སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཉམས་མྱོང་ལས་བྱུང་བའི་མ་བུ་བདེ་སྲུང་སྐོར་གྱི་སྔོན་འགྲོའི་རྒྱུན་ཤེས་ལག་ལེན་སྐོར།
སྤེལ་དུས། 2016-09-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྐྱ་རེངས།
___ཟིན་བྲིས་འདིས་མི་སུ་དང་གང་ལ་ཕན་སྤུ་རྩེ་ཙམ་ཐོག་ན་དེ་དག་གིས་རང་དགར་སྤྱོད་ཆོག
          ང་ཚོས་ནམ་ཡང་བུད་མེད་ཀྱི་བདེ་ཐང་ལ་ཡིད་འཇོག་དང་དོ་སྣང་བྱེད་དགོས་ཤིང་། མི་རིགས་འདིའི་བག་ཆགས་དང་སྲོལ་རྒྱུན་དེའི་འོག་ནས་བུད་མེད་ཀྱི་བདེ་ཐང་ཟེར་བ་དེ་ངོ་ཚ་ཞིག་དང་གླེང་རིན་མེད་པ་ཞིག་ཏུ་མི་འཛིན་པར་འཚལ། དེ་ཡང་འདིར་བུད་མེད་ཨ་མ་གསར་བ་ཞིག་ལ་མངལ་སྦྲུམ་པའི་ཐོག་མཐའ་བར་གསུམ་ལ་མ་བུ་བདེ་སྲུང་གྱི་སྔོན་འགྲོས་རྒྱུན་ཤེས་ལག་ལེན་ལས་བྱུང་བའི་ཉམས་མྱོང་ཉུང་ཟད་བཀོད་ཡོད། 
          ཕྲུ་གུ་མངལ་ན་ཡོད་པའི་རིང་གི་ཨ་མའི་རྒྱུན་ཤེས། 
༡ མངལ་སྦྲུམ་མ་ཐག་ནས་ཐོག་མའི་ཟླ་གསུམ་རིང་ལ་ཁྱོ་ག་དང་ལུས་འབྲེལ་མི་བྱེད་ཅིང་། འགུལ་སྐྱོད་དྲག་པོ་མི་བྱེད། རྒྱུ་མཚན་ནི། ཐོག་མའི་ཟླ་གསུམ་རིང་ལ་ཨ་མར་ཤ་མ་ཆགས་མེད་པས་མངལ་ཤོར་བའི་ཉེན་མི་འབྱུང་ཕྱིན་ཡིན། 
༢ མངལ་སྦྲུམ་པའི་རིང་ལ་ཨ་མས་སྔོ་ཚལ་དང་ཤིང་ཏོག་མང་ཙམ་བཟའ་དགོས་ལ། སུར་པན་དང་ཁ་ཚ་བའི་རིགས་གཏན་ནས་མི་བཟའོ། ། 
༣ རྒྱུན་དུ་ཁོང་ཁྲོ་མི་ལངས་ཤིང་། རོལ་དབྱངས་སྙན་མོར་ཉན་ནས་སེམས་ལྷོད་པར་ཆགས་ནས་འདུག་དགོས། 
༤ མངལ་སྦྲུམ་པའི་རིང་གདོང་ལ་རྫས་སྤུད་རྒྱུ་དང་རྒྱབ་མཐུལ་མཐོ་བའི་ལྷམ་མི་གྱོན། 
༥ མངལ་སྦྲུམ་པའི་རིང་ལ་ཁྱོ་གས་སེམས་གསོ་དང་ཐུགས་ཁུར། རྒྱུན་དུ་ཁ་བརྡ་བྱེད་ཅིང་། བསམ་བློ་བརྗེ་རེས་བྱེད་རྒྱུ་གལ་ཆེ་བ་དང་། རྒྱུན་དུ་ཕྱི་རོལ་ལ་ཆམ་ཆམ་དུ་འགྲོ་ཞོར་ལ་མཉམ་དུ་མ་འོངས་པའི་འཚོ་བར་འཆར་གཞི་འཐེན་རྒྱུ་དང་སྐྱིད་ཀྱིས་ཁེངས་པའི་མདུན་ལྗོངས་གླེང་རྒྱུ་མཁོའོ། ། 
༦ དུས་ལྟར་སྨན་ཁང་དུ་ཕྱིན་ནས་མངལ་གྱི་གནས་སྟངས་ལ་བརྟག་དཔྱད་བྱེད་དགོས་ཤིང་། “叶酸”བཏུང་ནས་ཕྲུ་གུ་ཡ་མ་གཟུགས་སོགས་སུ་མི་ཡོང་བར་སྔོན་འགོག་བྱེད་དགོས་སོ། ། 
          ཕྲུ་གུ་མ་སྐྱེས་སྔོན་ལ་གྲ་སྒྲིག་ཅི་ཞིག་བྱེད་དགོས། 
༡ ཨ་མས་གྱོན་རྒྱུའི་གསང་དོར་མང་ཙམ་གྲ་སྒྲིག་བྱེད་དགོས་ཤིང་། ཕྲུ་གུ་སྐྱེས་མ་ཐག་ནས་བཟུང་ཉིན་རེར་ཐེངས་བཞི་ནས་ལྔ་བར་བརྗེ་དགོས། 
༢ ཕྲུ་གུར་གཟུགས་པོ་བཀྲུ་སའི་ཀ་ཏོ་ར་ཆེ་བ་དང་ཆེད་སྤྱོད་རས་དག་མའི་ཨ་ཅོར་ཉུང་མཐར་གཉིས་གྲ་སྒྲིག་བྱེད་དགོས་ཤིང་། དེ་ནི་ཕྲུ་གུ་སྐྱེས་མ་ཐག་ཏུ་མཁོ་བ་ཡིན། 
༣ རས་དག་མའི་ཆབ་གདན་མང་པོ་མཁོ་ལ། དེ་ནི་གསར་བ་གསར་རྐྱང་ཡིན་དགོས་པའི་ངེས་པ་མེད་ཅིང་། ཁྱིམ་མིའི་གོས་ནང་འཇམ་རྙིང་པ་དག་ལས་རས་ངོ་མ་ཡིན་པ་སྐོར་ཞིག་ལ་གཙང་བཀྲུ་བདེ་བཅོས་བྱས་ནས་སྤྱོད་ཐུབ་ན་ད་དུང་དེས་ཀྱང་བཟང་། མི་མང་ཆེ་ཤོས་ཀྱིས་དཀའ་ལས་རྒྱག་མི་འདོད་ཕྱིར་ཚོང་ར་ནས་ཤོག་བུའི་འཕོང་སྟན་ཉོས་དེ་བཀོལ་བའང་མཐོང་རུང་། ཉམས་མྱོང་གིས་ར་སྤྲོད་བྱས་པ་ལྟར་ན་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་གྱི་པགས་པ་ཤིན་ཏུ་སྙི་བས། ཤོག་བུ་སྤྱོད་པ་ནི་ཡག་ཤོས་སུ་མི་སྣང་བ་མ་ཟད། ང་ཚོའི་བོད་པ་ཚོ་ནི་དེ་ལས་ཀྱང་གཙང་སྤྲ་དང་འཕྲོད་བསྟེན་ལ་དོན་སྣང་མི་ཆེ་ཕྱིན། མ་མཐའ་ཡང་སྐྱེས་མ་ཐག་གི་ཕྲུ་གུར་ཤོག་བུའི་ཆབ་གདན་མ་སྤྱོད་ན་ལེགས། 
༤ ཕྲུ་གུར་ཞ་མོ་འཇམ་ཤ་དོད་པ་ཉུང་མཐར་གཉིས་གྲ་སྒྲིག་བྱེད་དགོས་ཤིང་། དེ་ནི་སྐྱེས་མ་ཐག་ནས་ངེས་པར་དུ་གྱོན་དགོས། 
༥ ཉལ་ཐུལ་ཆུང་ཆུང་ཉུང་མཐར་གསུམ་ཙམ་གྲ་སྒྲིག་བྱེད་དགོས་ཤིང་། དེ་ཡང་དུས་ཚིགས་ཀྱི་དྲོད་གྲང་ལ་བལྟས་ནས་མཐུག་སྲབ་བརྗེ་དགོས། 
༦ ཁ་ཞིང་ཅུང་ཆེ་བའི་དཀྲིས་ཐག་ཞིག་གྲ་སྒྲིག་བྱེད་དགོས་ཤིང་། དེ་ནི་ཕྲུ་གུ་ཆབ་གདན་དང་ཉལ་ཐུལ་ལ་བཅུག་རྗེས་སྡོམ་བྱེད་ཡིན་ལ། ཁ་ཞིང་ཆེ་ན་ཐག་པ་བསྡམ་པའི་ཚ་སྣང་དེ་མེད་ཕྱིར་ཕན། 
༧ ཕྲུ་གུར་གཙོ་བོ་ནང་འཇམ་གྲ་སྒྲིག་བྱེད་དགོས་ཤིང་། དེའི་ནང་ནས་ཀྱང་ནང་དོར་མང་ཙམ་མཁོ་སྟེ། དེའི་རྒྱུ་མཚན་ཡང་། ཕྲུ་གུས་ནང་དོར་དུ་དུས་ཚོད་ངེས་མེད་དུ་གཅིན་པ་ཤོར་བ་དང་། དེ་དག་བཀྲུས་ནས་ཕྱིར་རོལ་དུ་ཉི་མར་ལྡེ་དགོས་ཀྱང་། ནང་དོར་མང་ཙམ་མེད་ན་འཚམས་རེར་ཉི་མ་མི་འཆར་བའམ་ཆར་དང་ཁ་བ་སོགས་ཉིན་ཁ་ཤས་རིང་མདུད་མར་བབ་ན། འཕྲལ་མར་ཕྲུ་གུར་ནང་དོར་བརྗེ་མི་ཐུབ་པའི་གནས་ཚུལ་འབྱུང་བས་ཡིན། ཕྲུ་གུ་སྐྱེས་ནས་ཉུང་མཐར་ཟླ་གསུམ་ཙམ་མ་ལོན་པར་ཕྲུ་གུའི་ཆབ་གདན་དེ་འཕྲལ་མར་གཙང་བཀྲུ་བྱེད་དགོས་པ་ལས། “ང་ཚོ་བོད་པའི་ཕྲུ་གུར་དེ་འདྲ་རྒྱ་ལྟར་བྱེད་དགོས་དོན་མེད་”་ཟེར་བཞིན་ཆབ་གདན་རེ་གཅིན་ཤོར་ཐེངས་གསུམ་བཞི་ལ་མི་འཁྲུ་བར་སྐམ་ཙམ་སྐམ་ཙམ་གྱིས་སླར་ཕྲུ་གུར་སྤྱད་ནས་མ་འདུག གཅིན་དེ་ཉི་མདང་མེ་འོད་འོག་བཙན་སྐམ་བྱས་ན་རས་དེ་ལམ་སང་རྩུབ་མོར་ཆགས་ཤིང་། ཕྲུ་གུའི་པགས་པར་རྨ་བཟོ་བ་དང་། ཤིན་ཏུ་མི་སྐྱིད་པའི་སྣང་བ་སྟེར་བ་ནི་ང་ཚོས་ལག་པས་རེག་ཙམ་གྱིས་ཚོར་ཐུབ་པ་ཡིན་ལ། ཁྱོད་ནི་རང་གི་བུ་རྒྱུད་ལ་དུང་ཞིང་། ཁྱོད་ཀྱི་ལག་པ་ཆད་མེད་པས། ཕྲུ་གུ་འཚར་ལོངས་ཡག་པོ་ཡོང་ཆེད་གཙང་སྤྲར་གོམས་པར་བྱོས། དེ་ནས་ཕྲུ་གུ་ཟླ་བ་བཞི་ཙམ་ལ་སླེབས་དུས་གལ་ཏེ་གཙང་སྤྲར་འབད་ཐུབ་ན་ཤོག་བུའི་ཆབ་གདན་དེ་སྤྱོད་ཀྱང་གནོད་པ་ཆེར་འབྱུང་བར་མ་མཐོང་མོད། ཆེས་ཡག་ཤོས་ནི་རྒྱུན་དུ་རས་ཀྱི་ཆབ་གདན་སྤྱོད་ཅིང་། སྐབས་རེར་ཕྱི་རོལ་དུ་དུས་ཚོད་ཁ་ཤས་རིང་འགྲོ་དགོས་བྱུང་ཚེ་ཆབ་གདན་བརྗེ་རྒྱུར་སྟབས་མི་བདེ་བ་སོགས་འབྱུང་ན་ཤོག་བུའི་ཆབ་གདན་སྤྱོད་ཀྱང་ཆོག  ཤོག་བུའི་ཆབ་གདན་ཉུང་སྤྱོད་བྱས་ན་ཕྲུ་གུའི་བདེ་ཐང་ན་ཁག་ཐེག་ཐུབ་པ་མ་ཟད། འགྲོ་སོང་ཡང་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ་བོ། ། 
༨ འཇིབ་རུ་(ཕྲུ་གུའི་འོ་མ་ནུ་སའི་སྣོད་ལ་ཟེར)དང་ཕྱེ་མ་ཀ་ར། ནུ་མགོ་སྙི་མོ་མང་ཙམ་གྲ་སྒྲིག་བྱེད་དགོས་ཤིང་། ཕྲུ་གུ་སྐྱེས་མ་ཐག་ལ་ཆུ་ཁོལ་ནང་དུ་ཕྱེ་མ་ཀ་ར་ཅུང་ཙམ་བླུགས་ནས་དྲོད་གྲང་སྙོམས་པོར་ཆགས་རྗེས་ལྡུད་པ་དང་། དེའི་འཕྲོར་མ་འོ་ནུ་རུ་བཅུག་ན་བཟང་། 
༩ ཕྲུ་གུར་ཆེད་སྤྱོད་ཀྱི་སྔས་འགོ་ཞིག་དགོས་ཤིང་། ཉལ་དུས་མགོ་འོག་ལ་མཐོ་དམན་རན་པ་ཞིག་བྱས་ནས་བཞག་ན་སྐེ་གཡོན་ཅན་སོགས་སུ་མི་འགྱུར་བའི་དགེ་མཚན་ཡོད་མོད། མགོ་དང་སྐེ་བར་སྟོང་ཆ་ཆེ་བཏོད་ནས་གླེན་རྟགས་མི་སྟོན་རོགས། 
༡༠ ཕྲུ་གུར་ཆེད་སྤྱོད་ཀྱི་སེན་གཏུབ་(སེན་མོ་གཏུབ་བྱེད་)ཞིག་གྲ་སྒྲིག་བྱེད་དགོས་ཤིང་། གཅེས་ཕྲུག་གཉིད་ལ་ཉུར་ཚེ་དུས་ལྟར་སེན་མོ་གཏུབ་ནས་རང་ངོ་རང་གིས་རྨ་མི་བཟོ་བར་བྱེད་དགོས། 
༡༡ ཉུང་མཐར་རྐང་འབོབ་དང་ལག་ཤུབ་ཆུང་ཆུང་ཆ་གཉིས་གསུམ་གྲ་སྒྲིག་བྱེད་དགོས། 
༡༢ ཕྲུ་གུ་མ་སྐྱེས་གོང་ནས་ཕྲུ་གུའི་གྱོན་ཆས་གསར་བ་ཚང་མ་གཙང་བཀྲུ་བྱས་ནས་ཉི་མའི་ཚ་ཟེར་འོག་ལྡེ་དགོས་ཤིང་། ཕྲུ་གུ་སྐྱེ་ཁར་མཉམ་དུ་གྲ་སྒྲིག་བྱེད་དགོས་པ་ཡིན། 
          ལྷག་པར་དུ་ཡིད་འཇོག་བྱེད་དགོས་པའི་སྐོར། 
༡ ཕྲུ་གུ་མ་ཁོག་ནས་སྐྱེས་ནས་མ་མཐའ་ཡང་ཟླ་གསུམ་ཡན་ཆོད་ལ་ཨ་མའི་རུམ་ནས་མ་ཉལ་བར་མ་རྒན་གྱི་ཉལ་ཁྲིའི་འཁྲས་སུ་ཉལ་ཁྲིའམ་ཉལ་ས་ཆུང་ཆུང་ཞིག་བཟོས་ནས་ཁ་མ་ཕྱོགས་སུ་འཁོར་ནས་ཉལ་ན་ལེགས་ལ། དེ་ཡང་འབྲོག་ཁུལ་གྱི་ཉམས་མྱོང་མེད་པའི་ཨ་མ་ལོ་ཆུང་ཁ་ཤས་ཀྱིས་རང་གི་ཕྲུ་གུ་སྐྱེས་མ་ཐག་ནས་རུམ་དེ་ཉལ་བས། མཚན་མོ་གཉིད་ལ་ཡོར་ཚེ། ལག་འོག་དང་ལུས་འོག་ཏུ་མནན་པ་དང་དབུགས་བསུམ་ནས་བསད་པའི་ལོ་རྒྱུས་སོགས་མང་པོ་བཤད་རྒྱུ་ཡོད་པས། ཤིན་ཏུ་ནས་ཀྱང་གཟབ་དགོས་སོ། ། 
༢ མཚན་མོ་མལ་ལ་ཉལ་སྐབས་ཕྲུ་གུའི་ཐག་ཉེ་སར་འོད་མདངས་ལྷོད་པོའི་གློག་ཞིག་གསལ་བར་བྱེད་ཅིང་། གཅེས་ཕྲུག་གི་མིག་ཆུང་ཆུང་པོར་མི་གནོད་པར་མུན་ནག་གི་འཇིགས་པ་བསལ་ཐབས་ཤིག་མཚན་གང་པོར་གསལ་བར་བྱས་ནས་འཇོག་དགོས་པ་དང་། དེ་ནི་ཁྱིམ་གྱི་གློག་ཆེ་བ་དེ་མིན་པར་ཉལ་སའི་སྔས་མགོར་སྤྱོད་པའི་གློག་དེ་ཡིན་དགོས་ལ། དེས་ཕྲུ་གུའི་ཁ་བསུམ་གྱིན་ཡོད་མིན་དང་ཚ་བ་རྒྱག་གི་ཡོད་མིན་སོགས་ལ་འཕྲལ་མར་ལྟ་ཐུབ་པ་ཡིན། དེ་ཡང་འགྲོ་སོང་ལ་གྲོན་ཆུང་ཡོང་ཆེད་སྒོར་ཉི་ཤུ་སུམ་ཅུ་ཡས་མས་ཀྱི་གློག་གསོག་ནུས་པ་ཡོད་པའི་གློག་སྒྲོན་ཞིག་བེད་སྤྱོད་བཏང་ན་ཡག་པོ་ཡོད་དེ། དེ་ནི་ཉིན་མོ་གློག་བསག་ཆོག་ཅིང་། ནུབ་མོ་རང་གི་དགོས་མཁོ་དང་བསྟུན་ནས་གློག་གི་གསལ་ཚད་ཆེ་ཆུང་གང་འདོད་དུ་བཏང་ཆོག་པས། ཆེས་བཟང་བའི་ཐབས་ཤེས་ཡིན་ནོ། ། 
༣ སྐྱེས་མ་ཐག་པའི་ཕྲུ་གུར་ལུས་དྲོད་ཤིན་ཏུ་གཉོམ་པས། ཁྱད་པར་བོད་ཀྱི་ས་ཁུལ་དུ་དགུན་དུས་གཙོ་བྱས་ཐོག་ཕྲུ་གུའི་ལུས་དྲོད་ཡག་པོ་ཡོང་ཆེད་ཆུ་དྲོན་ཁུག་མ་(འབྲོག་སྐད་ལ་ཆུ་སྲོས་འཇོག་ཟེར་བ་དེ་ཡིན)གཉིས་གོས་ཀྱིས་ལེགས་པར་བཏུམ་ཞིང་། ཕྱིར་མི་ཟེགས་པ་བྱས་ནས་མལ་དུ་གཅེས་ཕྲུག་གི་རྐང་པ་ཆུང་ཆུང་གཉིས་ཀྱི་འོག་ཏུ་དུགས་དགོས་ལ། ཆུས་ཚ་དྲོད་གང་འདྲ་ཡིན་མིན་དང་། ཕྱིར་ཟེགས་མིན་ལ་ཡང་ནས་ཡང་དུ་ལྟ་དགོས་པ་དང་། གྲང་མོར་ཆགས་ན་བརྗེ་དགོས། ཡིན་ཡང་དགོས་མཁོར་གཞུག་ནས་བེད་སྤྱོད་ཡག་པོ་གཏོང་པ་ལས། ཁོ་བོས་འདིར་དེ་འདྲ་བཤད་འདུག་ཟེར་གིན་དགོས་པ་མེད་སར་གླེན་རྟགས་མ་སྟོན། ། 
༤ རྒྱུན་ལྡན་གནས་ཚུལ་འོག་ཕྲུ་གུ་ངུ་བ་ནི་ནུ་མ་ནུ་དགོས་པ་དང་ཆབ་གདན་བརྗེ་དགོས་རྟགས་ཡིན་ཅིང་། དེ་བཞིན་དུས་ཐོག་ཏུ་ལས་དེ་དག་བསྟར་དགོས་པ་ཡིན། 
༥ ཕྲུ་གུའི་ལུས་ལ་ཚ་བ་རྒྱག་གི་ཡོད་མེད་ནི་རྒྱུན་ལྡན་བརྟག་དགོས་པའི་གནས་ཤིག་ཡིན་ཅིང་། ཚ་བ་བྱུང་ཚེ་ལམ་སང་སྨན་པར་སྟོན་དགོས། 
༦ སྐྱེས་མ་ཐག་པའི་ཕྲུ་གུར་མ་མཐའ་ཡང་ཟླ་དྲུག་གི་རིང་མ་འོ་སྣུན་རྒྱུ་ནི་ཕྲུ་གུ་འཚར་ལོངས་ཡག་པོ་ཡོང་ཆེད་དང་ནད་ཡམས་འདྲ་མིན་ལ་སྔོན་འགོག་གི་ནུས་པ་ལྡན་ཆེད་ཡིན་ལ། ཕྲུ་གུའི་ཨ་མའི་ནད་འགོག་གི་ནུས་པར་སྐྱེད་རྒྱག་གི་ཡོད། གལ་ཏེ་ཐབས་འདྲ་མིན་སྤྱད་ཀྱང་ཕྲུ་གུས་ཨ་མའི་ནུ་མ་མི་ནུ་ན་ཅི་བྱེད་དགོས་སམ་ཟེར་ན། ར་འོ་དང་བ་འོ་གཉིས་ཀྱང་ཟླ་དྲུག་མ་ལོན་པའི་ཕྲུ་གུར་ཕན་པ་ཆེ་སྟེ། ར་འོ་ནི་སྤྱིར་བཏང་མ་འོ་ལྟར་འཚོ་བཅུད་འདྲ་མིན་ཡོད་པར་བཤད་ཅིང་། བ་འོ་ནི་འབྲི་དང་མཛོ་མོའི་འོ་མར་ལྟར་འོ་བྲི་ཆེ་ལ་བཅུད་མི་ཐེག་པའི་འོ་མ་ཞིག་མིན་ཕྱིན། ཕྲུ་གུ་འདིའི་ཟླ་ཚོད་ལ་ཤིན་ཏུ་འཕྲོད་པའི་སྣང་བ་ཞིག་ཡོད་པ་རང་གི་བུ་རྒྱུད་ཀྱི་སྟེང་ནས་བྱུང་བའི་ཉམས་མྱོང་གིས་ར་སྤྲོད་བྱུང་བས་འདིར་བཀོད་པ་ཡིན་ལ། དེ་མིན་འབྲི་དང་མཛོ་མོའི་འོ་མ་བཏུང་རྗེས་ཕྲུ་གུར་རྩོག་པ་གཏོང་མི་ཐུབ་པ་དང་། རྩོག་པ་ནི་ཝུ་བས་ཁེངས་བའི་ནམ་པར་འདུག་པ་འདིའང་འོ་མ་བཅུད་ཆེ་དྲག་པའི་རྒྱུ་མཚན་གྱིས་བསྐྱེད་པ་ཡིན། གཞན་ཡང་འོ་ཕྱེ་སོགས་སྤྱོད་དགོས་བྱུང་ཚེ། “配方婴儿奶粉”ཟེར་བ་དེ་སྨན་པས་ཡང་ཡང་ངོ་སྤྲོད་བྱེད་ཀྱིན་འདུག 
༧ ཉིན་མཚན་ནམ་ཡིན་ཡང་རང་གི་ཁྱིམ་ན་ཡོད་པའི་ཁྱི་དང་བྱི་ལས་ཕྲུ་གུའི་གདོང་ལ་སྤར་མོ་འདེབས་པའི་ཉེན་ཁར་གཟབ་དགོས་ཤིང་། ཆེས་ཡག་ཤོས་ཡིན་ན་ཕྲུ་གུ་ཡོད་སར་ཁྱི་དང་བྱི་ལ་སོགས་ཀྱི་སྲོག་ཆགས་མེད་ན་ལེགས་སོ། ། 
༨ ཉི་འོད་དང་གློག་འོད་ཐད་ཀར་ཕྲུ་གུའི་མིག་ལ་དྲག་འཕྲོ་བྱེད་དུ་བཅུག་ན་མིག་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཡོད། 
༩ ཕྲུ་གུར་འོ་མང་པོ་བྱས་ན་ཁ་ཆུ་མང་པོ་བཞུར་བའི་གནས་ཚུལ་འབྱུང་བར་བཤད། 
༡༠ ཕྲུ་གུར་གྲོགས་པོའམ་གཉེན་ཉེས་གྱོན་ཆས་གསར་བ་སྦྱིན་མཁན་ཡོད་ན། དེ་དག་གི་ངོས་ན་ཁབ་ཆུང་ཆུང་ཡོད་པའི་གནས་ཚུལ་འབྱུང་བས། དེ་ལ་ཡང་ནས་ཡང་དུ་གཟབ་གཟབ་བྱས་ནས་མེད་པར་བཟོ་དགོས། 
༡༡ ཡག་ཤོས་ཡིན་ན་གཅེས་ཕྲུག་གི་གྱོན་ཆས་དག་འདག་རྫས་(肥皂)ཀྱིས་བཀྲུས་ན་མཆོག་ཡིན། 
༡༢ ཉིན་རེར་གཅེས་ཕྲུག་གི་ལུས་ཡོངས་རྫོགས་ཆུ་འཇམ་པོས་གཙང་བཀྲུ་རེ་བྱས་ནས་ལུས་པོ་སྐམ་པོར་གནས་བར་བྱས་ཤིང་། ལྷག་པར་དུ་སྐེའི་མདུན་རྒྱབ་དང་མཆན་འོག སྒྱིད་ཁུང་། བརླ་བར། རྩོག་པ་ཡོང་ས་སོགས་ཚང་མ་གཙང་བཀྲུ་བྱེད་ལ། རླན་མེད་པའི་འོག་རྨ་སོགས་མི་འབྱུང་བ་བྱེད་དགོས། དེ་མིན་རྩོག་པ་སོགས་བཏང་ཚར་འཕྲལ་ཆུ་འཇམ་པོས་ལམ་སང་གཙང་བཀྲུ་བྱེད་དགོས་པ་མ་ཟད། པགས་ལ་རྨ་མི་འབྱུང་ཆེད་རས་སྐམ་པོས་འཕྲོར་མཐུད་ནས་གཙང་མ་བཟོ་ཞིང་། ཐལ་བ་ཉུང་ཙམ་གྱིས་ཁུག་ཚང་མ་གཙོར་བྱས་ནས་སྐམ་པོར་བཟོ་དགོས། དེ་ཡང་ཞིང་འབྲོག་ས་ཁུལ་ནས་བུད་ཤིང་སོགས་ཀྱི་ཐལ་བའི་ནང་དུ་སོལ་བ་སོགས་མཁྲེགས་དངོས་མེད་པར་བྱས་ནས་ཐལ་ཁུག་ལུས་འོག་ཏུ་བཞག་ནས་རླན་སྔོན་འགོག་བྱེད་ཅིང་། ཐལ་བ་ཐད་ཀར་སྤྱད་ནས་ལུས་སྐམ་པོའང་བཟོས་ཆོག
༡༣ ཕྲུ་གུ་སྐྱེས་མ་ཐག་གི་ཉིན་ཁ་ཤས་ནང་སྙིང་གི་འཕར་ཚད་གང་འདྲ་དང་ལུས་ལ་འབྲུམ་པུ་སོགས་ཡོད་ན་ཅི་བྱེད་དགོས་སྨན་པར་འདྲི་དགོས། 
༡༤ མལ་དུ་ཕྲུ་གུ་ཁ་ཕྱོགས་མང་པོར་བརྗེས་ནས་ཉལ་དུ་འཇུག་དགོས་པ་ལས། ཉིན་མཚན་ཀུན་དུ་ཁ་ཕྱོགས་གཅིག་ཁོ་ནར་བསྐོར་ནས་ཉལ་དུ་འཇུག་རྒྱུ་མེད། 
          ཨ་མས་གྲ་སྒྲིག་བྱེད་དགོས་པ་ཁ་ཤས།  
༡ ཞྭ་མོ་དྲོན་པོ་ཞིག་གྲ་སྒྲིག་བྱེད་དགོས། 
༢ ཤོག་བུའི་ཆབ་གདན་ཆེན་པོ་མང་ཙམ་ཉོས་ནས་གྲ་སྒྲིག་བྱེད་དགོས་ཤིང་། དེ་ནི་ཕྲུ་གུ་སྐྱེས་རྗེས་མལ་དུ་ཨ་མའི་ལུས་འོག་ཏུ་སྤྱོད་ཅིང་། སྐྱེ་ལམ་ནས་གཤེར་ཟེགས་འབབ་སར་བཀོལ་བ་ཡིན། 
༣ གཙང་ཤོག་ཆེ་བ་འགའ་གྲ་སྒྲིག་བྱེད་དགོས། 
༤ གལ་ཏེ་ཕྲུ་གུ་སྐྱེ་ལམ་བརྒྱུད་ནས་སྐྱེས་མ་ཐུབ་ན། ཨ་མས་མལ་དུ་ཉུང་མཐར་ཉིན་གཉིས་ལ་སྔས་མགོ་མི་འཇོག
༥ བཟའ་ཚྭ་ཁུག་མ་ཆུང་ཆུང་གཅིག་གྲ་སྒྲིག་བྱེད་དགོས་ལ། གལ་ཏེ་གཤེགས་བཅོས་ཀྱི་ཐབས་བརྒྱུད་ནས་ཕྲུ་གུ་སྐྱེས་ན། སྨན་པས་མཛུབ་ཁྲིད་ལྟར་ཚ་ཁུག་དེ་རྨ་ཐོག་གནོན་བྱེད་དུ་སྤྱོད་དགོས། 
༦ ཨ་མར་ཆེད་སྤྱོད་ཀྱི་ཆབ་རྫ(གཅིན་གཏོང་སྣོད། )་ཞིག་གྲ་སྒྲིག་བྱེད་དགོས། (ཀ་ཏོ་ར)
༨ ནང་དོར་ཅུང་ཆེ་བ་མང་ཙམ་གྲ་སྒྲིག་བྱེད་དགོས། 
          ཨ་མའི་ཞལ་ཟའི་སྐོར། 
          ཕྲུ་གུ་སྐྱེས་མ་ཐག་ནས་ཟླ་གཅིག་ཙམ་རིང་ལུས་པོ་ཡོངས་རྫོགས་ཤིན་ཏུ་ཞན་པའི་ནམ་པར་གནས་པས། འཚོ་བཅུད་ཡག་ཤོས་ཀྱི་ཟ་མ་སྐོར་ཞིག་ཟོས་ན་ཕན་པ་ཆེ། དེ་ཡང་འདིར་དཔེར་ཙམ་དུ་ཁ་ཤས་བཀོད་ན་འདི་ལྟ་སྟེ། 
          འོ་མ་དང་ཞོ།  བྱ་སྒོང་། དཀྲུག་ཇ། ཕག་རྐང་དང་སྲན་རྒན་དཀར་པོ། ཟོག་ཤ་ཞིབ་ཞིབ་ཀྱི་ཁུ་བ་སོགས་ལྟ་བུ་དཔེའོ། ། 
          ཞར་བྱུང་། 
༡ སྤྱིར་བོད་རང་ལ་སྲོལ་རྒྱུན་གྱི་བུ་རྒྱུད་གཉོར་སྟངས་གང་ཡག་ཡོད་ངེས་ཀྱང་། འདིར་ཁོ་བོས་གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཉམས་མྱོང་ཁྲོད་ནས་བྱུང་བའི་རྒྱུན་ཤེས་དེས་གསར་དུ་ཨ་མར་འགྱུར་བའི་ལོ་ཆུང་ཕོ་མོ་ཚོར་དཔེ་ལེན་སའི་རྒྱུན་ཤེས་ཙམ་དུ་འགྱུར་ཆེད་བྲིས་པའི་ཟིན་བྲིས་འདིས་ཁྱོད་ཀྱི་བཟའ་ཚང་གང་པོར་བདེ་སྐྱིད་སྐྲུན་པར་ཤོག་ཅིག
༢ ཟིན་བྲིས་འདིར་བློ་ཕུད་དང་ཉམས་མྱོང་འདོན་མཁན་གྱི་ལས་གྲོགས་བློ་བཟང་གཡང་འཛོམས་ལགས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716