སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་སྨན་ལ་ཅིའི་ཕྱིར་ནུབ་གླིང་ཟས་རིགས་ཀྱི་ཚད་གཞི་བཀོལ་དགོས།
སྤེལ་དུས། 2015-05-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཨ་གུར།
  ཟླ༣པའི་ཚེས༢༦ཉིན་བསྡུས་པའི༢༠༡༤ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའི་ཚོགས་འདུའི་སྟེང་དུ།ཀྲུང་གོ་སྤྱི་ཚོག ས་ཚན་རིག་གླིང་གི་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་།མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རིགས་ཞིབ་འཇུག་སའོ།མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་།བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་།ཀན་སུའུ་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་།སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ལྗོངས་བོད་སྨན་ཁང་བཅས་ཀྱིས་མཉམ་དུ་འགན་ཁུར་ཏེ་ལེགས་གྲུབ་བྱུང་བའི“བོད་སྨན་གྱི་བདེ་འཇགས་དང་རྒྱུ་སྤུས་ལ་ཚོད་འཛིན་བྱེད་པའི་འགག་རྩའི་ལག་རྩལ་གྱི་ཞིབ་འཇུག་དང་བཀོལ་སྤྱོད”ཅེས་པའི་རྣམ་གྲངས་ལ༢༠༡༤ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་སྔོན་ཐོན་བྱ་དགའ་ཨང་དང་པོ་ཐོབ།
  སྨན་རྫས་ཞིབ་འཇུག་གི་ཁྱབ་ཁོངས་ཀྱིས་མཚོ་སྔོན་ཞིང་ཆེན་སྔོན་ཐོན་ཚན་རྩལ་བྱ་དགའ་བླངས་པ་ཐེངས་དང་པོ་མིན་ཡང་།ཐེངས་འདིར་གཞན་དང་མི་མཚུངས་པའི་དོན་སྙིང་ལྡན།
  “བདེ་འཇགས་ཡིན་པ་དང་།ཕན་ནུས་ལྡན་པ།ཚོད་འཛིན་བྱ་ཆོག་པ་ནི་སྨན་རྫས་མ་ལག་རིགས་ཚང་མ་ཕྲད་པའི་དཀའ་ཁག་ཅིག་ཡིན།འོན་ཀྱང་སྲོལ་རྒྱུན་མི་འདྲ་བའི་སྨན་རྫས་མ་ལག་དང་འཕེལ་རྒྱས་ཀྱི་གནས་ཚུལ་མི་འདྲ་བར་གནད་དོན་ཡང་མི་འདྲ་བས་གནད་དོན་སེལ་ཐབས་ཀྱང་མི་འདྲ།”ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་དང་།མཚོ་སྔོན་ཞིང་ཆེན་བོད་སྨན་སྨན་རྫས་ཀྱི་བདེ་འཇགས་རང་བཞིན་ལ་དཔྱད་འཇོག་དང་ཞིབ་འཇུག་བྱེད་པའི་གནད་ཆེའི་དངོས་བཤེར་ཁང་གི་ཀྲུའུ་རེན་ཝེ་ལི་ཞིང་གིས་བཤད་རྒྱུར།“བོད་སྨན་ལ་རང་གི་ཐུན་མོང་མ་ཡིན་པའི་སྨན་གྱི་གཞུང་ལུགས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱབ་ལྗོངས་ཡོད་པས།བོད་ལུགས་གསོ་རིག་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ཆ་ནས།ངས་རང་གི་ཚོགས་པའི་སྣ་ཁྲིད་ནས་སྒྲུབ་དགོས་པ་ནི་དེང་རབས་ཚན་རིག་གི་བྱེད་ཐབས་སྤྱད་ནས་བོད་སྨན་གྱི་ལྐོག་གྱུར་གྱི་གདོང་རས་ཕྱེ་དགོས་པ་དེ་ཡིན།”
  “ཚད་ལྡན”དུ་བཏང་བའི་བོད་སྨན།
  “ཀྲུང་སྨན་འཛམ་གླིང་དུ་ཁྱབ་པར་གཞན་གྱིས་ལྕགས་རིགས་བསྲེས་པ་ཚད་ལས་བརྒལ་ཡོད་ཅེས་ཁས་མི་ལེན་ཞིང་།བོད་སྨན་ནང་ལོག་ཏུ་ཁྱབ་པར་ཡང་མི་མང་པོ་ཞིག་གིས་ངོས་ལེན་མི་བྱེད་དེ།བོད་སྨན་ཚང་མ་གཏེར་དངོས་སྨན་རྫས་དང་རིན་པོ་ཆེའི་རིགས་ཡིན་པས་འཐུང་མི་ཕོད་ཅེས་བརྗདཔ་རེད།”ཅེས་བོད་སྨན་གྱི་ད་ལྟའི་ཅི་བྱ་གཏོལ་མེད་ཀྱི་གནས་བབ་བརྗོད་དུས་ཐད་ཀར་དུ་དེའི་གནོད་སྐྱོན་གླེང་བྱུང་། ༢༠༡༣ལོར།ཐུན་རེང་ཐིང་གི“ཁམས་གསོ་རིལ་བུའི”དངུལ་ཆུའི་འདུས་ཚད་ཚད་ལས་བརྒལ་པ་བརྟག་དཔྱད་བྱས་ནས་ཤེས་རྗེས་ཤང་ཀང་འཕྲོད་བསྟེན་ཧྲུའུ་ཡིས་ཕྱིར་བསྡུའི་སྤྱི་བསྒྲགས་བཀྲམས།ཕལ་ཆེར་ལོ་གཉིས་འགོར་ཡོད་ནའང་ཝེ་ལི་ཞང་གིས་དོན་དེ་གསལ་བོར་དྲན་སོས་ཀྱི་འདུག དོན་རྐྱེན་དེས་ལོ་ཙི་ཧོའི་ཀྲུང་སྨན་ཚོང་རྟགས་མང་པོ་ཞིག་ལྕགས་རིགས་ཚད་ལས་བརྒལ་བའི་རྩོད་གླེང་གི་རླུང་འཚུབ་ཁྲོད་དུ་ཁྱེར།ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཀྲུང་སྨན་གྱི་འདུལ་སྦྱོང་གིས་སྨན་རྫས་ཀྱི་གྲུབ་ཆའི་དུག་གི་རང་བཞིན་ལ་ཞིབ་འཇུག་ཟབ་མོ་ཞིག་བྱས་མེད་རྐྱེན་ཚད་གཞི་མི་འདྲ་བར་ཐུག་ཚེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་སྡུག་ཡོད་ཀྱང་བཤད་དཀའ་བའི་གནས་སུ་གྱར།
  བོད་སྨན་ལ་རྒྱུན་ལོན་ཅུང་ཙམ་ཡོད་པ་ཚང་མས་བོད་སྨན་གྱི་ནང་དུ་ལྕགས་རིགས་ལྗིད་གྲས་རྒྱ་ཁྱབ་ཀྱི་བཀོལ་སྤྱོད་བྱེད་བཞིན་པ་ཤེས་ཏེ།“བཙོ་ཐལ”ནི་བོད་སྨན་གྱི་མཆོག་ཏུ་བརྩི་བཞིན་ཡོད་ཅིང་།དེའི་གསང་བ་ཡིན་པ་དང་ཕྱིར་མི་སྒྲོག་པའི་འདུལ་སྦྱོང་གི་བྱེད་སྟངས་ཀྱིས་བོད་སྨན་ལ་ལྐོག་གྱུར་གྱི་གདོང་རས་ཤིག་བཀབ་ཡོད།དོན་དངོས་སུ་དེ་ནི་སྔོན་གྱི་སྨན་པ་མིང་གྲགས་ཅན་དག་གི་ས་དུག་ལྡན་དངུལ་ཆུ་སོགས་ལ་ཁྱད་པར་ཅན་གྱི་དུག་འདོན་དང་འདུལ་སྦྱོང་བྱས་ནས་གྲུབ་བའི་ཕན་ནུས་ཁྱད་པར་བ་ལྡན་པ་ཞིག་ཡིན་ཞིང་།“མུ་ཏིག་བདུན་ཅུ”སོགས་རིན་ཆེན་རིགས་ཀྱི་བོད་སྨན་གྱི་རྒྱུ་ཆ་གཙོ་བོ་ཡིན་པས།གངས་ཅན་པ་རྣམས་ཀྱི་དེར“སྨན་གྱི་རྒྱལ་བོ”ཞེས་པའི་མཚན་སྙན་བཏགས་ཡོད།འོན་ཀྱང་སྨན་གྱི་རྒྱལ་པོ་དེའི་ལྕགས་རིགས་ཀྱི་འདུས་ཚད་ཚད་ལས་བརྒལ་ཡོད།
  བོད་སྨན་ལ་ལོ་རྒྱུས་རིང་བོ་ལྡན་ཞིང་།ལོ་ངོ་སྟོང་ལྷག་གི་ལག་ལེན་དང་བཀོལ་སྤྱོད་ཀྱི་ཁྲོད་དུ་བོད་སྨན་གྱི་སྨན་རྫས་མང་པོའི་དུག་གི་རང་བཞིན་མངོན་གསལ་བྱུང་མེད།འོན་ཀྱང་དུས་རབས་ལ་འགྱུར་ལྡོག་བྱུང་ནས་དེ་རིང་གི་དུས་འདིར་ཐོན་དུས།ཚོང་རས་བོད་སྨན་ལ་བཏོན་པའི་བདེ་འཇགས་དང་།ཕན་ནུས།རྒྱུ་སྤུས་ཚོད་འཛིན་སོགས་ཐད་ཀྱི་རེ་བ་ཉིན་རེ་བཞིན་ཇེ་ནན་དུ་འགྲོ་བཞིན་ཡོད་པས།བོད་སྨན་དམ་བུའི་སྐེད་དུམ་ལྟ་བུའི་འཕེལ་རྒྱས་ཀྱི་དུས་རིམ་ཞིག་ཏུ་བསླེབས་ཤིང་སྔོན་དུ་སྐྱོད་པར་དཀའ་ཁག་ཆེན་པོ་ཡོད།
  “ལྕགས་རིགས་ཚད་ལས་བརྒལ་བ་ནི་ཚད་གང་ལས་བརྒལ་བ་རེད་དམ།”ལོ་མང་པོར་བོད་སྨན་ལ་ཞིབ་འཇུག་བྱས་ཡོད་པའི་ཚན་རིག་པ་ཝེ་ལི་ཞིང་གིས་ཅུང་ཁོང་ཁྲོ་སྐྱེ་བཞིན“ནུབ་ཕྱོགས་ཟས་རིགས་ཀྱི་ཚད་གཞི་གཞིར་བཟུང་ནས་ང་ཚོའི་སྨན་རྫས་ལ་རེ་བ་ཏོན་པས་ད་གཟོད་གནད་དོན་འདི་འདྲའི་ཆེན་པོ་ཞིག་བྱུང་བ་རེད།”ཅེས་བརྗོད།
  “བཙོ་ཐལ”ལ་དོན་དངོས་སུ་དུག་ཡོད་དམ་མེད།
  བོད་སྨན་བཙོ་ཐལ་གྱི་ལྕགས་རིགས་ལྗིད་གྲས་ཀྱི་བདེ་འཇགས་རང་བཞིན་ལ་དཔྱད་འཇོག་བྱེད་པའི་བྱ་བ་སྒྲུབ་མགོ་བརྩམས་ནས་དུས་ཡུན་རིང་བོ་འགོར་ཡོད་དེ།དུས་རབས་སྔོན་པའི་ལོ་རབས༩༠བ་ནས་བཟུང་ཚན་རིག་པ་མང་པོ་ཞིག་བྱ་བ་འདིའི་ཁྲོད་དུ་ཞུགས་པ་རེད།
  ༡༩༥༦ལོར།འཇར་པན་གྱི་ཧྲོས་ཡེས་འགག་ནས་བྱུང་བའི་ཧྲོས་ཡོས་ནད་ཀྱི་དོན་རྐྱེན་གྱིས་དངུལ་ཆུ་མིང་མང་གིས་མཐའ་གཅིག་ཏུ་དགག་པ་རྒྱག་སའི་གནས་ཤིག་ཏུ་གྱུར།དེ་དུས་བཟོ་ལས་བཙོག་ཆུའི་ནང་ཕྱིར་ཕུད་པའི་དངུལ་མང་པོ་ཆུ་ནང་འཚོ་བའི་སྲོག་ཆགས་ཀྱིས་བཏུང་རྗེས་དེ་ཆུ་དང་འདྲེས་སླ་བའི་རྨང་ཆུལ་ཀ་བར་གྱུར།རྨང་ཆུལ་ཀ་བ་ནི་སྐྱེ་ལྡན་དངུལ་ཆུའི་རིགས་ཤིག་ཡིན་ལ།དེའི་རྐྱེན་གྱིས་ཧྲོས་ཡོས་འགག་གི་ཉ་དང་ཞ་སྨི་ལ་སྦགས་བཙོག་ཐེབས་ཤིང་།སྦགས་བཙོག་ཐེབས་པའི་ཉ་དང་ཞ་སྨི་དག་མིས་ཁ་ཟས་བྱས་རྗེས།རྨང་ཆུལ་ཀ་བའང་ཉ་དང་ཞ་སྨི་ལ་འགྲོགས་ནས་མིའི་ཁོག་པའི་ནང་དུ་ཞུགས་སྟེ།མིའི་ཀླད་པ་དང་ལུས་ཁམས་ལ་གནོད་པ་ཆེན་པོ་བཟོས་པས་འཛམ་གླིང་གི་མི་རྣམས་སྐྱི་གཡའ་བའི་ཧྲོས་ཡེས་ནད་དེ་བྱུང་བ་རེད།
  རྒྱ་སྨན་ཀྱི་ཀྲུའུ་ཧྲ་དང་བོད་སྨན་གྱི“བཙོ་ཐལ”ནང་འདུས་པའི་དངུལ་ཆུ་ནི་ཆུལ་ལྡན་མུ་ཟིའི་རྫས་འགྱུར་གྱི་རྣམ་པ་གཞན་ཞིག་ཡིན་ལ་དེ་སྐྱེ་མེད་དངུལ་ཆུའི་རིགས་ཤིག་སྟེ་ཆུ་དང་ཧ་ཅང་འདྲེ་དཀའ་བ་ཞིག་ཡིན།ཆུ་དང་ཧ་ཅང་འདྲེ་དཀའ་བ་ཞིག་ཡིན་ན་དེ་མིའི་ཁོག་པའི་ནང་དུ་འགྲོ་ཐུབ་བམ།གལ་ཏེ་མིའི་ཁོག་པའི་ནང་དུ་འགྲོ་ཐུབ་ཚེ་ཇི་ལྟར་བསྡུ་ལེན་དང་འཕོ་འགྱུར་བྱས་པ་རེད་དམ།གལ་ཏེ་ཆུལ་ལྡན་མུ་ཟི་མིའི་ཁོག་པའི་ནང་དུ་མ་སོང་གོང་ལ་དུག་མེད་པ་ཞིག་ཡིན་ན་དེ་ཁོག་པའི་ནང་དུ་ཞུགས་རྗེས་སྐྱེ་དངོས་ཕྲ་རབ་ཀྱིས་རྨང་ཆུལ་ཀ་བར་བསྒྱུར་ནས་མིའི་ལས་ཕུང་ལ་དུག་གི་ནུས་པ་ཐོན་པ་ཡིན་ནམ།དྲི་བ་འདི་དག་ནི་ཝེ་ལི་ཞིང་གི་ཚོགས་པས་ཞིབ་འཇུག་བྱེད་པའི་ཆེས་གཙོ་བོར་གྱུར་བ་དང་ཆེས་སྒྲུབ་དཀའ་བའི་གནད་དོན་ཡིན།
  “ང་ཚོའི་ཞིབ་འཇུག་གི་མཇུག་འབྲས་ནི་དེ་ཁོག་པའི་ནང་སོང་ཡོད་པ་ཤེས་པ་དེ་རེད།ང་ཚོས་སྲོག་ཆགས་ལ་ཚོད་ལྟ་བྱས་པར།ཀླད་པའི་ནང་དུ་དངུལ་ཆུ་རྙེད་ཅིང་།ཁྲག་དང་མཆིན་པ།རུས་པའི་ནང་ནས་ཀྱང་དངུལ་ཆུ་རྙེད་པ་དེས་འདྲེ་དཀའ་བའི་རང་བཞིན་ལྡན་པའི་དངུལ་ཆུ་དེ་ཁོག་པའི་ནང་དུ་སོང་ཡོད་པ་གསལ་བོར་མཚོན།འོན་ཀྱང་།དེ་རྣམ་པ་ག་འདྲ་ཞིག་གི་སྒོ་ནས་མིའི་ཁོག་པའི་ནང་དུ་ཞུགས་པར་ང་ཚོས་ད་དུང་ཞིབ་འཇུག་བྱེད་བཞིན་ཡོད།”སྐད་ཆ་བཤད་ནས་མཚམས་འདིར་ཐོན་དུས་ཝེ་ལི་ཞིང་ཧ་ཅང་དགའ་སྤྲོ་སྐྱེ་བཞིན་ཡོད།ཞིབ་འཇུག་གི་འབྲས་བུ་འདིར་བོད་སྨན་ལྕགས་རིགས་ལྗིད་གྲས་ཀྱི་བདེ་འཇགས་རང་བཞིན་ལ་དཔྱད་འཇོག་བྱེད་པའི་བྱ་བའི་ཁྲོད་དུ་དོན་སྙིང་ཆེན་པོ་ལྡན།རྒྱུན་སྤྱོད་སྒྲིག་ཆས་ཀྱིས་བརྟགས་ཐབས་མེད་པའི་ཆུལ་ལྡན་མུ་ཟི་ལ་བརྟགས་དཔྱད་བྱ་ཆེད་དུ།ཝེ་ལི་ཞིང་དང་ཁོང་གི་ཚོགས་པས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གོམ་མཚུངས་འགྱེད་འཕྲོའི་ལག་རྩལ་བཀོལ་ཏེ་ཚད་ཧ་ཅང་ཉུང་བའི་ཆུལ་གྱི་འདུ་ཚད་བརྟགས་ཐུབ་པ་མ་ཟད་ད་དུང་དེའི་རྫས་འགྱུར་གྱི་ཐོག་མའི་རྣམ་པ་ཙམ་ཞིག་ལའང་ཁ་ཚོན་བཅད་པས།གཞུག་ཕྱོགས་ཀྱི་གནད་དོན་དག་ཐག་གཅོད་པར་རྨང་གཞི་བརྟན་པོ་བཏིང་ཞིང་།དེས་ཞིབ་འཇུག་ཚོགས་པས་བོད་སྨན་གྱི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་ལྕགས་རིགས་ལྗིད་གྲས་ཀྱི་བདེ་འཇགས་རང་བཞིན་ལ་དཔྱད་འཇོག་བྱེད་པའི་ལག་རྩལ་གྱི་འཛམ་གླིང་རིམ་པའི་དཀའ་ངལ་སེལ་བ་མཚོན།
  “བཙོ་ཐལ་ལ་སྨན་པའི་མངགས་བཞིན་ལག་ལེན་གྱི་བསྟེན་ཚད་ལྟར་འཐུང་དུས་དུག་གི་རང་བཞིན་མི་ལྡན།དེ་ནི་ཞིབ་འཇུག་བྱས་ཏེ་ཐོབ་པའི་ཐོག་མའི་བསྡོམས་ཚིག་ཡིན།”ཝེ་ལི་ཞིང་གིས་དེ་ལྟར་བཤད།
  བོད་སྨན་ཚད་ལྡན་གྱི་སྟོབས་ཤུགས།
  བོད་སྨན་ལྐོག་གྱུར་ཡིན་པའི་རྒྱུ་མཚན་ནི་དེའི་གྲུབ་ཚུལ་སྣེ་མང་རྙོག་འཛིང་ཆེ་བས་ཡིན།
  “བཙོ་ཐལ”འདུལ་སྦྱོང་དང་དུག་འདོན་བྱེད་སྟངས་ལ་མཚོན་ན།མཚོ་སྔོན་དང་།བོད་ལྗོངས།ཀན་སུའུ།སི་ཁྲོན་གྱི་ས་ཆ་སོ་སོ་ཚང་མས་རང་བཞིན་གྱིས་གསང་དམ་བྱས་ཏེ་ཕྱིར་སྒྲོག་གིན་མེད།དེའི་ཁྲོད་དུ་དཔལ་འབྱོར་གྱི་རྒྱུ་རྐྱེན་ཡོད་པའང་གྲུབ་མཐའ་མི་འདྲ་བའི་བར་གྱི་རྩོད་པ་ཡིན།བཙོ་ཐལ་འདུལ་སྦྱོང་གི་ལག་རྩལ་དེ་དུས་ཡུན་རིང་བོར་གསང་བའི“ལག་རྩལ་ཁྱད་པར་བ”ཞིག་ཡིན་པའི་ཆ་ནས།དེ་དགེ་སློབ་བར་དུ་བརྒྱུད་སྤྲོད་བྱེད་ཀྱི་མེད་པས་ཆ་ལ་ལ་ནས་ཐེངས་མང་པོར་དེའི་རྒྱུན་ཆད་མྱོང་།ཉེ་རབས་ཀྱི་འདུལ་སྦྱོང་གི་ལག་རྩལ་ནི་བོད་རང་སྐྱོང་ལྗོངས་ཀྱི་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་གསོ་རིག་བསྟན་བཅོས་སུ་བཀོད་པ་ལྟར་དུ་ལོ་མང་པོའི་རིང་གི་ལག་ལེན་མཉམ་མྱོང་བརྒྱུད།དུས་རབས་གོང་མའི་ལོ་རབས༧༠བའི་སྨད་དུ་སླར་གསོ་བྱས་པ་ཡིན།སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་བོད་ཁམས་ཀྱི་ས་ཆ་སོ་སོའི་བོས་སྨན་ཁང་དུ་འདུལ་སྦྱོང་གི་ལག་རྩལ་དེ་བརྒྱུད་སྤེལ་བྱས་ཏེ།རྒྱུན་ཆད་པའི་འདུལ་སྦྱོང་གི་ལག་རྩལ་དེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་།འོན་ཀྱང་།བཙོ་ཐལ་བཟོ་བར་རྒྱུ་ཆ་མང་པོ་དགོས་པ་དང་།གོ་རིམ་རྙིང་འཛིང་ཆེ་བ།གྲུབ་མཐའ་སོ་སོའི་བར་དུ་རྩོད་གཞི་ཡོད་པ་སོགས་ནི་ཕྱི་མིའི་བློ་ཁོག་ཏུ་ཤར་དཀའ་བ་ཞིག་ཡིན་ལ།དེར་ཚན་རིག་གིས་ལེགས་སྒྲིག་དང་དབྱེ་ཞིབ་བྱས་ཏེ་འགྲེལ་གསལ་བོ་ཞིག་རྒྱག་རྒྱུ་ནི་དོན་དག་ཧ་ཅང་དཀའ་མོ་ཞིག་ཡིན།བོད་སྨན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ལྡན་ཞིང་།གཅིག་གྱུར་ཡིན་པའི་བོད་སྨན་གྱི་ཚད་གཞི་བཀོལ་ནས་བོད་སྨན་སྨན་རྫས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་བོད་སྨན་ཞིབ་འཇུག་གི་དོན་ལ་ཡོད་ཚད་ཕུལ་བའི་རྒན་རབས་པ་རྣམས་ཀྱི་ཚེ་གང་གི་རེ་འདོད་ཡིན།འོན་ཀྱང་དོན་དེ་སྒྲུབ་རྒྱུ་དེ་འདྲའི་སླ་མོ་ཞིག་གལ་ཡིན།
  “བོད་སྨན་སྨན་རྫས་ཀྱི་ཐོན་ཁུངས་གཅིག་བསྡུས་བྱེད་པ་ནི་ལས་གཞི་རྣམ་གྲངས་འདིའི་ཐོབ་བྱ་ཆེས་ཆེ་བ་དེ་ཡིན།”ཝེ་ལི་ཞིང་གིས་བཤད་རྒྱུར།“དེ་ལག་རྩལ་གྱི་གནད་དོན་ཙམ་ཞིག་མ་ཡིན་པར་ཕྱོགས་སོ་སོ་མཐུན་སྦྱོར་གྱིས་སྒྲུབ་དགོས་པ་ཞིག་ཡིན།”མཚོ་སྔོན་དང་།བོད་ལྗོངས།ཀན་སུའུ།སི་ཁྲོད་སོགས་བོད་རིགས་ཀྱི་ས་ཆ་གཙོ་བོ་འགར་མཉམ་འབྲེལ་བྱས་ཏེ་མཉམ་གཅིག་ཏུ་ལས་གཞི་རྣམ་གྲངས་སྒྲུབ་ཆེད་དུ་ཝ་ལི་ཞིང་དཀའ་ཁག་མང་པོ་ཞིག་ལ་ཕྲད་མྱོང་།འོན་ཀྱང་ཆེད་ལས་ཀྱི་ཤེས་བྱ་མཐུག་པོ་དང་ལྷད་མེད་ཀྱི་ལྷག་བསམ་གྱིས་སྡེ་ཁག་སོ་སོས་མཐའ་མར་ཝེ་ལི་ཞིང་གི་ཚོགས་པར་སྒོས་ཆེན་ཕྱེས་བྱུང་།
  “བཙོ་ཐལ”འདུལ་སྦྱོང་གི་བཟོ་རྩལ་གསེད་འགྲོལ་བྱེད་པའི་དཀའ་གནད་ནི།གཅིག་ནི་ཟུར་སྦྱོར་དངོས་རྫས་དང་།གཉིས་ནི་གོ་རིམ་ཡིན།སྲོལ་རྒྱུན་གྱི་བཟོ་རྩལ་ཁྲོད་དུ།བཙོ་ཐལ་འདུལ་སྦྱོང་བྱེད་པར་ཟུར་སྦྱོར་དངོས་རྫས༧༠ལྷག་ཡོད།བོད་སྨན་ཁང་གི་སྨན་པ་རྒན་པས་གསལ་འབྱེད་བྱས་ནས་འོས་ཚད་ལོན་པའི་ཟུར་སྦྱོར་དངོས་རྫས་ཚང་མ་ཝེ་ལི་ཞིང་གི་ཚོགས་པའི་དངོས་བཤེར་ཁང་དུ་བསྐྱལ་ཞིང་།དེང་རབས་ལག་རྩལ་གྱི་བྱེད་ཐབས་སྤྱད་ནས་དབྱེ་དགར་བྱས་ཏེ་ཐོབ་པའི་གཞི་གྲངས་ཁྲི་འབུམ་མང་པོ་ལེགས་སྒྲིག་དང་།ཕྱོགས་བསྡུས།དབྱེ་ཞིབ་བྱེད་དགོས་ཤིང་།ལས་ཀའི་ཚད་ཆེན་པོ་ཡིན་ཚད་མི་དཀྱུས་མ་ཞིག་གི་བློ་ཁོག་ཏུའང་ཤར་དཀའ།“ཟུར་སྦྱོར་དངོས་རྫས༧༠ལྷག་གི་ཁྲོད་ནས་སྲོག་ཆགས་རེ་འགའ་མ་གཏོགས་གཞན་པའི་སྐྱེ་དངོས་ཚང་མ་གསལ་བོར་ཤེས་སོང་།”ཝེ་ལི་ཞིང་གིས་གསོང་བོར་བརྗོད་རྒྱུར།སྲོལ་རྒྱུན་གྱི་འདུལ་སྦྱོང་བཟོ་རྩལ་ལ་ལུགས་མཐུན་ཡིན་ས་དང་ལུགས་མཐུན་མིན་ས་གཉིས་ཀ་ཡོད་པས་ཚན་རིག་གི་ཚད་ཐིག་བཟུང་སྟེ་གཟབ་ནན་གྱིས་འགྲེལ་བ་རྒྱག་དགོས།
  “བཙོ་ཐལ”གྱི་ཟུར་སྦྱོར་དངོས་རྫས་དང་དེའི་འདུལ་སྦྱོང་བྱེད་ཐབས་ལ་ཚན་རིག་གི་རང་བཞིན་ལྡན་པའི་འགྲེལ་བ་ཡོད་རྗེས།ཝེ་ལི་ཞིང་དང་ཁོའི་ཚན་རིག་ཞིབ་འཇུག་ཚོགས་པའི་ལས་ཀ་ནི་བོད་སྨན་ཐོན་རྫས་ཀྱི་རྒྱུ་སྤུས་ལ་ཚོད་འཛིན་བྱེད་པའི་ལག་རྩལ་གཅིག་བསྡུས་སྒོས་ཁེ་ལས་ལ་རོགས་རམ་གྱིས་ཚད་གཞི་གཏན་འབེབས་བྱས་ཏེ་བོད་སྨན་ཚད་ལྡན་ཐོན་སྐྱེད་བྱེད་དུ་འཇུག་དགོས།ཚད་ལྡན་བོད་སྨན་འདུལ་སྦྱོང་གི་སྨན་རྫས་རིགས༢༤༤ལས་གཞི་རྣམ་གྲངས་ཀྱིས་གཏན་འབེབས་དང་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུད་ཀྱིས་ཁྱབ་བསྒྲགས་བྱས་ཤིང་།ཚད་གཞི༩༧གཏན་འབེབས་དང་ཁ་ཤས་ཀྱི་ཚད་ཇེ་མཐོར་བཏང་།
  བོད་སྨན་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་།ལྷག་པར་དུ་རྒྱ་ཆེའི་བོད་ཁམས་དུ་དེར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད།ཡིན་ནའང་དེ་རྒྱལ་ཡོངས་དང་འཛམ་གླིང་དུ་ཕྱོགས་པའི་གོ་རིམ་ཁྲོད་དུ་གཞན་གྱིས་རྒྱུས་ལོན་དང་དང་ལེན་མི་བྱེད་པའི་གནད་དོན་བྱུང་།མི་རིགས་སྨན་རྫས་ཕྱོགས་ཀྱི་ཚན་རིག་པ་ཞིག་ཡིན་པའི་ཆ་ནས།ཁོའི་ལས་ཀ་ནི་ཚན་རིག་ལག་རྩལ་གྱི་བྱེད་ཐབས་སྤྱད་ནས་བོད་སྨན་གྱི་བདེ་འཇགས་དང་ཕན་ནུས།ཚོད་འཛིན་བྱ་ཆོག་པའི་རང་བཞིན་ལ་འགྲེལ་བ་གསལ་བོ་རྒྱག་རྒྱུ་དེ་ཡིན།“བོད་སྨན་གྱི་བདེ་འཇགས་དང་རྒྱུ་སྤུས་ཚོད་འཛིན་བྱེད་པའི་གནད་ཆེའི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད”ལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་སྔོན་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་ལ།དེ་ནི་བོད་སྨན་སྨན་རྫས་ལ་ཞིབ་འཇུག་བྱས་པའི་ལོ༢༠ཉེ་བའི་རིང་ལ་བླངས་པའི་གྲུབ་འབྲས་ཡིན།འོན་ཀྱང་བོད་སྨན་སྨན་རྫས་ཀྱི་ཕན་ནུས་རང་བཞིན་ལ་རིགས་སྒྲུབ་ཞིབ་འཇུག་བྱེད་པ་མགོ་བརྩམས་མ་ཐག་ཙམ་ཡིན།
  “ཡུན་རིང་བོར་འདང་རྒྱབ་ན།ང་ཚོས་བོད་སྨན་གྱི་ལྕགས་རིགས་ལྗིད་མོའི་གནད་དོན་ཐོག་ནས་གལ་ཏེ་མུ་མཐུད་དུ་ཐོལ་བརྒལ་བྱ་ཐུབ་ཚེ།བོད་སྨན་སྨན་རྫས་ཐོན་ལས་གྲངས་ཀ་མང་པོ་ཞིག་གིས་འཕར་ཐུབ།”ཝེ་ལི་ཞིང་གིས་བཤད་རྒྱུར།“ང་ཚོས་ཚན་རིག་ལག་རྩལ་གྱི་བྱེད་ཐབས་སྤྱད་ནས་བོད་སྨན་ཀྱི་བདེ་འཇགས་དང་།ཕན་ནུས།ཚོད་འཛིན་བྱ་ཆོག་པའི་གནད་དོན་ལ་གསལ་འགྲེལ་ཡག་བརྒྱབ་ཚེ།བོད་སྨན་ལ་འཕེལ་རྒྱས་ཀྱི་དཔྱིད་གསར་ཤར་འོང་།”
  ཁ་བྱང་ཕྱི་མོ། བོད་སྨན་ལ་ཅིའི་ཕྱིར་ནུབ་གླིང་ཟས་རིགས་ཀྱི་ཚད་གཞི་བཀོལ་དགོས།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060