐབས་ཀྱི་དམ་པ་ནི།  སྐད་གཉིས་སློབ་གསོ་སྟེ།  འཛམ་གླིང་སྟེང་གི་སྐད་རིགས་ཀྱི་སྣ་མང་རང་བཞིན་སྲུང་འཛིན་བྱེད་ཕྱིར་སྐད་གཉིས་སློབ་གསོ་ལ་སྐུལ་མ་བྱེད་དགོས།  དེ་མིན་ང་ཚོས་ཞིབ་འཇུག་གིས་མིའི་རིགས་ཀྱི་སྣ་མང་རིག་གནས་ཀྱི་འགོ་ཁུངས་ཅི་ཡིན་དང་སྲུང་འཛིན་ཇི་ལྟར་བྱེད་དགོས་པའི་ཕྱོགས་ལའང་རྩ་བའི་ངོས་ཟིན་ཞིབ་འཐོབ་པར་བྱས་རྗེས་བཞག་ཡོད་ཟེར།

ཁ་བྱང་ཕྱི་མོ། དཔལ་འབྱོར་གྱི་འཕེལ་རྒྱས་ཀྱིས་བཀོལ་མཁན་ཉུང་བའི་སྐད་ཡིག་འཆི་ལམ་དུ་འདེད། 

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060