སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཇོ་མོ་གླང་མའི་བོད་ཡིག་ཡིག་གཟུགས་གསར་བཟོ་མཁན་རྒན་དབང་གྲགས་སྐྱབས་ལ་བཅར་འདྲི་ཞུས་པ།
སྤེལ་དུས། 2011-11-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  དཔང་སྒྲོལ་སྐྱིད།

རྒན་དབང་གྲགས་སྐྱབས་ལགས།

    དགེ་རྒན་དབང་གྲགས་སྐྱབས་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བཟོ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡིན་ཞིང་། ཁོང་གིས་རང་གི་ཆེད་ལས་རྩིས་འཁོར་གྱི་རྒྱུན་སྤྱོད་ཡིག་རིགས་དང་དགོས་མཁོ་ཆེ་བའི་ཤེས་བྱའི་སྐོར་ཤེས་རིག་གི་མཚོ་མོར་སྙེགས་འདོད་པའི་སློབ་ཕྲུག་ཚོར་མཁོ་འདོན་གནང་བ་མ་ཟད། ཁོང་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་ལས་གཞི་མང་པོར་ཞུགས་མྱོང་བ་རེད། ལྷག་པར་ཁོང་ལ་མཚོན་ན་བྱས་རྗེས་བླ་ན་མེད་པ་ཞིག་ཡོད་པ་ནི་ཁོང་ཉིད་བོད་ཡིག་གྲུབ་ཨང་སྐོར་གྱི་ཞིབ་འཇུག་སོགས་ལ་ཐེངས་མང་པོར་ཞུགས་པ་མ་ཟད་ད་ལོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣ་དང་མཉམ་དུ་ཇོ་མོ་གླང་མ་ཞེས་པའི་ཡིག་གཟུགས་གསར་བཟོ་བྱས་པ་ད་ལྟ་མདོ་དབུས་ཁམས་ཀྱི་མི་མང་པོས་བཀོལ་སྤྱོད་ཆེན་པོ་བྱས་ཏེ་གདེང་འཇོག་ཀྱང་ཚད་ཆེན་པོ་བྱེད་བཞིན་ཡོད་པ་རེད།

བཅར་འདྲི་བ། ཐོག་མར་ངས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཚབ་བྱས་ཏེ་དགེ་རྒན་གྱིས་ཕྲན་ལ་ཐེངས་འདིའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན།

བཅར་འདྲི་བ། བོད་ཡིག་གྲུབ་ཨང་སྐོར་ལ་ད་ལྟ་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ཁབ་ཀྱི་ཚད་གཞི་གཉིས་ཡོད་པ་རེད། དགེ་རྒན་གྱིས་ཚད་གཞི་འདི་གཉིས་ཀྱི་ཁྱད་པར་རམ་གཞན་འདིའི་སྐོར་གྱི་བསམ་ཚུལ་སྐོར་ཅུང་གསུངས་པར་ཞུ།

རྒན་དབང་གྲགས་སྐྱབས་ལགས། ཡི་གེའི་གྲུབ་ཨང་ཞེས་པ་ནི་རྩིས་འཁོར་ནང་དུ་འགྲོ་བའི་ཡི་གེ་གང་རུང་ཡིན་ཡང་རྩིས་འཁོར་ནང་ཡི་གེ་དེ་དག་རེ་རེ་མཚོན་བྱེད་ཀྱི་ཨང་ཀི་རེ་ཡོད་པ་དེའི་མིང་ལ་གྲུབ་ཨང་ཟེར་བ་རེད། དེའི་ལས་རིམ་དེ་ལ་ཡི་གེའི་ཨང་གྲུབ་ཟེར། བོད་ཡིག་གི་ཡིག་གཟུགས་ཀྱི་གྲུབ་ཨང་ལ་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ནང་གི་ཚད་གཞི་གཉིས་ཡོད་ཅིང་། རྒྱལ་སྤྱིའི་ཚད་གཞི་དེ༡༩༩༧ལོ་ནས་བཟོ་མགོ་བརྩམས་པ་རེད། དེ་བཟོ་མཁན་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཉི་མ་བཀྲ་ཤིས་ལགས་དང་གཞན་ཀན་སུའུ་དང་མཚོ་སྔོན་སོགས་ཀྱི་རྩིས་འཁོར་གྱི་ཆེད་མཁས་པ་མང་པོས་མཉམ་དུ་བཟོས། བཟོ་སྟངས་སྐོར་ནས་བོད་ཡིག་གི་གྲུབ་ཆ་ལྟར་ཆུང་བ་སྔོན་འཇུག་དང་དབྱངས་ཡིག འདོགས་ཅན་སོགས་འདུ་བར་བྱས་ནས་གྲུབ་ཨང་གཏན་འཁེལ་བྱས་ཡོད་པ་རེད། བོད་ཡིག་གི་གྲུབ་ཆའི་སྐོར་གྱི་གྲུབ་ཨང་༡༩༦འདུས་ཡོད་ལ། སྔོན་མ་ལྟར་ན་བོད་ཡིག་གྲུབ་ཆ་༡༩༢ལས་མེད། དེ་ཡང་བོད་ཡིག་གི་གྲུབ་ཆ་ཆེས་ཆུང་བར་བྱས་པ་འདིས་བོད་རང་གི་ཡི་གེའི་ཁྱད་ཆོས་མངོན་པར་མཚོན་པ་ཡོད་པ་དཔེར་ན། སྒྲོ་ལྟ་བུ་ལ་མཚོན་ན་མིང་གཞི་ག་དང་མགོ་ཅན་ས། འདོགས་ཅན་ར་བཏགས། དབྱངས་ན་རོ་སོགས་རེ་རེ་མཚོན་བྱེད་ཀྱི་གྲུབ་ཨང་ཡོད་པ་རེད། འདིའི་སྐོར་ལ་བཟང་ཆ་ཆེན་པོ་ཞིག་ཡོད་པ་ནི་བོད་ཡིག་གི་ཁྱད་ཆོས་མངོན་པར་མཚོན་ཐུབ་པར་བྱས་ཡོད། འོན་ཀྱང་ཞན་ཆ་ཡོད་སྲིད་དེ་དཔེར་ན་ཚད་གཞི་འདིའི་ནང་འདོགས་ཅན་སྐོར་གྱི་གྲུབ་ཨང་ཡོད་ཀྱང་མགོ་ཅན་སྐོར་ལ་མེད་པས་མིང་གཞི་དང་མགོ་ཅན་གྱི་གྲུབ་ཨང་གཅིག་ཏུ་གྱུར་པའི་གནད་དོན་དང་ཡང་ན་རྩིས་འཁོར་ནང་འཁྲིག་འགྲོ་བའི་སྐྱོན་བྱུང་བ་རེད། ༡༩༩༧ལོ་ནས་རྒྱལ་སྤྱིའི་ཚད་གཞི་དེ་ལེགས་གྲུབ་བྱུང་ཡང་བོད་ཡིག་རྩིས་འཁོར་དུ་གཏོང་བའི་ལག་རྩལ་མ་དར་བ་སོགས་ཀྱི་སྐྱོན་གྱིས་གྲུབ་ཨང་ཡོད་ཀྱང་ཚད་གཞི་འདི་དར་མ་ཐུབ་པས། ༢༠༠༥ལོར་བོད་ལྗོངས་སློབ་ཆེན་གྱི་རྒན་དངོས་གྲུབ་སོགས་ཀྱིས་ཡང་བསྐྱར་ཞིབ་འཇུག་བྱས་ཏེ་བོད་ཡིག་ཀྱང་གཞན་གྱི་ཡིག་རིགས་ལྟར་ཕྲེང་དུ་བསྒྲིགས་ཐུབ་པའམ་བརྩེགས་མའི་རིགས་སོགས་ཡོང་ཐུབ་པར་བཟོས། ཡིག་གཟུགས་འདི་ལ་ཚད་གཞི་A དང་ཚད་གཞི་Bགཉིས་བཟོས་པ་རེད། སྔོན་མ་ལྟར་ན་ཡི་གེ་རེ་རེ་གྲུབ་ཨང་རེ་དགོས་ཀྱང་ད་སྐབས་དཔེར་ན་སྐྲ་ལྟ་བུ་ལ་མཚོན་ན་གྲུབ་ཨང་གཅིག་གིས་ཡོངས་སུ་མཚོན་ཐུབ་པ་རེད། དེ་བས་བོད་ཡིག་གྲུབ་ཨང་ཉུང་བར་བཟོས་ནས་རྙོག་འཛིང་མེད་པར་བྱས་པ་རེད། རྒྱལ་སྤྱིའི་ཚད་གཞི་ལ་མཚོན་ན་ཡི་གེ་བརྩེགས་མའི་སྐོར་ལ་ཚད་གཞི་ངེས་ཅན་མེད་རུང་གང་རུང་དུ་བརྩེགས་ཐུབ། ༢༠༠༥ལོར་ཕྲ་མཉེན་ཀུང་སིས་ཧི་མ་ལ་ཡ་དང་ཇོ་མོ་གླང་མ་ལྟ་བུའི་ལག་རྩལ་དར་དུ་བཅུག རྒྱལ་ནང་གི་ཚད་གཞི་ལ་མཚོན་ན་སྐྲ་ལྟ་བུ་མིང་གཞི་ཀ་དང་མགོ་ཅན་ས་འདོགས་ཅན་ར་བཏགས་ལྟ་བུ་རེ་རེ་གྲུབ་ཨང་རེ་དགོས་པ་རེད། རྒྱལ་སྤྱིའི་ཚད་གཞི་དེ་འདྲ་མ་ཡིན་ཏེ། སྐྲ་ལྟ་བུ་ལ་མཚོན་ན་གྲུབ་ཨང་གཅིག་གིས་ཡོངས་སུ་མཚོན་ཐུབ་པ་དེ་ཚད་གཞི་གཉིས་ཀྱི་ཁྱད་པར་གཙོ་བོ་རེད་སེམས། ད་སྐབས་སྤྱོད་བཞིན་པའི་ཡིག་གཟུགས་དབུ་ཅན་དང་། དབུ་མེད། འབྲུ་ཚ། འཁྱུག་མ་སོགས་ལག་རྩལ་Appleབརྟེན་ནས་བྱུང་བ་ལས་རྒྱལ་སྤྱིའི་ཚད་གཞི་ཁོ་ནར་བརྟེན་ན་ཡིག་གཟུགས་འདི་འདྲ་མང་པོ་ཞིག་འབྱུང་ཐུབ་པ་མ་རེད།

བཅར་འདྲི་བ། ཇོ་མོ་གླང་མའི་ཡིག་གཟུགས་འདི་དུས་ནམ་ཞིག་ལ་བཟོ་འགོ་བརྩམས་པ་རེད། ཡིག་གཟུགས་ག་ཚོད་ཡོད་པ་རེད།

རྒན་དབང་གྲགས་སྐྱབས་ལགས། ཇོ་མོ་གླང་མའི་ཡིག་གཟུགས་བཟོ་བ་འདི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ལས་གཞི་ཞིག་རེད། ངས་ཁོང་ཚོར་རོགས་པ་བྱས་པ་ཡིན། ཡིག་གཟུགས་འདི་ལྟར་ནAppleཡི་ལག་རྩལ་ལ་བརྟེན་ནས་ཡིག་གཟུགས་སྣ་བཅུ་བཟོས་པ་རེད། དེང་སང་ཡིག་གཟུགས་སྣ་བཅུ་བོ་འདི་མདོ་དབུས་ཁམས་གསུམ་དུ་ཁྱབ་ཅིང་། microsoftwindows07དང་ཡིག་གཟུགས་དེ་བཟོ་སྟངས་ཀྱི་ལག་རྩལ་གཅིག་མཚུངས་རེད། ཡིག་གཟུགས་འདི་ནི་དེང་སང་གསར་དུ་་ཐོན་པའི་ལག་རྩལ་གང་རུང་གི་ནང་དུ་ཡང་འཇུག་ཐུབ་པ་རེད།

བཅར་འདྲི་བ།   ཇོ་མོ་གླང་མ་ཡིག་གཟུགས་ཀྱི་མ་གཞིའམ་མ་དཔེ་གང་ཡིན་ནམ།

རྒན་དབང་གྲགས་སྐྱབས་ལགས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ཇོ་མོ་གླང་མ་ཡིག་གཟུགས་ཀྱི་ལས་གཞི་འདི་ལས་འགོ་བརྩམས་པའི་དམིགས་ཡུལ་གཙོ་བོ་ནི་སྔར་ལྟར་ན་བོད་རང་གི་ཡིག་གཟུགས་ཁ་ཚང་ལག་བྲིས་མ་རེད། འོན་ཀྱང་དེང་སང་མང་ཆེ་བས་གློག་ཀླད་བཀོལ་བཞིན་པས་ཡེ་གེ་ཡང་གློག་ཀླད་དུ་གཏག་པ་ཁོ་ན་ཡིན་པས་ད་སྐབས་བོད་ཀྱི་ཡིག་གཟུགས་ཉམས་བཞིན་ཡོད་པ་རེད། བོད་རང་གི་ཡིག་གཟུགས་འདི་དག་མི་ཉམས་པར་སྲུང་སྐྱོབ་དང་རང་ལ་ཡོད་པའི་ཡིག་གཟུགས་ཉར་ཚགས་བྱེད་ཆེད་ཡིག་གཟུགས་འདི་བཟོས་པ་རེད། སྔོན་མ་ཡིག་གཟུགས་བཟོ་དུས་ཞིབ་འཇུག་པ་རྣམས་ཀྱིས་གྲོས་བསྡུར་བྱས་ཏེ་དབུ་ཅན་ཡིན་ན་ཨ་མདོའི་ཡུལ་གྱིས་ཡག་པོ་འབྲི་བ། དབུ་མེད་ལྷ་ས་དང་དཔེ་ཚུགས་ཁམས་པའི་ཕྱོགས་ཀྱིས་ཡག་པོ་འབྲི་བས་འདིའི་ཕྱོགས་ནས་ཡིག་གཟུགས་འཚོལ་བར་གྲོས་མཐུན་ཡོང་བ་རེད། དེང་སང་ཡིག་གཟུགས་འབྲི་མཁས་པ་རྣམས་ཆེད་དུ་བཙལ་ནས་བྲིས་པ་རེད། དཔེར་ན་ཡིག་གཟུགས་འདིའི་ནང་གི་འབྲུ་ཚ་ལྟ་བུ་ལ་མཚོན་ན་ལྷ་སར་མིང་ཡོད་པའི་རྒན་ལྷག་པ་ཚེ་རིང་གིས་བྲིས་པ་རེད། སུག་རིང་ཡིན་ན་ལྷ་སའི་སློབ་ཆུང་གི་དགེ་རྒན་བསྟན་འཛིན་གྱིས་བྲིས་པ་རེད། དེ་མིན་ཡིག་གཟུགས་ཚུགས་མ་ཡིན་ན་ཡང་ལྷ་སའི་མིང་ཡོད་པའི་མི་སྣ་ཞིག་གིས་བྲིས་པ་རེད། ནོར་བུ་གླིང་གའི་འཇིགས་མེད་ཚུལ་ཁྲིམས་གྱིས་འདིའི་ནང་གི་ཡིག་ཆུང་བྲིས་པ་རེད། འདི་དག་ལ་མཚོན་ན་དེང་སང་འབྲི་མཁན་ཡོད་པ་རྣམས་རེད། དཔེར་ན་ཡིག་གཟུགས་ནང་གི་འཁྱུག་ལྟ་བུ་ལ་མཚོན་ན་དྲུང་ཡིག་ཚེ་རིང་རྣམ་རྒྱལ་ལ་འབྲི་སྲོལ་བཟང་བོ་ཡོད་པ་རེད། འོན་ཀྱང་ཁོང་ད་ལྟ་འདས་ཟིན་པས་ཁོང་གི་ཕྱག་བྲིས་མ་རག་ཀྱང་སྔོན་མ་དྲུང་ཡིག་འདིའི་ཡིག་གཟུགས་དེབ་ཏུ་བཀོལ་ཡོད་པས་ང་ཚོས་དེབ་ནང་ཚུར་བཏོན་པ་ཡིན། དབུ་ཅན་ཡིན་ན་ཨ་མདོ་བླ་བྲང་གི་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་དེབ་དང་དབུ་ཅན་སུག་རིང་ཨ་ལག་ཚེ་ཏན་ཞབས་དྲུང་གི་གསུང་རྩོམ་ལས་བདམས་པ་རེད། མདོར་ན་ང་ཚོས་འབྲི་སྲོལ་བཟང་པོའི་ཡིག་གཟུགས་འཚོལ་དུས་མི་སྣ་ཡོད་པ་རྣམས་ཁོང་ཚོར་འབྲི་རུ་བཅུག་པ་དང་མེད་པ་རྣམས་ཁོང་ཚོའི་གསུང་རབ་ལས་ཚུར་དྲང་བ་ཡིན། ཡིག་གཟུགས་ཇོ་མོ་གླང་མ་མ་བཟོས་པའི་སྔོན་ལ་གློག་ཀླད་དུ་དབུ་ཅན་མ་གཏོགས་དབུ་མེད་ཀྱི་ཡིག་གཟུགས་འཆར་མི་སྲིད། ཡིག་གཟུགས་འདི་བཟོས་པ་ནས་བོད་ཡིག་གི་དབུ་ཅན་དང་དབུ་མེད་གང་རུང་བཀོལ་ཐུབ་པ་བྱུང་བས་ཡིག་གཟུགས་འདིས་དབུ་མེད་ཡིག་གཟུགས་ཀྱི་སྟོང་ཆ་བསྐངས་པ་རེད།

བཅར་འདྲི་བ།   ཇོ་མོ་གླང་མ་ཡིག་གཟུགས་དང་ཧི་མ་ལ་ཡ་ཡིག་གཟུགས་ཀྱི་ཁྱད་པར་གཙོ་བོ་ཅི་ཞིག་རེད།

རྒན་དབང་གྲགས་སྐྱབས་ལགས། ཡིག་གཟུགས་འདི་གཉིས་ཀྱི་གྲུབ་ཨང་གཅིག་ཡིན་ཡང་ཧི་མ་ལ་ཡ་ཡིན་ན་དབུ་ཅན་གཅིག་པོ་མ་གཏོགས་མེད། འོན་ཀྱང་ཇོ་མ་གླང་མ་ཡིན་ན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཅན་དང་དབུ་མེད་གཉིས་ཡོད་པའི་ཡིག་གཟུགས་བསྡོམས་པས་བཅུ་བཟོས་པ་འདི་ཡིག་གཟུགས་གཉིས་ཀྱི་ཁྱད་པར་གཙོ་བོ་རེད་སེམས། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060