སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་ལྷོ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག
སྤེལ་དུས། 2012-07-09   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།   རྩོམ་པ་པོ།  ཚེ་རྡོར་གྱིས་བསྒྲིགས།

  ༡༩༨༩ལོའི་ཟླ་༥ཚེས༢༠ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གྲོས་འཆམ་བྱུང་ཞིང་༡༩༩༠ལོའི་ཟླ་༦པའི་ཚེས་༢༨ཉིན་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་མཆོག་མཆན་བཀོད)
ལེའུ་དང་པོ། སྤྱི་ཁྲིམས།
  དོན་ཚན་དང་པོ། བོད་སྐད་ཡིག་སློབ་སྦྱོང་བེད་སྤྱོད་དང༌།འཕེལ་རྒྱས་ལ་ཁག་ཐེག་དང་སྐུལ་འདེད་ཀྱི་ཆེད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཁྲིམས སོགས་གཞིར་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
  དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་བྱ་འགུལ་ཁྲོད་ཡང་དག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་གཏན་འབེབས་གནང་བའི་འབྲེལ་ཡོད་ཁྲིམས་ལུགས་དང་མི་རིགས་སྐད་ཡིག་སྲིད་ཇུས་སོགས་ལག་བསྟར་བྱ་དགོས་པ་མ་ཟད།མི་རིགས་སོ་སོའི་སྐད་ཡིག་འདྲ་མཉམ་ཡིན་པའི་ལྟ་སྟངས་སྤྱད་དེ་ཕྱོགས་ཡོངས་ནས་མི་རིགས་སྐད་ཡིག་བེད་སྤྱོད་དང༌།རང་སྐད་ཡིག་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་རྒྱུན་འཁྱོངས་བྱས་ནས་མི་རིགས་སྐད་ཡིག་གིས་སྤྱི་ཚོགས་རིང་ལུགས་མི་རིགས་སོ་སོའི་བར་གྱི་འབྲེལ་བ་སྲ་བརྟན་དང་འདྲ་མཉམ་འཕེལ་རྒྱས་རོགས་རམ་བཅས་བརྒྱུདསྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།
  དོན་ཚན་གསུམ་པ། བོད་སྐདཡིག་ནི་རང་སྐྱོང་ཁུལ་གྱིས་ས་ཁུལ་རང་སྐྱོང་དང་མི་རིགས་དག་གི་དབང་ཆ་སྤྱོད་པའི་རྩ་བའི་སྐད་རིགས་ཤིག་ཡིན་པ་མ་ཟད་རང་སྐྱོང་ནང་ཁུལ་དུ་སྤྱོད་པའི་རྩ་བའི་སྐད་རིགས་ཀྱི་གྲས་ཤིག་ཀྱང་ཡིན།
  རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་བྱ་བར་འགོ་ཁྲིད་མཛད་ནས་བོད་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་དུ་གཏོང་བའི་དབང་ཆ་སོགས་ལ་འགན་སྲུང་བྱ་དགོས།
  དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་བྱ་བའི་ཁྱབ་བརྡལ་དང་མཐོར་འདེགས། ཕན་ཚུན་མཉམ་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་དང༌། བོད་སྐད་ཡིག་གིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་རིག་གནས་འཛུགས་སྐྲུན་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།
དོན་ཚན་ལྔ་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་འོས་འགན་ལག་བསྟར་བྱ་སྐབས་བོད་རྒྱ་གཉིས་ཀྱི་ཡིག་རིགས་སྤྱོད་དགོས།
 དོན་ཚན་དྲུག་པ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ལས་བཟོ་བ་རྣམས་ལ་སྐད་ཡིག་ཕན་ཚུན་སློབ་སྦྱོང་བྱེད་པར་སློབ་གསོ་་དང་སྐུལ་མ་གཏོང་རྒྱུ།
 བོད་རིགས་ལས་བཟོ་བ་རྣམས་ཀྱིས་རང་ཉིད་ཀྱི་སྐད་རིགས་སྦྱང་ཞོར་དུ་རྒྱལ་ཡོངས་སྤྱི་སྤྱོད་ཀྱི་སྐད་དང་རྒྱ་ཡིག་སོགས་སྦྱང་དགོས།དེ་བཞིན་དུ་རྒྱའི་ལས་བཟོ་བ་་དང་གྲངས་ཉུང་མི་རིགས་གཞན་གྱིས་ལས་བཟོ་བ་དག་གིས་མི་རིགས་རང་ཉིད་ཀྱི་སྐད་རིགས་སྦྱང་ཞོར་དུ་བོད་ཡིག་སྦྱོང་བ་ལ་སྐུལ་འདེད་བྱ་དགོས།
ལེའུ་གཉིས་པ། བོད་སྐད་ཡིག་བྱ་བའི་འཛིན་སྐྱོང་སྒྲིག་གཞི།
 དོན་ཚན་བདུན་པ།རང་སྐྱོང་ཁུལ་རྫོང་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ཚོགས་པ་སྒྲིག་འཛིན་བྱས་ནས་བོད་སྐད་ཡིག་གི་བྱ་བར་དོ་དམ་བྱ་དགོས། རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་ལས་འགན་ནི།
 ༡ ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་ཁྱབ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ།འབྲེལ་ཡོད་མི་རིགས་སྐད་ཡིག་ཀྱི་ཁྲིམས་ལུགས་དང་གཏན་སྲོལ་སོགས་ལ་ཞིབ་བཤེར་དང་སྲོལ་ཡིག་འདི་ལག་ལེན་བྱེད་པར་སྐུལའདེད་གཏོང་རྒྱུ།
 ༢ འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས་ཡང་ན་སྲོལ་ཡིག་འདི་གཞིར་བྱས་ནས་བོད་སྐད་ཡིག་བྱ་བའི་འཆར་གཞི་ལག་བསྟར་དང༌། སྤྱི་ཁྱབ་ཀྱི་ཐབས་ཇུས་སོགས་་་འཆར་འགོད་བྱེད་པ།
 ༣ བོད་སྐད་ཡིག་སློབ་སྦྱོང་བྱེད་པ་ལ་ཞིབ་བཤེར་དང་ལོ་ཙཱའི་བྱ་བར་སྐུལ་འདེད་གཏོང་བ།
 ༤ བོད་སྐད་ཡིག་ཚད་ལྡན་ཅན་དུ་གཏོང་བའི་སྒྲིག་འཛུགས་དང་ཕྱོགས་ཡོངས་ལ་ཁྱབ་བརྡལ་གྱི་བྱ་བར་འཛིན་སྐྱོང་བྱེད་པ།
 ༥ བོད་སྐད་ཡིག་ཆེད་ལས་མི་སྣ་གསབ་སྦྱོང་དང་རིག་གཞུང་བརྗེ་རེས་སོགས་སྒྲིག་འཛུགས་བྱེད་པ།
 ༦ བོད་སྐད་ཡིག་བྱ་བའི་ལས་ཁུངས་སོ་སོ་བར་གྱི་བྱེད་སྒོའི་འབྲེལ་བ་མཐུན་སྦྱོར་བྱེད་པ།
ལེའུ་གསུམ་པ། བོད་སྐད་ཡིག་གི་སློབ་སྦྱོང་དང་བེད་སྤྱོད།
 དོན་ཚན་བརྒྱད་པ།རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས།སློབ་གསོ། ཚན་རིག འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་ཚན་ཁག་དུ་བོད་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱ་དགོས།
 དོན་ཚན་དགུ་བ། རང་སྐྱོང་ཁུལ་ས་གནས་རྒྱལ་ཁབ་ལས་ཁུངས་སོགས་ཀྱི་འོག་རིམལ་བསྒྲགས་པའི་ཡིག་ཆ་གཙོ་བོ་དང་བརྡ་ཁྱབ་སོགས་སྐད་གཉིས་སྤྱོད་དགོས་པ་མ་་ཟད་སློབ་སྦྱོང་གི་རྒྱུ་ཆ་དང༌། ཁྱབ་བསྒྲགས་དངོས་གཟུགས་སོགས་ཀྱང་སྐད་གཉིས་ཡིག་རིགས་ཀྱིས་འབྲི་དགོས།
 དོན་ཚན་བཅུ་བ། རང་སྐྱོང་ཁུལ་ནང་ཁུལ་གྱི་ས་གནས་རྒྱལ་ཁབ་དང་ལས་ཁུངས་སོགས་སུ་ཐམ་ཀ་དང་སྒོ་བྱང༌། བྱ་དགའ། དཔང་ཡིག ཡིག་ཆའི་འགོ། ཡིག་ཤུབས། སྦྱར་ཡིག སྤྱི་བསྒྲགས། མཚམསསྦྱོར་བརྡ་ཁྱབ་སོགས་ཀྱང་སྐད་གཉིས་ཡིག་རིགས་་་སྤྱོད་དགོས།གྲོང་བརྡལ་སྤྱི་སྤྱོད་ས་གནས་ཀྱི་སྤྱི་སྤྱོད་དངོས་གཟུགས་སོགས་ཀྱི་མཚན་བྱང་དང་ས་མཚམས། ལམ་རྟགས། འགྲིམ་འགྲིལ་མཚོན་རྟགས། རླངས་འཁོར་མཚོན་རྟགས་སོགས་ཀྱང་སྐད་གཉིས་ཡིག་རིགས་སྤྱད་ནས་འབྲི་དགོས།
 དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་ནང་ཁུལ་ལས་བཟོ་ཐོན་རྫས་ཀྱི་ཚོང་རྟགས་དང་གསལ་བཤད་ཡི་གེ རོགས་སྐྱོར་ཚན་ཁག་སོགས་ཀྱི་བདག་གཉེར་ཚན་པ། དངོས་མིང༌། རིན་གོང་རེའུ་མིག དངུལ་འཛིན་སོགས་ཀྱང་སྐད་གཉིས་ཡིག་རིགས་སྤྱོད་དགོས།
 དོན་ཚན་བཅུ་གཉིས། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་ཚོགས་འདུ་འཚོགས་སྐབས་སྐད་གཉིས་ཡིག་རིགས་སྤྱོད་པ་དང༌། ཁུལ་ནང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་བྱ་བཞག་སྡེ་ཚན་སོགས་ཀྱི་ལས་གནས་ཚོགས་འདུ་འཚོགས་སྐབས་མིག་སྔར་གྱི་གནས་ཚུལ་དང་བསྟུན་ནས་སྐད་གཉིས་སྤྱོད་དགོས།
 དོན་ཚན་བཅུ་གསུམ། རང་སྐྱོང་ཁུལ་གྱི་བོད་རིགས་མི་དམངས་རྣམས་ཀྱིས་བོད་སྐད་ཡིག་སྤྱད་ནས་གོང་རིམ་ལ་ཞུ་ཡིག་དང་རེ་འདུན་ཞུ་ཡིག ཐོ་འགོད་རེའུ་མིག་་སོགས་ཀྱི་ཡིག་ཆ་འབྲི་ཆོག་པ་དང་གཞུང་ཡིག་གཞན་དག་ཀྱང་དེ་ལྟར་འབྲི་རུང༌།
 དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་ས་ཁུལ་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱིས་སློབ་མ་བསྡུ་བ། བཟོ་བ་བསྡུ་བ། ལས་ཀ་བ་བསྡུ་བའི་སྐབས་སྐད་གཉིས་བཀོལ་སྤྱོད་བྱེད་པ་དང༌། རྒྱུགས་སྤྲོད་མཁན་གྱིས་ཀྱང་རང་ཉིད་ཀྱི་འདོད་་་མོས་ལྟར་ནང་གསེས་སྐད་ཡིག་སྣ་གཅིག་འདེམས་ཆོག ལག་རྩལ་ཞིབ་དཔྱོད་དང་ལས་མིང་དཔྱོད་ཕབ་བྱེད་དུས་རྒྱུགས་ལེན་མཁན་རང་ཉིད་ཀྱི་མི་རིགས་སྐད་ཡིག་་་བཀོལ་དགོས།
 དོན་ཚན་བཅོ་ལྔ། རང་སྐྱོངཁུལ་གྱིས་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་སྐད་ཡིག་སྣ་གཉིས་མཁྱེན་པ་དང་བཀོལ་སྤྱོད་བྱེད་པའི་མི་སྣར་བཟང་བསྟོད་དང་བྱ་དགའ་གནངས་རྒྱུ་མ་ཟད། ལས་གནས་སྤར་བ་་དང་ལས་རིམ་འཕར་བའི་སྐབས་དམིགས་བསལ་སྟེར་རྒྱུ།
 དོན་ཚན་བཅུ་དྲུག རང་སྐྱོང་ཁུལ་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འདྲི་གཅོད་དང་ཞིབ་དཔྱོད་བྱེད་དུས་དུས་མཉམ་མམ་རང་རང་སར་སྐད་ཡིག་སྣ་གཉིས་བེད་སྤྱོད་བྱེད་པ། རྒྱ་ཡིག་མི་ཤེས་པའམ་བོད་ཡིག་མི་ཤེས་པའི་གཏུག་བཤེར་པར་འགྲེལ་བཤད་བྱས་དེ་རིགས་སོ་སོའི་སྤྱི་དམངས་ཀྱིས་རང་མི་རིགས་སྐད་ཡིག་གིས་གཏུག་བཤེར་བྱེད་པའི་དབང་ཆར་འགན་སྲུང་་་་བྱེད་པ།རང་སྐྱོང་ཁུལ་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་བརྡ་ཐོ་དང་ཁྱབ་བརྡ་སོགས་ཡིག་སྣ་གཉིས་འབྲི་བ།རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་དཔྱོད་ཁང་གིས་གནས་བབས་ཀྱིས་དགོས་མཁོ་དང་བསྟུན་ཏེ་ཡིག་སྣ་གཉིས་བཀོལ་ཏེ་ཁྲིམས་ཡིག་བཟོས་ཏེ་སྟེར་བ།
 དོན་ཚན་བཅུ་བདུན། རང་སྐྱོང་ཁུལ་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱིས་རིགས་སོ་སོའི་སྤྱི་དམངས་ཀྱི་འདྲི་གཅོད་དང་འཕྲིན་ཡིག་ཡོང་དུས་འདྲི་མཁན་གྱིས་ཤེས་པའི་སྐད་ཡིག་དེ་བེད་སྤྱོད་བྱེད་དགོས།
 དོན་ཚན་བཅོ་བརྒྱད། རང་སྐྱོང་ཁུལ་གྱིས་སྐད་གཉིས་སློབ་གསོ་ལ་ཤུགས་སྣོན་བྱས་ཏེ་སློབ་མའི་སྐད་ཡིག་སྣ་གཉིས་མཁྱེན་པའི་ཕྱིར་དུ་བོད་རིགས་སློབ་འབྲིང་ནང་སློབ་ཆུང་གི་སློབ་ཁྲིད་བོད་སྐད་ཡིག་གཞིར་བྱས་ཏེ་རྒྱ་ཡིག་ཞོར་ཁྲིད་བྱེད་པ། བོད་རིགས་སློབ་མ་ཅུང་མང་བའི་སྤྱིར་བཏང་གི་སློབ་གྲྭ་ཆུང་འབྲིང་གི་གནས་བབས་ལ་དམིགས་ནས་བོད་ཡིག་ཞོར་ཁྲིད་བྱེད་པ།
 དོན་ཚན་བཅུ་དགུ། རང་སྐྱོང་ཁུལ་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་ལས་བྱེད་པས་སློབ་གྲྭ་དགེ་རྒན་གསབ་སྦྱོང་གི་སློབ་གྲྭ ལས་ཆེད་སློབ་གྲྭ་དང་ལས་ཆེད་འཛིན་གྲྭའི་གནས་བབས་ལ་དམིགས་ཏེ་བོད་ཡིག་ཁྲིད་པ།
 དོན་ཚན་ཉི་ཤུ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་རླུང་འཕྲིན་དང་གློག་བརྙན་གྱི་བྱ་བ་བཟང་བོ་བསྒྲུབ་ནས་རིམ་བཞིན་རང་བསྒྲུབས་ལས་ཚན་ཇེ་མང་དུ་གཏོང་བ།རང་སྐྱོང་ལས་ཁུངས་ཀྱིས་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་བསྒྱུར་སྐྲུན་དང་ལོ་ཙཱ ། འགྲེལ་བཤད་བཅས་ཀྱིས་བྱ་བ་ལ་ཤུགས་སྣོན་བྱེད་པ། རང་སྐྱོང་ལས་ཁུངས་ཀྱིས་བོད་ཡིག་དཔེ་མཛོད་དང་དུས་དེབ་གཞན་པས་ཡིག་ཆ་བཅས་ཀྱི་ཁྱབ་སྤེལ་ལས་ཀ་བཟང་བོ་བསྒྲུབ་པ། བོད་ཡིག་དཔེ་རིས་ཕྱོགས་ཀྱི་སྣ་ཁ་དང་རྒྱ་ཁྱོན་རིམ་བཞིན་ཁ་སྣོན་དང་ ཇེ་ཆེར་བཏང་སྟེ་ཧུར་ཐག་སྒོས་ཁྱབ་སྤེལ་སྤུས་ལེགས་ཅན་གཏོང་བ།
 དོན་ཚན་ཉེར་གཅིག རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་ཚན་རྩལ་པ། སྒྱུ་རྩལ་ལས་སྣ་བས་རང་མི་རིགས་སྐད་ཡིག་བེད་སྤྱོད་བྱས་ཏེ་ཚན་རིག་ཞིབ་འཇུག་དང་གསར་གཏོད་རམ་འདེགས་ཐོབ་པ།དཔྱད་རྩོམ་འབྲི་བ་དང་དཔེ་ཆ་འབྲི་བ། སྒྱུ་རྩལ་གསར་རྩོམ་དང་ཁྲིད་སྟོན་བྱེད་པར་སྐུལ་འདེད་གཏོང་བ།
ལེའུ་བཞི་བ། བོད་སྐད་ཡིག་གི་ལོ་ཙཱའི་བྱ་བ།
 དོན་ཚན་ཉེར་གཉིས། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱི་བོད་སྐད་ཡིག་གི་ལོ་ཙཱའི་བྱ་བར་ཤུགས་སྣོན་བྱེད་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བོད་སྐད་ཡིག་གི་བྱ་བའི་ཨུ་ཡོན་ཚོགས་པས་བསྒྱུར་སྐྲུན་ལྟེ་གནས་བཙུགས་ཏེ་ལོ་ཙཱ་བ་ཆེད་བཀོད་དང་ཁུལ་ཡོངས་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་ལོ་ཙཱའི་བྱ་བ་མཛུབ་སྟོན་གནང་བ།
 དོན་ཚན་ཉེར་གསུམ། བསྒྱུར་སྐྲུན་ལས་ཁུངས་ཀྱིས་གོང་རིམ་པ་དང་རིམ་པ་མཉམ་པའི་ལས་ཁུངས་ཀྱི་ཡིག་ཆ་གལ་ཆེན་དང་ཚོགས་འདུའི་ཡིག་ཆ་དང་འབྲེལ་ཡོད་ཡིག་ཆའི་བསྒྱུར་སྐྲུན་བྱ་བར་འགན་ལེན་བྱེད་པ་དང༌། བསྒྱུར་ཆ་ཚད་ལྡན་ཅན་དུ་འགྱུར་བའི་བྱ་བར་མཐོར་འདེགས་གཏོང་བ། བསྒྱུར་སྐྲུན་ལས་ཁུངས་ཀྱིས་ཧུར་ཐག་སྒོས་རང་ཁུལ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ཚན་རིག་ལག་རྩལ། དཔལ་འབྱོར་ཆབ་སྲིད། རིག་གནས་སོགས་ཀྱི་ཡིག་ཆ་བསྒྱུར་སྐྲུན་བྱེད་པ་དང༌། ཆ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་བྱེད་པ།
 དོན་ཚན་ཉེར་བཞི། རང་སྐྱོང་ཁུལ་ས་གནས་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱི་ཐམ་ཀ སྒོ་བྱང༌། ཚོང་རྫས་མིང་རྟགས་ལ་སོགས་ཀྱི་ཡི་གེའི་ལོ་ཙཱ་ཁུལ་དང་རྫོང་རིམ་པའི་བསྒྱུར་སྐྲུན་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ལེན་བྱེད་པ།
ལེའུ་ལྔ་པ། བོད་སྐད་ཡིག་ཚན་རིག་ཞིབ་འཇུག
 དོན་ཚན་ཉེར་ལྔ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་ཞིབ་འཇུག་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ཁ་ཕྱོགས་ལག་ལེན་བྱེད་པ། གཞུང་ལུགས་དང་ལག་ལེན་དངོས་འབྲེལ་གྱི་རྩ་ལམ་རྒྱུན་འཁྱོངས་བྱས་ཏེ། བོད་སྐད་ཡིག་བྱ་བའི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང༌། བོད་སྐད་ཡིག་བྱ་བའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་ཐོབ་པ།
 དོན་ཚན་ཉེར་དྲུག རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ཚོགས་པས་བོད་སྐད་ཡིག་གི་ཚན་རིག་ཞིབ་འཇུག་བྱ་བར་འགོ་ཁྲིད་བྱེད་པ།ཚན་རིག་ཞིབ་འཇུག་འཆར་གཞི་འདོན་སྤེལ་བྱེད་པ།ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་དཔྱོད་ཕབ་བྱེད་པ། ཚན་རིག་ཞིབ་འཇུག་འབྲས་བའི་ཁྱབ་བརྡལ་བཟང་བསྟོད་བྱེད་པ་བོད་སྐད་ཡིག་གི་ཚན་རིག་ཞིབ་འཇུག་ནི་བོད་སྐད་ཡིག་རྨང་གཞི་ཞིབ་འཇུག་གནད་དུ་བཟུང་ནས་མི་རིགས་ཀྱི་རིག་གནས་ཤུལ་བཞག་བཟང་ཤོས་་ལེགས་སྒྲིག་དང་འཚོལ་སྡུད་བྱེད་པ་དང༌། དེང་རབས་བོད་སྐད་ཡིག་མིང་ཚིག་གསར་བའི་བརྡ་ཁྱབ་དང་ཚན་རྩལ་བརྡ་ཁྱབ་ཀྱི་བཀོད་སྤྱོད་ཞིབ་འཇུག་དང་ཚད་ལྡན་ཅན་དུ་འགྱུར་བའི་ཞིབ་འཇུག་སོགས་སོ།
ལེའུ་དྲུག་པ། བོད་སྐད་ཡིག་བྱ་བའི་རུ་ཁག་གི་འཛུགས་སྐྲུན་དང་དོ་དམ།
 དོན་ཚན་ཉེར་བདུན། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་བྱ་བའི་རུ་ཁག་གི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ་རྣམ་པ་མང་བསྡུ་དང་ཧུར་ཐག་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་དང༌།གསོ་སྐྱོང༌།རང་སྐྱ་འཕེར་བའི་ནུས་བ་ཡོད་པའི་བོད་སྐད་ཡིག་ལས་ཀ་བ་གསོ་སྐྱོང་བྱེད་པ། རང་སྐྱོང་ལས་ཁུངས་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་བོད་སྐད་བྱ་བའི་མི་སྣ་ཞིང་ཆེན་ཕྱི་རོལ་གྱི་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་ལ་བསྐྱེལ་ནས་གསབ་སྦྱོང་དང་མུ་མཐུད་དུ་ཤེས་བྱ་གསར་བསྒྱུར། ལས་གནས་སྤུས་ཀ་ཚད་མཐོར་གཏོང་བ།
 དོན་ཚན་ཉེར་བརྒྱད། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་བྱ་བའི་མི་སྣའི་དོ་དམ་ལ་ཤུགས་སྣོན་བྱེད་པ། དུས་ཆད་དུ་ལས་གནས་ཞིབ་དཔྱོད་ཀྱི་བྱ་བ་བསྒྲུབ་ཏེ་ཕྱོགས་ཡོངས་ནས་ཁོང་ཚོའི་སྤྲོ་འདུན་སྤེལ་བ། བོད་སྐད་ཡིག་གི་ལོ་ཙཱ་བ་ཆེད་ལས་ལག་རྩལ་པ་ཡིན་པ། རྒྱལ་ཁབ་ཀྱི་ལས་མིང་ཞིབ་དཔྱོད་གཏན་ཕབ་ལྟར། ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་རོལ་མྱོང་བྱས་ཆོག
ལེའུ་བདུན་པ། ཞར་བྱུང༌།
 དོན་ཚན་ཉེར་དགུ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རྩ་ཁྲིམས་འདི་ལག་ལེན་མཐར་ཕྱིན་བྱེད་པའི་འགན་བཞེས་རྒྱུ།
 དོན་ཚན་སུམ་ཅུ། རྩ་ཁྲིམས་འདི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ཚོགས་པས་འགྲེལ་བཤད་བྱེད་པ།
 དོན་ཚན་སོ་གཅིག། རྩ་ཁྲིམས་འདི་ཆོག་མཆན་བཀོད་པ་ནས་བཟུང་ལག་བསྟར་བྱེད་དགོས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060