སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྡིག་པའི་ཉོ་ཚོང་དང་དམངས་ཁྲོད་དགེ་རྩ།
སྤེལ་དུས། 2015-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་མོ།
    སྲིད་གཞུང་ལྟ་བུའི་སྟོབས་དང་ལྡན་པའི་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་མེད་པའི་དམངས་ཁྲོད་ཀྱི་དགེ་རྩའི་ལས་དོན་ལ་ལྟ་སྐུལ་དང་དོ་དམ་ལེགས་པོ་ཞིག་དགོས་པ་ནི་སྨོས་མེད་རེད། ང་ཚོས་བྱམས་སྙིང་རྗེ་དང་ལྡན་པའི་སྒོ་ནས་ཉམས་ཐག་ཚོ་ལ་དོ་སྣང་བྱ་དགོས་པ་མ་ཟད། ཉེན་རྟོག་པ་བཞིན་ཞལ་འདེབས་སུ་ཕུལ་བའི་དདུལ་སྐར་ལི་རེ་རེའི་འགྲོ་ཕྱོགས་ཀྱང་མིག་གིས་འཚོ་དགོས།
  ཉིན་ཤས་གོང་ལ་གསར་ལམ་ཁག་ཏུ་ཁྱབ་པའི་གསར་འགྱུར་ཞིག་ལྟར་ན། ཀོང་ཞི་ཞིང་ཆེན་གྱི་པེ་སེ་སློབ་གསོ་རོགས་སྐྱོར་དྲ་བའི་གསར་བཏོད་པ་ཝང་ཅེ་ཡིས་ལོ་མང་པོའི་རིང་ལ་སྤྱི་ཕན་གྱི་ཕྱི་ཚུལ་འོག དགེ་རྩའི་ལས་ཀ་ནི་ཉེས་པ་གསོག་པའི་ཚོང་ལས་སུ་བསྒྱུར་ཞིང་། གཞན་གྱིས་ཕུལ་བའི་ཞལ་འདེབ་མང་པོ་རང་གིས་འགྲོ་སོང་དུ་སྤྱད་པ་མ་ཟད། རོགས་དངུལ་སྤྲོད་པའི་གླགས་དང་བསྟུན་ནས་བུ་མོ་ལོ་ཆུང་ལ་ལོག་གཡེམ་གྱི་སྦྱོར་བ་སྤེལ་ཡོད། དེ་ལས་ཀྱང་སྡུག་ཤོས་ཤིག་ནི་རོགས་སྐྱོར་སྤྲོད་ཡུལ་བུ་མོ་ཚོ་ཉམས་ཐག་མགོན་མེད་ཡིན་པ་དང་། མགོ་སྐོར་ལ་སླ་བ་ཤེས་པས། དེ་ཚོ་དབང་དུ་བཀོལ་ནས་ཀོང་ཏུང་དང་།ཧྲང་ཧེ། ཅང་ཞི་སོགས་ཀྱི་ཚོང་དཔོན་མང་པོའི་འདོད་པ་བསྐངས་ཤིང་དངུལ་བསགས་ནས་སྡིག་པ་ཕོན་ཆེན་གསོག་པའི་ཉོ་ཚོང་ཞིག་ཆགས་པར་བྱས་ཡོད་པ་རེད། 
  དོན་དག་འདི་ལ་མནོ་བསམ་བཏང་ན་འདི་ལྟ་སྟེ། གལ་སྲིད་ཝང་ཅེ་ལ་དགེ་རྩའི་དྲ་བ་ཞེས་པའི་ཕྱི་གོས་འདི་མེད་པ་ཡིན་ན་ཉེས་པ་གསོག་པའི་ལམ་ཡང་འདི་འདྲ་འགྲོ་བདེ་མོ་ཞིག་ཡིན་མི་སྲིད་པ་ངེས་ཅན་རེད། ཁོས་བུ་མོ་དེ་ཚོར་གནོད་བསྐྱལ་བ་མ་ཟད། བུ་མོ་འདི་དག་གི་ལས་དབང་ལ་སེམས་ཁུར་བྱ་བའི་བྱམས་སེམས་ཀྱི་ཐིགས་པ་རེ་རེར་གནོད་བསྐྱལ་བ་རེད། ལྷག་པར་དུ་དེང་སང་དམངས་ཁྲོད་ཀྱི་དགེ་རྩའི་སྟོབས་ཤུགས་ཧ་ཅང་ཞན་པའི་སྐབས་སུ། འདི་ལྟ་བུའི་གཡོ་སྒྱུའི་བསླད་པའི་དགེ་རྩའི་ལས་ཀ་བྱུང་བས། ཀུན་གྱི་རེ་བ་དང་ཡིད་ཆེས་སྟོང་ཟད་དུ་གཏོང་བ་མ་ཟད། དགེ་རྩ་དང་སྤྱི་ཕན་བསྒྲུབ་འདོད་པའི་མི་ཚོའི་སེམས་ཤུགས་ཀྱང་བརླག་པར་བྱེད། 
  དགེ་རྩའི་ལས་དོན་གྱི་སྣེ་གཅིག་ནི་མི་རེ་རེའི་སེམས་ཀྱི་བྱམས་པ་དང་མཐུད་ཡོད་ལ། སྣེ་གཅིག་ནི་དབུལ་ཕོངས་དང་ན་ཚ། བྱུར་ངན་སོགས་རོགས་རམ་མཁོ་བའི་ཉམས་ཐག་དང་འབྲེལ་ཡོད། དགེ་རྩའི་ལས་དོན་ནི་བྱམས་སྙིང་རྗེ་ཡི་བརྒྱུད་ལམ་ཞིག་ཡིན་ཞིང་། དགེ་རྩའི་ལས་ཀ་བ་ཚོས་འགན་འཁུར་གཙོ་བོ་ཞིག་ནི་བྱམས་སེམས་སྐྱེལ་འདྲེན་བྱེད་པ་སྟེ། སྤྱི་ཚོགས་ཀྱི་གྲུ་ཁ་སོ་སོ་རུ་ཁ་ཐོར་དུ་ཡོད་པའི་བྱམས་སེམས་ཀྱི་ཟེགས་མ་རེ་རེ་ཕྱོགས་གཅིག་ཏུ་བསྡུས་ནས། ཕྱིར་དེ་དག་མཁོ་བའི་མི་རེ་རེའི་ལག་ཏུ་དགྲམ་རྒྱུ་དེ་རེད། དེའི་ཕྱིར་དགེ་རྩའི་ལས་དོན་པ་ཚོར་མ་གཞི་ནས་གཞན་ལས་ཅུང་ཁྱད་དུ་འཕགས་པའི་གཞན་ཕན་དང་རོགས་རམ་སོགས་ཀྱི་དགེ་མཚན་དང་མཚན་སྙན་གྱི་འོད་ཀོར་ཞིག་གིས་སྤྲས་ཡོད་ལ། མི་རྣམས་ཀྱིས་ཁོ་ཚོ་ལ་ཡིད་ཆེས་རྨ་མེད་པ་ཞིག་སྤྲོད་བཞིན་ཡོད། དུས་མཚུངས་སུ་སྐྱོན་དང་ནག་ནོག་ཕྲ་མོ་ཙམ་ཡང་ཡོང་མི་ཆོག་པའི་གཙང་སྨེ་ཡི་ལྟ་ཚུལ་ཅུང་དོག་པོ་ཞིག་ཀྱང་བཅིངས་ཡོད་པ་རེད། 
འོན་ཀྱང་དགེ་རྩ་ལས་ཀ་ནི་ཐོག་མཐའ་ཀུན་དུ་ནག་ནོག་དང་བྲལ་བ་ཞིག་མིན་པར། དེའི་བར་དུ་ཆེས་མི་བརྟན་ཞིང་མི་གསལ་བའི་མི་གཤིས་ཞེས་པ་དེས་བར་ཆོད་ཡོད་པ་ཀུན་ལ་གསལ་ཆ་ཡོད། གལ་ཏེ་མི་གཤིས་ནི་ཅུང་ཟད་ཁ་མི་གསལ་བའི་རྩོམ་རིག་གི་བརྡ་ཆད་ཅིག་དང་འདྲ་ན་ང་ཚོས་དེ་ལ་སྤྱི་ཚོགས་ཀྱི་བྱ་སྤྱོད་ཅེས་ཟེར་ཡང་ཆོག སྤྱི་ཚོགས་རིག་པའི་ངོས་ཐད་ནས་བལྟས་ན་དགེ་རྩ་དང་སྲིད་གཞུང་གི་ལས་ཀ་གཉིས་ནི་རིགས་མཐུན་པ་ཡིན་ཏེ། མཐར་དེད་ན་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་ཀ་ཞིག་རེད། དེའི་འཁོར་སྐྱོད་དང་ལག་ལེན་གྱི་ནུས་པ་ཐོན་པའི་ཐབས་གཅིག་པུ་ནི་དོ་དམ་རིག་པ་ནང་ལྟར་མི་གཤིས་ཀྱི་ཞན་ཆ་ལ་གཡོལ་ཐབས་དང་། ལེགས་ཆ་སྤེལ་ཐབས་བྱ་རྒྱུ་རེད། དྲང་མོར་བཤད་ན་གཞུང་གི་དགེ་རྩ་དང་དམངས་ཁྲོད་ཀྱི་དགེ་རྩ་གཉིས་ཀར་རང་རང་གི་སྐྱོན་དང་དགེ་མཚན་ཡོད་ཅིང་། གཞུང་གི་དགེ་རྩ་ནི་སྤྱིར་བཏང་ཆ་རྐྱེན་ཅུང་མཐོ་ཞིང་།འཁོར་སྐྱོད་ཀྱི་འགྲོ་སོང་མཐོ་བ་ཡོད་མོད། མང་ཤོས་ཅུང་བརྟན་འཇགས་དང་ཚད་ལྡན་ཡོང་གི་ཡོད། 
  ལམ་ལུགས་ལེགས་པོ་ཞིག་གིས་མི་ངན་པ་ཞིག་བཟང་བོར་སྒྱུར་ཐུབ་ལ། ལམ་ལུགས་སྡུག་པོ་ཞིག་གིས་མི་བཟང་བོ་ཞིག་ངན་པར་སྒྱུར་ཐུབ། དགེ་རྩའི་ལས་དོན་ཡང་འདི་ལས་མ་འདས་ཏེ། དོ་དམ་ནན་མོ་ཡིན་པའི་དམངས་ཁྲོད་ཀྱི་དགེ་རྩའི་སྡེ་ཁག་རེ་འགའི་ལས་ཕྱོད་མཐོན་པོ་བྱུང་ཡོད། འོན་ཀྱང་ལ་ལ་ནི་ནུས་པ་དང་འཇོན་ཐང་མེད་ནའང་ཉ་ཉུང་མཉམ་འདྲེས་སུ་གྱུར་ཡོད་པས། གཞི་ནས་ཝང་ཅེ་ལྟ་བུའི་རྒྱུས་ཡོད་ཀུན་གྱིས་ཁ་ན་མི་ངན་དུ་འུར་བའི་མི་དེ་འདྲའང་དགེ་རྩའི་དཔུང་སྡེ་ལ་ཞུགས་ཤིང་སྦྱོར་བ་ངན་པས་གཞན་ལ་གཙེས་ཡོད་པ་རེད། 
  གནད་དོན་འདི་ལྟ་བུ་བྱུང་དུས། ང་ཚོས་ཡིད་ཆད་ཀྱི་ཤུགས་རིང་འབྱིན་ཞིང་། དགེ་རྩའི་ལས་ཀ་སྤྱི་ལ་ཁོ་ཐག་ཆད་རྒྱུ་མ་ཡིན་པར། སླར་ཡང་ཡིད་ཆེས་དང་ལྡན་པའི་ངང་དགེ་རྩའི་ལས་ཀ་ལ་མིག་བཤེར་དང་། གཞུང་ཕྱོགས་ཀྱི་སྟོབས་ཤུགས་མེད་པའི་དམངས་ཁྲོད་ཀྱི་དགེ་རྩ་ལ་ལྟ་སྐུལ་དང་སེམས་ཁུར་གཉིས་ཀ་མ་ལྷོད་པ་བྱས་ན་གོང་གྱི་དོན་དག་དེ་འདྲ་གཏན་འགོག་ཐུབ་ངེས་རེད། མདོར་ན་ང་ཚོས་གོང་དུ་བརྗོད་ཟིན་ནང་ལྟར་ང་ཚོས་བྱམས་སྙིང་རྗེའི་སེམས་དང་ལྡན་པའི་ངང་མགོན་མེད་ཉམས་ཐག་མིག་གིས་འཚོ་དགོས་པ་མ་ཟད། ཉེན་རྟོག་པ་བཞིན་ཞལ་འདེབས་སུ་ཕུལ་བའི་དདུལ་སྐར་ལི་རེ་རེའི་འགྲོ་ཕྱོགས་ཀྱང་མིག་གིས་འཚོ་དགོས་སོ།།
    ཁ་བྱང་ཕྱི་མོ། སྡིག་པའི་ཉོ་ཚོང་དང་དམངས་ཁྲོད་དགེ་རྩ།
(རྩོམ་འགན་པ། བསྟན་འཛིན)
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070