སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་གདལ་དང་དར་སྤེལ་གཏོང་མཁན་རྒན་བློ་བཟང་ལགས།
སྤེལ་དུས། 2011-10-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  དཔང་སྒྲོལ་སྐྱིད།

   

བོད་ལྗོངས་སློབ་གྲྭ་ཆེན་མོའི་བཟོ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་བློ་བཟང་ལགས་ནི་ཉེ་རབས་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་གདལ་དང་དར་སྤེལ་ཐད་བྱས་རྗེས་བླ་མེད་བཞག་པའི་ཕུལ་བྱུང་དགེ་རྒན་ཞིག་ཡིན། ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་མི་ཡིན། ༡༩༩༤ལོའི་ཟླ་༨པར་མཚོ་སྔོན་ཞིང་ཆེན་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དངོས་ལུགས་སྡེ་ཚན་རྩིས་འཁོར་འཛིན་གྲྭ་ནས་སློབ་མཐར་ཕྱིན་ལ། ལོ་དེར་ལས་བགོས་བྱས་པ་བཞིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་བཟོ་རྩལ་སློབ་གླིང་གི་རྩིས་འཁོར་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་བ་རེད།༡༩༩༩ལོའི་ཟླ་༩པའི་ནང་རྒྱལ་སྤྱིའི་ས་སྒང་གསར་འབྱེད་ལྟེ་གནས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་བཞིན་ཁྲེང་ཏུ་གློག་རྡུལ་ཚན་རྩལ་སློབ་ཆེན་ལ་ཆེད་དུ་དྲ་རྒྱའི་ལག་རྩལ་སྦྱོང་བར་ཕྱིན། ཕྱིར་ཐོན་ནས་མ་འགྱང་པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཐོག་མའི་བོད་ཡིག་དྲ་ཚིགས་གསར་བཟོ་མཛད་པ་རེད། ༢༠༠༣ལོའི་ཟླ་༡༢ནང་ཀྲུང་གོའི་ཚབ་མཛད་དེ་ཕ་ཁི་སི་ཐན་ནས་གདན་འདྲེན་ཞུས་པའི་ཚོགས་འདུ་ས་གནས་སྐད་ཡིག་རྩིས་འཁོར་ཅནཞེས་པར་ཞུགས་ནས་འཛམ་གླིང་མི་རིགས་སྐད་ཡིག་རྩིས་འཁོར་ཅན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ༢༠༠༤ལོའི་ཟླ་༡༠ནས་༢༠༠༦ལོའི་ཟླ་༡༠པའི་བར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བཀའ་མངགས་ལྟར་ཨ་རིའི་ཧྥོ་ཅི་ཉི་ཡྭ་སློབ་ཆེན་དུ་སློབ་གཉེར་བྱས་ཏེ་ཆ་འཕྲིན་ལག་རྩལ་སྐོར་གྱི་རབ་འབྱམས་པའི་སློབ་གནས་བླངས། དགེ་རྒན་ཆེན་མོ་བ་བློ་བཟང་ལགས་ཀྱིས་གོང་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་རང་ཉིད་ཀྱི་ལོ་དུ་མའི་རིང་གི་དཀའ་སྤྱད་འབད་བརྩོན་བྱས་མཐར། བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་བོད་ཡིག་ཆ་འཕྲིན་སྐོར་གྱི་ཡོ་བྱད་མང་པོ་ཞིག་བསྟུད་མར་གསར་སྐྲུན་བྱས་པ་དཔེར་ན་ང་ཚོའི་ཁྲོམ་རྭར་བཀྲམ་ཟིན་པའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད། བོད་རྒྱ་བོད་དབྱིན་གསུམ་གྱི་སློབ་སྦྱོང་འཕྲུལ་ཆས། བོད་ཡིག་ཕབ་གཞོང་དང་ཙིག་རྟགས། ཉི་འོད་གློག་གསོག Uསྡེར། གྲངས་འཛིན་སྒྲ་ཕབ་སྨྱུག་སྡེར། ད་དུང་གསར་ཏུ་ཐོན་པའི་བོད་ཡིག་ལག་འཁྱེར་ཁ་པར་སོགས་ཡོད།ཐོན་རྫས་འདི་དག་ལ་མི་མང་པོས་གདེང་འཇོག་ཆེན་པོ་བྱས་པ་མ་ཟད། སྤྱི་ཚོགས་སྟེང་གོ་ས་ཡང་ངེས་ཅན་ཞིག་བཟུང་ཡོད་པས་ཆེད་དུ་བོད་ཡིག་ཆ་འཕྲིན་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན།

བཅར་འདྲི་བ། རྒན་ལགས་བདེ་མོ་ཡིན་ནམ། ཐོག་མར་ངས་ཀྲུང་གོའི་བོད་ཀྱི་དྲ་བའི་ཚབ་བྱས་ནས་རྒན་ལགས་ཀྱིས་ཐེངས་འདིར་ཕྲན་ལ་ཁྱེད་རང་ཉིད་དང་འབྲེལ་བའི་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱེད་པའི་གོ་སྐབས་སྤྲད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

རྒན་བློ་བཟང་། བཀའ་དྲིན་ཆེ།

བཅར་འདྲི་བ། ཉེ་རབས་སྤྱི་ཚོགས་སྤྱིའི་ཆ་ནས་བཤད་ན་དེང་སྐབས་སློབ་མཐར་ཕྱིན་པའི་སློབ་མ་དག་ལ་མཚོན་ན་རང་གི་ཆེད་ལས་དང་མཐུན་པའི་ལས་ཀ་འཚོལ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། མི་མང་པོ་ཞིག་གིས་སློབ་མཐར་ཕྱིན་རྗེས་རང་གི་ཆེད་ལས་དེ་འདྲ་གཙིགས་ཆེན་ཡང་བྱེད་ཀྱི་མེད། འོན་ཀྱང་དགེ་རྒན་རང་གིས་ཆེས་ཐོག་མའི་སློབ་ཆེན་གྱི་ཆེད་ལས་རྩིས་འཁོར་དེ་རྒྱུན་འཁྱོངས་བྱས་པ་མ་ཟད། ལོ་མང་པོའི་ནང་རང་གི་ཆེད་ལས་རྨང་གཞིར་བྱས་ཐོག་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་ལ་ཞིབ་འཇུག་གནང་པ་རེད། འོ་ན་དགེ་རྒན་གྱིས་རང་གི་ཆེད་ལས་རྒྱུན་འཁྱོངས་བྱས་པ་མ་ཟད་བོད་ཡིག་ཆ་འཕྲིན་གྱི་ལམ་བུ་འདིར་ཞུགས་པའི་རྒྱུ་མཚན་ཅི་ཡིན།

རྒན་བློ་བཟང་། ང་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་དུས་ངའི་རྒྱུགས་འབྲས་དང་རང་ཉིད་ངོ་སྤྲོད་ཡི་གེ་སོགས་ཀྲུང་དབྱང་སློབ་གྲྭ་ཆེན་མོ། ནུབ་བྱང་སློབ་གྲྭ་ཆེན་མོ། སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ཕྱོགས་སོ་སོའི་སློབ་གྲྭ་ཆེན་མོ་དག་ལ་སྤྲད་པ་ཡིན། དེའི་རྗེས་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་སི་ཁྲོན་དགེ་ཐོན་སློབ་ཆེན་སོགས་ཀྱིས་བརྡ་ཐོ་བཏང་ཡང་། སྐབས་དེར་བོད་ལྗོངས་སློབ་ཆེན་ལ་རྩིས་འཁོར་དགེ་རྒན་མེད་པ་དང་སྐབས་དེའི་སློབ་གསོ་ཐིང་གི་ཐིང་ཀྲང་རྒན་བཤད་སྒྲུབ་ལགས་ཀྱིས་ཀྱང་ཁྱེད་ཀྱིས་བོད་ཡིག་སྦྱོང་མྱོང་བ་མ་ཟད་གློག་ཀླད་ཀྱང་ཤེས་པས་བོད་ལྗོངས་ལ་ཕྱིན་ན་ཡག་པོ་འདུག་ཅེས་གསུངས་བྱུང་པས། ༡༩༩༤ལོའི་ཟླ་བདུན་པའི་ནང་བོད་ལྗོངས་ལ་སླེབས་པ་ཡིན། སྐབས་དེར་ང་རང་ནི་ཐོག་དང་པོ་མཚོ་སྔོན་ནས་སྐྱེད་བསྲིང་བྱས་པའི་སློབ་མ་ལྷ་སར་སླེབས་པ་ཡིན་ཡང་བོད་ལྗོངས་སློབ་གསོ་ཐིང་གིས་ཐུགས་ཁུར་ཆེན་པོ་གནང་སྟེ་ལོ་གཅིག་གི་རྗེས་སུའང་ང་ལ་ཁ་པར་བཏང་ནས་ལྷ་སའི་འཚོ་བར་གོམས་ལོབས་ཡོད་མེད་བཀའ་འདྲི་གནང་བ་སོགས་སྲིད་གཞུང་གིས་ང་ལ་ཐུགས་ཁུར་ཆེན་པོ་གནང་བྱུང་། དེ་ནས་༡༩༩༤ལོ་ནས་བཟུང་བོད་ལྗོངས་སློབ་ཆེན་ནས་རྩིས་འཁོར་དགེ་རྒན་གྱི་འགན་ཁུར་བ་ཡིན། བོད་ལྗོངས་སློབ་ཆེན་དུ་དགེ་རྒན་བྱེད་དུས་སློབ་གྲྭས་རྒྱབ་སྐྱོར་ཆེན་པོ་གནང་སྟེ་༡༩༩༩ལོར་ང་རང་བོད་ལྗོངས་སློབ་ཆེན་གྱིས་སི་ཁྲོན་ཁྲེང་ཏུ་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་མངགས་ཏེ་ཟླ་གསུམ་རིང་ཆེད་དུ་དྲ་རྒྱའི་ལག་རྩལ་སྦྱངས་པ་ཡིན། སྐབས་དེར་སློབ་གྲྭ་ཆེན་མོ་རྣམས་ཀྱིས་རྒྱ་ཡིག་གི་དྲ་ཚིགས་བཟོ་ཚུལ་སྦྱོང་བཞིན་ཡོད་པ་རེད།ད་སྐབས་བཤད་ན་དྲ་ཚིགས་བཟོ་བ་དེ་ལས་སླ་མོ་ཞིག་ཡིན་ཡང་སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་ཁག་པོ་ཡོད་པ་རེད། དེ་ནས་ང་རང་གིས་ཀྱང་བོད་ཡིག་དྲ་ཚིགས་བཟོ་དགོས་ཀྱི་རེད་བསམ་ནས་ཕྱིར་སློབ་གྲྭར་ལོག་ནས་ཡར་ཞུ་ཞུས་པ་ན་སློབ་གྲྭས་རྒྱབ་སྐྱོར་ཆེན་པོ་གནང་སྟེ་ང་སློབ་སྐབས་གཅིག་རིང་སློབ་ཁྲིད་མེད་པ་བཟོས་ཏེ་ཆེད་དུ་བོད་ཡིག་དྲ་ཚིགས་བཟོ་རུ་བཅུག་པ་རེད། དེ་ནས་ངས་བོད་ལྗོངས་ཀྱི་ཆེས་ཐོག་མའི་བོད་ཡིག་དྲ་ཚིགས་བཟོས་པ་ཡིན། རྒྱལ་ཁབ་ཀྱིས་ཀྱང་ང་ལ་རྒྱབ་སྐྱོར་ཆེན་པོ་གནང་སྟེ་ཀྲུང་དབྱང་བརྙན་འཕྲིན་cctv8ཡི་ཚོགས་ཁག་གཉིས་ལྷ་སར་སླེབས་ནས་ཚོགས་པ་གཅིག་གིས་པོ་ཏ་ལ་པར་རྒྱབ་པ་རེད། ཚོགས་པ་གཞན་ཞིག་གིས་ང་རང་པར་རྒྱབ་སྟེ་བློ་བཟང་གི་འཚོ་བ་ཞེས་པའི་སྐར་མ་སུམ་ཅུའི་རིང་གི་བརྙན་བསྡུས་ཞིག་བསྐྲུན་པ་རེད། དེའི་ནང་གཙོ་བོ་བོད་ཀྱི་སྤྱི་ཚོགས་ནང་བོད་ཀྱི་ན་གཞོན་དག་གིས་བོད་ཡིག་ཆ་འཕྲིན་དྲ་རྒྱའི་སྐོར་ཇི་ལྟར་བཟོ་བཞིན་པའི་སྐོར་བརྗོད་ཡོད། བརྙན་བསྡུས་དེ་སྐད་རིགས་དགུ་ལ་སྒྱུར་བ་མ་ཟད་ཕྱིའི་རྒྱལ་ཁབ་བཅུ་ལྷག་གི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུ་ཉར་བྱས་ཡོད་པ་རེད། གཞན་ཡང་རྒྱལ་ཁབ་དང་སློབ་གྲྭའི་ཐུགས་ཁུར་འོག་རྒྱལ་ཁབ་རིམ་པའི་རྣམ་གྲངས་སུ་ཞུགས་པ་མ་ཟད་དེའི་ཕྱོགས་ཀྱི་བྱ་དགའ་གང་མང་ཐོབ་མྱོང་། དེ་མིན་ཨ་རིའི་ཧྥོ་ཅི་ཉི་ཡ་སློབ་ཆེན་དུ་སློབ་སྦྱོང་ལ་འགྲོ་དུས་ང་ཚོ་མི་འགའ་ཡོད་ནའང་། དེའི་ནང་ང་གཅིག་པོ་གཞུང་གིས་མངགས་བཅོལ་བྱས་ནས་ཕྱིན་པ་རེད། སྐབས་དེར་ཨ་རིའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྣེ་ལེན་བྱས་པ་མ་ཟད་ཕྱིར་ལོག་དུས་ཀྱང་ཀྲུང་དབྱང་མཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་ཀྱིས་སྣེ་ལེན་བྱས་པ་སོགས་གོང་རིམ་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་བྱུང་།

དེ་བས། ང་རང་ཉིད་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ལམ་བུ་འདིར་ཞུགས་དོན་གཙོ་བོ་ནི། གཅིག་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཆེད་ལས་དངོས་ལུགས་ཡིན་ཡང་རྩིས་འཁོར་ཁ་ཕྱོགས་ཡིན་པ། གཉིས་ནས༡༩༩༤ནས་བོད་ལྗོངས་སློབ་གྲྭར་རྩིས་འཁོར་སྐོར་སློབ་ཁྲིད་བྱེད་འགོ་བརྩམས་པའི་རྐྱེན་རེད། གསུམ་ནས་རང་གི་དགའ་ཕྱོགས་དང་མོས་ཕྱོགས་སྐོར་ལ་རག་ལས་པ་རེད། སྐབས་དེའི་སྤྱི་ཚོགས་ནང་བོད་ཀྱི་སློབ་མས་རྩིས་འཁོར་སྦྱོང་བ་དང་གློག་ཀླད་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། ང་རང་ཉིད་ལ་མཚོན་ན་མཚོ་སྔོན་དགེ་ཐོན་སློབ་ཆེན་ནང་དངོས་ལུགས་ཚན་ཁག་ཡིན་ཡང་གློག་ཀླད་ཁ་ཕྱོགས་ཡིན་པ་བཅས་སྟབས་ལེགས་པ་དེ་འདྲ་བྱུང་པས། བོད་ཀྱི་སྤྱི་ཚོགས་ནང་འདེའི་སྐོར་མཁོ་རྒྱུ་རེད་སྙམ་པའམ་བོད་སྤྱི་ཚོགས་ནང་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་སློབ་ཁྲིད་བྱེད་འདུན་ཡོད་པ། དེ་མིན་གཞན་གཙོ་བོ་ཞིག་ནི་རྒྱལ་ཁབ་ཀྱིས་ང་ལ་གོ་སྐབས་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ལ་མཐོང་ཆེན་བྱེད་བཞིན་ཡོད་པས་ང་རང་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ལམ་འདིར་ཞུགས་པ་ཡིན།

བཅར་འདྲི་བ། དགེ་རྒན་ལ་མཚོན་ན་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་བོད་ཡིག་ཆ་འཕྲིན་སྐོར་གྱི་ཆེད་མཁས་པ་ཞེས་བརྗོད་ཆོག་ལ། ཁྱེད་ལ་བོད་ཡིག་ཆ་འཕྲིན་སྐོར་ལ་རྒྱུས་ལོན་ཀྱང་ངེས་ཅན་ཡོད་སྲིད་པས་ཁྱེད་རང་སྟེང་ནས་བརྗོད་ན་བོད་ཡིག་ཆ་འཕྲིན་གྱི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་ཕྱོགས་ཇི་འདྲ་འདུག་གམ།

རྒན་བློ་བཟང་། དེང་སྐབས་ཀྱི་སྤྱི་ཚོགས་ལ་མཚོན་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་ཀྱི་འབྲེལ་བ་ཇེ་ཟབ་ནས་ཇེ་ཟབ་ཡིན་པས། གཅིག་ནས་བོད་ཡིག་ཆ་འཕྲིན་ལ་མཚོན་ན་ཡང་བོད་ཡིག་ཨང་སྒྲིག་དེ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད་སེམས། གཉིས་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་འདི་ཡང་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་རྒྱལ་སྤྱིའི་རང་བཞིན་དུ་འགྲོ་རྒྱུ་ནི་མ་འོངས་བའི་འཕེལ་ཕྱོགས་གཙོ་བོ་རེད་སེམས། གསུམ་ནས་གློག་རྡུལ་ཐོན་རྫས་ཀྱི་རིགས་འདི་ཡང་རྒྱལ་སྤྱིའི་རང་བཞིན་དུ་འགྲོ་བཞིན་ཡོད་པས་བོད་ཡིག་ལ་མཚོན་ན་ཡང་རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་དགོས་པ་ནི་གཙོ་བོ་རེད་སེམས། བཞི་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་གྱི་གློག་རྡུལ་ཐོན་རྫས་ཀྱང་རིམ་བཞིན་རིག་ལྡན་ཅན་དུ་འགྱུར་སྲིད་པ། ལྔ་ནས་ད་སྐབས་བོད་ཡིག་ཆ་འཕྲིན་མ་ལག་ལ་མཚོན་ན་ཡིག་རིགས་གཞན་གྱིས་བཟོ་ཐུབ་པ་རྣམས་བོད་ཡིག་གིས་ཀྱང་བཟོ་ཐུབ་ཀྱི་འདུག་པས་བོད་ཡིག་ཆ་འཕྲིན་གྱི་མདུན་ལམ་ཧ་ཅང་ཡག་པོ་འདུག

བཅར་འདྲི་བ། བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་འཕེལ་རྒྱས་གཏོང་དགོས་ན་གང་ཞིག་གཙོ་བོར་འཛིན་དགོས་སམ།

རྒན་བློ་བཟང་། བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་འཕེལ་རྒྱས་སུ་གཏོང་དགོས་ན་གཅིག་ནི་རྒྱལ་སྤྱིའི་རང་བཞིན་དུ་བསྐྱོད་པ་གཙོ་བོ་རེད་སེམས། རྒྱལ་སྤྱིའི་རང་བཞིན་དུ་གཏོང་དགོས་ན་བོད་ཡིག་ཨང་སྒྲིག་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པ་ཡོང་བ་དེ་གཙོ་བོ་རེད།གཉིས་ནི་རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་པའི་ངང་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་སུ་གཏོང་དགོས་པ་རེད། དེང་སྐབས་འཛམ་གླིང་སྤྱིའི་ཁ་ཕྱོགས་ལ་བལྟས་ན་མ་འོངས་བོད་ཡིག་ཆ་འཕྲིན་ལག་རྩལ་ལས་གློག་རྡུལ་ཐོན་རྫས་འདི་དག་རིག་ལྡན་ཅན་དུ་འགྲོ་རྒྱུ་ནི་ཁག་ཐེག་རེད། དེ་བས་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་མཚོན་ན་ཡང་རིག་ལྡན་ཅན་གྱི་ཕྱོགས་གཙོ་བོ་འཛིན་པ་གལ་ཆེན་ཡིན་སེམས། དེ་མིན་གཞན་གལ་ཆེན་ཞིག་ནི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་ཆ་འཕྲིན་སྐོར་ད་དུང་རྗེས་ལུས་ཡིན་པ་དང་། དེ་མིན་རྗེས་ལུས་ཀྱི་འདུ་ཤེས་སོགས་ཀྱི་དབང་གིས་ཀྱང་འདིའི་སྐོར་དང་ལེན་བྱེད་ཐུབ་ཀྱི་མེད་པས་མུ་མཐུད་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་སྐོར་འདི་བོད་ཁུལ་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་ནི་དོན་དག་གཙོ་བོ་ཞིག་རེད་སེམས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060