སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་གསོ་བ་རིག་པའི་མཚན་ཉིད་དང་དེའི་དགེ་མཚན་རང་བཞིན་ལ་ཅུང་དཔྱད་པ།
སྤེལ་དུས། 2017-11-08   ཡོང་ཁུངས།    རྩོམ་པ་པོ།  གཡུང་དྲུང་ཚེ་རིང་།
དང་བོ། གླེང་གཞི་བཤད་པ།  
          འཛམ་གླིང་གི་ཡང་རྩེ་འབོད་པའི་བོད་གངས་ཅན་གྱི་ལྗོངས་འདི་ཉིད་གནའ་སྔ་མོའི་དུས་ནས་བཟུང་རང་བྱུང་ཁོར་ཡུག་གི་བཀོད་པ་ལེགས་ཤིང་རྩྭ་ཆུ་ཕུན་སུམ་ཚོགས་པ་དང་རི་རབ་དང་གངས་ཆེན།  མཚོ་དང་མཚེའུ་ལ་སོགས་པའི་ཡོངས་སུ་བསྐོར་བ།  ཨ་གར་དང་ཙན་དན།  ཤུག་པ་ལ་སོགས་པའི་རང་བྱུང་གི་ཤིང་སྨན་མང་བོ་ཡོད་པ་མ་ཟད།  ཁོད་ཡངས་ཤིང་ཕ་མཐའ་མི་མངོན་པའི་སྤངས་ཐང་དང་མེ་ཏོག་སྣ་ཚོགས་བཞད་པ།  ཁྱད་པར་དུ་རི་བོ་ཐམས་ཅད་ཤིང་ནགས་ཀྱིས་ཁེངས་ཤིང་བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་བར་མེད་སྒྲོག་པ་དང་སྟག་དྲེད་དོམ་གསུམ་ལ་སོགས་པའི་གཅན་གཟན་བག་ཡེངས་ངང་རྒྱུ་བ།  ཤ་བ་དང་གླ་བ།  གཙོད་དང་འབྲོང་ལ་སོགས་པའི་རི་དྭགས་ཁྱུ་དང་ཁྱུ་བྱས་ནས་འགྲོ་བའི་རང་བྱུང་གི་ཡུལ་གྲུ་བཟང་ཞིང་ཁྱད་པར་དུ་འཕགས་པ་ཞིག་ཡིན།  དེར་བརྟེན་གནས་དེ་ལ་འཚོ་ཞིང་བཞུགས་པའི་བོད་རིགས་མི་དམངས་རྣམས་ཀྱང་རང་བཞིན་གྱི་ངང་རྒྱུད་དྲང་ཞིང་རང་རྒྱུད་བཟང་བ་དང་བློ་རིག་ཆེ་ཞིང་དཔའ་མཛངས་ལྡན་པ།  སྙིང་རྗེ་ཆེ་ཞིང་ལས་བརྩོན་པ།  ཁྱད་པར་མི་རིགས་གཞན་གྱི་རིག་གཞུང་གི་སྙིང་བཅུད་ལེན་པར་མཁས་པའི་མི་རིགས་ཡ་རབས་ཞིག་ཡིན་ལ་ཁོང་ཚོས་གནའ་སྔ་མོ་དུས་ནས་བཟུང་རང་བྱུང་གི་འཇིགས་སྣང་སྣ་ཚོགས་ལ་འཐབ་རྩོད་དང་བཀག་འགོག་བྱེད་པའི་བྱ་རིམ་ཁྲོད་དུ་བྱ་དངོས་གསར་གཏོད་དང་བྱས་རྗེས་མང་པོ་བཞག་ཡོད་པ་དཔེར་ན་སྤང་ཐང་ཞིང་དུ་རྨོས་ནས་གྲོ་ནས་སྲན་གསུམ་བྱུང་བ་དང་འབྲོང་རྐྱང་དགོ་གསུམ་ཁྱིམ་དུ་བཀུགས་ནས་རྟ་ནོར་ལུག་གསུམ་བྱུང་བ།  བལ་རྩིད་འཐག་དུ་འཁེལ་ནས་མགོ་སྦྲ་དང་རས་གོས་བྱུང་བ།  རྩྭ་རྩི་ཤིང་དང་སྔོ་མེ་ཏོག་ལ་སོགས་པའི་འབྱུང་བར་ཞིབ་འཇུག་གནངས་ནས་ཕན་གནོད་དང་སྨན་དུག་དབྱེ་བ།  ཤེས་དཔལ་རིག་གསུམ་གྱི་སྙིང་བོ་བླངས་ནས་སྒྲ་ཚད་བཟོ་གསོ་ལ་སོགས་པའི་རིག་གནས་བྱུང་བ།  ལྕགས་བཟོ་དང་ཤིང་བཟོ།  རྡོ་བཟོ་ལ་སོགས་པའི་ལས་རིགས་ཆེད་ལས་བྱུང་བ།  གླུ་དང་གར།  རྩེད་རིག་ལ་སོགས་པའི་དམངས་ཁྲོད་སྒྱུ་རྩལ་བྱུང་བ།  དུང་དང་དྲིལ་བུ།  གླིང་བུ་ལ་སོགས་པའི་རོལ་མོའི་རོལ་ཆས་བྱུང་བ།  རྟ་རྒྱུགས་དང་མདའ་འཕེན།  ཐག་འཐེན་ལ་སོགས་པའི་རྩེད་མོའི་རྩེད་འཚར་བྱུང་བ་སོགས་ཤིན་ཏུ་མང་།  འདི་ལྟར་ང་ཚོའི་མེས་པོ་ཚོས་ཁྲག་དང་རྔུལ་གྱི་ཐིགས་པ་ལས་བསགས་པའི་ཤེས་རིག་རྣམ་པ་མང་ལ་གཏིང་ཟབས་ཅིང་རྒྱ་ཆེ་པ།  མཐའ་མེད་པ།  དཔང་མཐོ་ཞིང་རབ་ཏུ་ལྕི་བས་ན་འཛམ་གླིང་གི་མཁས་དབང་དང་ཞིབ་འཇུག་པ་མང་པོའི་ཞིབ་འཇུག་དང་རྟོགས་དཔྱོད་གནང་ཡུལ་ད་གྱུར་ཡོད་པ་རེད།  དེར་ཡང་སྒྲ་རིག་པ་དང་བཟོ་བ་རིག་པ།  གསོ་བ་རིག་པ་དང་ནང་དོན་རིག་པ།  ཚད་མ་རིག་པ་ལ་སོགས་པའི་རིག་གནས་ཆེ་བ་ལྔ་དང་སྙན་ངག་དང་མངོན་བརྗོད།  ཟློས་གར་དང་དཀར་རྩིས།  སྡེབ་སྦྱོར་ལ་སོགས་པའི་རིག་གནས་ཆུང་བ་ལྔ་སྟེ་རིག་གནས་ཆེ་ཆུང་བཅུ་རུ་དབྱེ་ཡོད་པ་ལས་སྒྲ་རིག་པ་ནི་མིང་ཚིག་ངག་གསུམ་གྱི་དག་ཆ་གསལ་བར་སྟོན་པའི་རིག་གཞུང་ཞིག་ཡིན་ཏེ་དེང་སྐབས་མཁས་དབང་མང་བོའི་སུམ་རྟགས་དག་གསུམ་ལ་བཞད་པ་དང་ནང་དོན་རིག་པ་ནི་ནང་སེམས་ཁམས་ཉིད་འདུལ་བར་བྱེད་པའི་གཞུང་ལུགས་ཤིག་ཡིན།  ཚད་མ་རིག་པ་ནི་དངོས་ཡོད་ཀྱི་དོན་དག་གང་ཡིན་པ་རྣམས་རིག་པའི་སྒོ་ནས་ནོར་འཁྲུལ་མེད་ཅིང་ཡང་དག་པར་གཏན་ལ་འབེབས་བྱེད་ཀྱི་རིག་གཞུང་ཞིག་ཡིན་པ་དང་།  གསོ་བ་རིག་པ་ཞེས་པ་ནི་ནད་ཀྱི་རྒྱུ་རྐྱེན་དང་དབྱེ་བ།  རྟགས།  བཅོས་ཐབས་སོགས་ཞིབ་ཕྲའི་སྒོ་ནས་ཟིན་བྲིས་སུ་བཀོད་པའི་གཞུང་ལུགས་ཤིག་ཡིན།  བཟོ་བ་རིག་པ་ནི་བཟོ་ལས་ཀྱི་རིག་པ་ཞིག་ཡིན་ཏེ་དེ་ལའང་ལུས་བཟོ་དང་ངག་བཟོ་ཡིད་བཟོ་གསུམ་དུ་བཤད་ཡོད།  དེ་དག་ལ་རྨོངས་བཤད་དང་ཉོག་བཤད།  གླེན་བཤད་དང་ལོག་བཤད་སོགས་གཏན་ནས་མ་མཆིས་བར་ཚིག་ངག་གི་ཤེས་པ་གྲོལ་ཞིང་སྨྲ་བརྗོད་ཀྱི་སྒོ་མོ་ཕྱེས་པ།  རབ་རིབ་དང་མོག་མོག་གི་དྲི་མས་མ་གོས་པ།  དགོས་པའི་མཚན་མ་མང་ཞིང་རྟོགས་པའི་ལྟ་བ་མཐོ་བ།  གདམས་པའི་མན་ངག་ཟབས་ཅིང་ལུང་དང་རིག་པས་བརྒྱན་པ།  ཤེས་པ་མཐའ་དག་གི་སྙིང་བཅུད་བསྡུས་པ།  ཁྱད་པར་དུ་བྱམས་དང་སྙིང་རྗེ་རྩ་བར་བཟུང་ནས་འགྲོ་དྲུག་སེམས་ཅན་མཐའ་དག་བདག་ཉིད་གཅིག་དུ་ལྟ་བ།  ཐ་མལ་པའི་སྐྱེ་བོ་སུ་ཡིན་རུང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ཆོག་པ།  བདག་གཞན་གྱི་དབྱེ་བ་མེད་པ་སོགས་མདོར་ན་སེམས་ཁམས་གཙོ་བོར་བཟུང་ཞིང་སྒོ་གསུམ་འཇུག་པའི་སྤྱོད་པ་དྲང་བོར་སྟོན་པ་ཞིག་གོ།  དེའི་གོ་དོན་ནི་མིའི་རིགས་ཀྱི་ཤེས་དཔལ་བློ་གསུམ་གྱི་སྙིང་བོ་བསྡུས་ལེན་བྱས་ནས་ཟིན་བྲིས་སུ་བཀོད་པའམ་ཡང་ན་བྱ་དངོས་གང་རུང་ཞིག་གསར་གཏོད་བྱས་པའི་བརྒྱུད་རིམ་དང་ཕན་ནུས།  བཀོལ་སྟངས་སོགས་མིའི་རིགས་ལ་གསལ་བཤད་གནངས་ནས་ཟིན་བྲིས་སུ་བཀོད་པའི་བརྩམ་ཆོས་དག་ལ་བྱ་བ་དང་དེ་ལའང་ཕྱི་གླིང་གི་རིག་པའི་གཞུང་ལུགས་དང་བོད་ཀྱི་རིག་པའི་གཞུང་ལུགས།  རྒྱའི་རིག་པའི་གཞུང་ལུགས་སོགས་པའི་མི་རིགས་ཀྱི་དབྱེ་པའི་རིག་གཞུང་དང་མཚན་ཉིད་རིག་པ་དང་རྫས་འགྱུར་རིག་པ།  དངོས་ལུགས་རིག་པ།  ལོ་རྒྱུས་དང་རྣམ་ཐར་ལ་སོགས་པའི་དུས་ཀྱི་དབྱེ་བའི་རིག་གཞུང་སོགས་ཤིན་ཏུ་མང་ངོ་།  སྤྱིར་རིག་པའི་གཞུང་ལུགས་ཤིག་ཡིན་ན་དེ་ལ་ལོ་རྒྱུས་ཀྱི་གནས་བབ་དང་དུས་རབས་ཀྱི་རང་བཞིན།  གོ་རྟོགས་ཀྱི་འདུ་ཤེས་སོགས་ཡོད་པ་མ་ཟད།  ཆོས་ཉིད་རང་བཞིན་དང་མི་རིགས་རང་བཞིན་སོགས་ཀྱང་ཡོད།  སྒོས་སུ་རིག་པའི་གཞུང་ལུགས་ཤིག་ཡིན་ན་དེ་ལ་དེ་འཚམས་ཀྱི་ཞེན་ཆ་དང་རྟོགས་བཟོ་སྒྲོ་བཏགས་ཀྱི་ཆ་སོགས་ཀྱང་ལྡན་པ་རེད།  འཛམ་གླིང་གི་རིག་པའི་གཞུང་ལུགས་གང་དང་གང་ཞིག་ཡིན་རུང་དེ་ཉིད་ལ་རང་ཉིད་ཀྱི་ཁྱད་ཆོས་དང་དགོས་མཚན་ཡོད་ལ་གནས་ལུགས་དང་དབྱེ་བ།  མཚན་ཉིད་དང་ནང་དོན་སོགས་ཀྱང་མི་གཅིག།  ཡིན་ནའང་རིག་པའི་གཞུང་ལུགས་དེ་ཉིད་ཀྱི་ནང་དོན་ཆ་ཚང་མིན་དང་དགོས་མཚན་ཡོད་མིན་དེ་རིག་པའི་གཞུང་ལུགས་དེ་ཉིད་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མ་ཡིན་ཏེ་རིག་གཞུང་དེ་ཉིད་རྩོམ་མཁན་དང་དེ་ཉིད་གནས་སའི་ཁོར་ཡུག་དང་ཡུལ་མི་རྣམས་ལ་འབྲེལ་ཡོད་དེ།  རིག་པའི་གཞུང་ལུགས་དེ་ཉིད་དང་པོ་རྩོམ་པ་པོའི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་གང་བརྗོད་པར་འདོད་པའི་མཚན་བྱང་དེ་ཉིད་ཀྱི་ནང་དོན་དང་རྩ་བའི་དབྱེ་བ།  གནས་ལུགས་གསལ་བཤད།  དགོས་པའི་མཚན་མ་སོགས་ཡིད་ལ་བྱང་ཆུབ་དགོས་པ་དང་།  གཉིས་པ་དེ་ཉིད་བརྩམས་པའི་རྩ་བའི་ཐབས་ལམ་དང་དམིགས་ཡུལ།  ཁ་ཕྱོགས་སྙིང་བསྡུས་སོགས་ས་གནས་དེ་གའི་ཁོར་ཡུག་ཡུལ་ལྗོངས་དང་བསྟུན་ཅི་ཐུབ་གང་སྟོན་གང་ཐུབ་མ་བྱས་ན་གཞུང་གི་ངོ་བོ་ཡལ་བའམ་ཡང་ན་དྲི་མ་བྲལ་བ་ཡིན་པས་ནང་དོན་དང་དགོས་མཚན་ཅི་ཡང་མེད་པ་རེད།  དེ་བས་རིག་པའི་གཞུང་ལུགས་ཤིག་ཡིན་ཚེ་ངེས་པར་དུ་ཁོར་ཡུག་ཡུལ་ལྗོངས་དང་ཡུལ་མིའི་གོམས་གཤིས་སོགས་ལ་དོ་སྣང་བྱ་དགོས།  ང་ཚོ་བོད་ཀྱི་རིག་གཞུང་ཞིག་ལ་མཚོན་ནས་བཤད་ནའང་བོད་ཡུལ་དང་བོད་མི།  ཡུལ་སྲོལ་གོམས་གཤིས་སོགས་ལ་ཁ་བྲལ་མི་རུང་།  གལ་སྲིད་དེ་དག་དང་ཁ་བྲལ་ཚེ་རིག་གཞུང་གི་ངོ་བོ་ཡལ་བ་ཡིན་ནོ།  འཛམ་གླིང་དུ་མིང་དུ་གྲགས་པའི་རིག་གཞུང་བརྩམ་ཆོས་མཐའ་དག་རྩོམ་པོ་པོའི་ཤེས་བྱའི་ཆུ་ཚད་མཐོ་བ་དང་ཁོར་ཡུག་དང་ཡུལ་མིའི་ཞིབ་འབྲི་ཟབས་པ།  རྟོགས་བཟོ་དང་གསར་གཏོད་ལེགས་པ་སོགས་ཀྱིས་ཁྱད་ཆོས་ལྡན།  ང་ཚོ་བོད་ལ་མཚོན་ནའང་གཞུང་བརྩོམ་པ་ལ་དུས་བཀག་རིམ་པ་གསུམ་བརྒྱུད་དགོས་པ་སྟེ་དང་བོ་སྐྱོར་སྦྱང་གི་དུས་རིམ་དང་གཉིས་པ་ལུང་རིག་འཆད་སྦྱིན་གྱི་དུས་རིམ།  གསུམ་པ་རིག་ལམ་དམ་བཅའ་མཐར་ཕྱིན་གྱི་དུས་རིམ་སྟེ་འདི་གསུམ་ཡོངས་སུ་བརྒྱུད་ཚར་ན་ད་བཟོད་གཞུང་བརྩམ་ཆོག།  ཡིན་ནའང་ད་ལྟ་སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་རྩོམ་རིག་བརྩམས་ཆོས་བརྩོམ་པ་ལ་ཤེས་བྱའི་ཆུ་ཚད་དང་བློ་སྦྱོང་དུས་རིམ་གྱིས་བཀག་རྒྱ་མེད་པར་སྐྱེས་རྒན་གཞོན་དང་བློ་རབ་འབྲིང་གང་གིས་གཞུང་བརྩམ་ཆོག་པ་ཞིག་ཏུ་སྣང་།  སྣང་ཚུལ་འདི་ཡིས་བོད་ཀྱི་རྩོམ་རིག་བརྩམས་ཆོས་དང་གཞུང་ལུགས་འཕེལ་རྒྱས་འགྲོ་བར་བཀག་འགོག་ཆེན་པོ་བཟོས།  དུས་ཀྱི་དབྱེ་བའི་རིག་གཞུང་ལའང་དེང་རབས་རིག་གཞུང་དང་ཉེ་རབས་རིག་གཞུང་།  གནའ་རབས་རིག་གཞུང་གསུམ་དུ་དབྱེ་བ་དང་རྣམ་པའི་ཆ་ནས་རིག་གཞུང་གསར་བ་དང་སྲོལ་རྒྱུན་རིག་གཞུང་གཉིས་སུ་དབྱེ་བ་ལས་མཚན་ཉིད་རིག་པ།  རྫས་འགྱུར་རིག་པ།  དངོས་ལུགས་པ་དང་ཕྱི་གླིང་གསོ་རིག་ལ་སོགས་པ་ནི་དེང་རབས་རིག་གཞུང་གི་ཁོངས་སུ་གཏོགས་ཤིང་སྒྲ་དང་ཚད་མ།  བཟོ་དང་གསོ་ལ་སོགས་པ་ནི་སྲོལ་རྒྱུན་རིག་གཞུང་གི་ཁོངས་སུ་གཏོགས་པ་རེད།  དེ་ལས་བོད་ལུགས་གསོ་རིག་ནི་བློ་གྲོས་ཀྱི་མཁྱེན་རྒྱ་ཡངས་ཤིང་ཤེས་བྱ་རིག་གནས་ཀྱིས་ཕྱུག་པའི་རང་རེའི་བོད་ཀྱི་སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱིས་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་དང་ཞིབ་འཇུག་བྱེད་པའི་བྱ་རིམ་ཁྲོད་དུ་ནད་ཐོག་གི་ཉམས་མྱོང་མང་པོ་བསགས་ནས་མི་རབས་ནས་མི་རབས་བར་ལ་བརྒྱུད་སྤྲད་པའི་ངག་ཐོག་གི་གསོ་རིག་དང་རྒྱ་གར་ནག་དང་བལ་ཡུལ་ལ་སོགས་པའི་གསོ་རིག་གི་སྙིང་བོའི་ཡང་སྙིང་བསྡུས་ལེན་བྱས་པའི་ཡིག་ཐོག་གི་གསོ་རིག་གཉིས་མཉམ་གཅིག་ཏུ་ཕྱོགས་བསྡོམས་གནང་ནས་བརྩམས་པ་ཞིག་ཡིན་ལ་དེ་ཉིད་ལ་ད་བར་དུ་མ་མཐའ་ཡང་ལ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱའི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གསོ་རིག་ཅིག་ཡིན་ཞིང་འཛམ་གླིང་གི་རིག་གནས་ཁྲོད་དུ་མཚན་སྙན་གྱི་འོད་སྟོང་འབར་ཞིང་རྒྱལ་ཁབ་དང་མཁས་པ་མང་བོས་ཞིབ་འཇུག་དང་དབྱེ་ཞིབ་བྱེད་བཞིན་པའི་རིག་གཞུང་གི་མ་ལག་གལ་ཆེན་ཞིག་ཡིན་པ་མ་ཟད།  བོད་རིག་པའི་ཁྲོད་དུའང་མེད་དུ་མི་རུང་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ།  དེ་ནི་འབྱུང་བ་རིག་པའི་རྣམ་བཤད་གཙོ་བཟུང་ཞིང་ཆགས་གནས་འཇིག་གསུམ་དང་འཕེལ་ཟད་འཁྲུགས་གསུམ་གྱི་སྣང་ཚུལ་གསལ་སྟོན་བྱེད་པའི་རིག་གཞུང་ཞིག་ཡིན་པས་ལྟོས་པ་ཙམ་གྱི་གོ་དཀའ་ཞིང་གསང་བའི་གདམས་པ་ཞིག་ཏུ་སྣང་།  འདིར་དེ་ཉིད་ཀྱི་དགོས་མཚན་དང་མཚན་ཉིད་རང་བཞིན་ལ་ཅུང་ཙམ་དཔྱད་པར་བྱའོ།  །  
གཉིས་པ། བོད་ལུགས་གསོ་རིག་གི་ལོ་རྒྱུས་རྒྱབ་ལྗོངས་སྐོར་བཤད་པ།  
          དེ་ཡང་གནའ་སྔ་མོ་སྔ་མོའི་དུས་སུ་བོད་ཡུལ་འདི་ཉིད་ཕ་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་རིམ་གྱིས་ཧ་མ་ལ་ཡ་དང་ཇོ་མོ་གླིང་མ་ལ་སོགས་པའི་རི་བརྒྱུད་རྣམས་ཡར་སྐྱེས་པ་དང་བསྟུན་ནས་ཆུ་རྣམས་ཀོང་ཀོང་དུ་བཞུར་ཞིང་རིམ་གྱིས་ས་ཡི་ཁམས་ཆེན་པོ་འདི་ཉིད་ཆགས་པ་དང་དེ་ནས་ཡུན་རིང་པོར་མ་སོང་བར་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོ་གཉིས་གཉེན་བསྡེབས་པ་ལས་འགྲོ་བ་རིག་དྲུག་ཏུ་མཆེད་པར་གསུངས་ཞིང་དེ་ལས་འགྲོ་བ་མི་ཡི་རིགས་སུ་མཆེད་པའི་སྤྲེའུ་རིགས་དེི་ནི་ཕ་དང་མི་འདྲ།  མ་དང་མི་མཚུངས་པར་རིག་པ་རྒོད་ཅིང་བློ་སྟོབས་ཆེ་བ་དང་རྔ་མ་ཐུང་ཞིང་སྤུ་གྲངས་ཉུང་བ།  རང་རྒྱུད་བཟང་ཞིང་དཔའ་མཛངས་ལྡན་པ།  བྱམས་དང་སྙིང་རྗེ་ཆེ་བ་འབའ་ཞིག་ཏུ་སྣང་ངོ་།  དེ་དག་ནང་ཁུལ་ཕན་ཚུན་གཉེན་བསྡེབས་པ་ལས་སྤྲེལ་རིགས་ལྔ་བརྒྱར་འཕེལ་བ་དང་ཁོང་ཚོའི་ལྟོགས་ན་རང་བྱུང་གི་རྩྭ་རྩི་ཤིང་གི་རྩ་བ་དང་འབའ་འབུ།  ཤིང་འབྲས་སོགས་ལོངས་སུ་སྤྱོད་་པ་དང་སྐོམ་ན་རང་བྱུང་གི་ཆུ་སོགས་བཏུང་ནས་དཀའ་སྡུག་གི་་འཚོ་བ་བསྐྱལ་བཞིན་གདའ།  རང་བྱུང་གི་རྗེན་བཟའ་དང་རྗེན་འཐུང་ནི་ཟས་ཀྱི་ཐོག་མ་ཞིང་གཉེན་པོ་ཟས་ཀྱི་ཐོག་མ་དེ་སྤྲ་མི་བྱུང་བ་དང་ཆབས་ཅིག་ཏུ་བྱུང་བ་རེད།  དུས་ནམ་ཞིག་གི་དུས་ན་ཁོ་ཚོའི་ཤིང་འབྲས་དང་རྩྭ་རྩི་ཤིང་རྩ་བ་སོགས་མཐའ་དག་ཟས་ཚར་ཏེ་བཀྲེས་ལྟོགས་ཀྱིས་མནར་ནས་སྡུག་བསྔལ་མང་བོ་མྱོང་བར་ཕ་སྟོན་པས་མཐོང་ནས་བསམ་པ་མ་བཟོད་པར་ལྷའི་དབང་པོ་ལ་ཞུས་པས།  ལྷའིི་དབང་པོས་མ་རྨོས་ལོ་ཏོག་མཁའ་ནས་གཏོར་བས་སྤྲེའུ་རྣམས་ཡིད་ཚིམ་པར་གྱུར་བ་དང་གདོང་དང་ལུས་ཀྱི་སྤུ་རྣམས་རིམ་བཞིན་ཉུང་དུ་སོང་།  ཁོང་ཚོ་ཤིང་སྡོང་དང་བྲག་གཟར་ནས་ཡར་མཆོངས་མར་ལྡིང་མང་བོ་བྱས་པས་མཇུག་མའང་ཆད་ནས་རིམ་གྱིས་མི་རུ་གྱུར་བ་རེད།  དགུན་ཁ་སླེབས་པ་བསྟུན་ནས་རང་བྱུང་གི་ནམ་ཟླ་གྲང་དུ་སོང་བས་ཁོ་ཚོ་གྲང་ལྷགས་ཀྱིས་མ་བཟོད་པར་རང་བྱུང་བྲག་ཕུག་ཏུ་སྐོང་བར་དྲོད་དུ་འགྲོ་བ་དང་འབའ་འབུ་དང་རྩྭ་རྩི་ཤིང་གི་རྩ་བ་སོགས་བཟས་ནས་མ་ཞུ་བྱུང་བར་ལག་པས་ཕུར་ཕུར་བྱས་ན་བདེ་རུ་འགྲོ་བ་སོགས་ཤེས།  དེ་ལྟར་ཁོ་ཚོའི་གྲང་ལྷགས་ལ་གཡོལ་བ་དང་ཕུར་མཉེས་བྱེད་སྟངས་ཀྱི་རྩ་བའི་ཤེས་བྱ་ཁོང་ཆུབ་པ་རེད།  གྲང་ལྷགས་ལ་འགོག་རྒོལ་དང་ཕུར་མཉེས་ནི་གཉེན་པོ་བྱ་བ་སྤྱོད་ལམ་གྱི་ཐོག་མ་ཡིན་ཞིང་།  སྤྱོད་ལམ་གྱི་གཉེན་པོ་དེ་སྤྲ་མིའི་དུས་སྐབས་སུ་བྱུང་བར་འདོད།  དེ་ཡང་ལོ་ས་ཡ་གཅིག་དང་འབུམ་བདུན་གྱི་ཡར་སྔོན་དུ་ང་ཚོ་མི་རྣམས་གཅེར་བུ་ངང་ཀོག་མ་ལངས་ནས་འགྲོ་བ་དང་ཤེས་བྱ་དང་ཚན་རིག་རིག་གནས་གང་མེད་པས་འཚོ་བ་ཧ་ཅང་ཐབས་ཆག་ཡིན་པ་དང་།  ཡོ་བྱད་དང་ཕུགས་འདུན།  རིགས་རུས་དང་ཆོ་འབྲང་སོགས་ཀྱི་དབྱེ་བའང་འབྱེད་ཤེས་ཀྱི་མེད་སྟབས་མི་རྣམས་སྤྱིར་བཏང་དུ་ཚེ་ཐག་ཐུང་ཞིང་ནད་རིགས་མང་བ་དང་བཀྲེས་ལྟོགས་ཀྱིས་མནར་བ་སོགས་སྡུག་བསྔལ་མང་པོ་མྱོང་གི་ཡོད།  སྐབས་དེར་ཁོང་ཚོའི་མིག་མདུན་ནས་དབྱར་ཚ་ཆེ་ཞིང་ཆར་ཆུ་མོད་པ།  དགུན་ཁ་བ་འབབ་ཅིང་གྲང་ངར་ཆེ་བ།  སྟོན་འབྲས་བུ་སྨིན་ཞིང་འཇམ་རླུང་ལྡང་བ།  དཔྱིད་ས་ཆུ་དྲོས་ཤིང་མྱུ་གུ་འབུས་པ་ལ་སོགས་པའི་རང་བྱུང་གི་སྣང་ཚུལ་མང་པོ་ཕར་འགྲོ་ཚུར་ཡོང་བྱེད་པ་ཐེངས་མང་པོ་མཐོང་པས་རིམ་གྱིས་དུས་བཞིར་འགྱུར་ལྡོག་ལ་བརྟེན་ནས་འཚོ་བ་སྤྱོད་སྟངས་གསར་བ་འགའ་ཞིག་ཤེས་པར་པར་གྱུར།  དེ་ལྟར་ཁོང་ཚོས་དབྱར་ཆར་ཆུ་དང་ཆུ་ལོག་གིས་མི་གནོད་ཆེད་ནགས་ཀླུང་དང་རི་རྩེར་སྡོད་པ་དང་དགུན་ཁ་བ་དང་གྲང་ལྷགས་ལ་གཡོལ་ཆེད་རང་བྱུང་བྲག་ཕུག་ཏུ་སྐོང་བ།  སྟོན་ཟས་རིགས་འཚོལ་ཆེད་ནགས་ཚལ་དང་ལ་ལུང་དུ་སྡོད་པ།  དཔྱིད་མྱུ་གུ་དང་འབུ་སྲིན་བཟའ་ཆེད་སྤང་ཐང་དང་ཆུ་གཤོང་སྙེགས་པ་སོགས་ཀྱི་འཚོ་གནས་གསར་བ་མང་པོ་ཤེས།  སྐབས་དེར་ཁོ་པ་ཚོར་གཅན་གཟན་དང་རང་བྱུང་གི་ཆར་ཆུས་གནོད་པ་ཐེབས་དུས་ཁོང་ཚོས་ཕན་ཚུན་ལ་སྐྱོབས་རོགས་ཞེས་བརྩེ་དུང་གིས་བརྡ་སྟོན་པ་འམ་རྣམ་འགྱུར་སོགས་བསྟན།  དེ་ལྟར་མིའི་རིགས་ཀྱི་སྤྱི་ཚོགས་སུ་སྐད་ཆ་མི་བཤད་ཐབས་མེད་ཀྱི་གནས་སུ་གྱར་ནས་སྐད་ཆ་བྱུང་བ་རེད།  སྐད་ཆ་བྱུང་དེ་གདོད་མའི་མི་རྣམས་རྩ་བའི་ཆ་ནས་མིར་གྱུར་བ་མཚོན་ཡོད།  དེ་དུས་བཟུང་ཁོ་པ་ཚོ་ཚོགས་པ་དང་ཚོགས་པ་བྱས་ནས་རི་འགོ་ནས་ལྟོ་ཆས་འཚོལ་བ་དང་མི་མང་པོ་ལྷན་དུ་རུབ་ནས་ཤ་བ་དང་དགོ་བ།  རི་བོང་།  གླ་བ།  གནའ་བ་ལ་སོགས་པའི་རི་དྭགས་རྔོན་པ་དང་།  རང་བྱུང་གི་རྡོ་བ་དང་དབྱུག་པ་བཟུང་ནས་དགྲ་ཇག་འགོག་པ་སོགས་བྱེད་ཀྱིན་ཡོད།  ཁོ་པ་ཚོས་མཉམ་དུ་བསྡད་དེ་རི་དྭགས་ལ་སོགས་གསད་པའི་ཤ་མཉམ་དུ་བགོད་བྱ་རྒྱབ་ནས་ཤ་ལ་རྗེན་བཟའ་དང་ཆུ་ལ་རྗེན་འཐུང་བྱས་ནས་གདོད་མའི་འདུས་སྡོད་ཀྱི་འཚོ་བ་རོལ་བཞིན་ཡོད།  གདོད་མའི་སྤྱི་ཚོགས་དུས་རྐེད་དུ་མི་རྣམས་ཀྱི་རིམ་བཞིན་རུས་པའི་ཁབ་དང་རྡོ་ཡི་སྟ་རེ།  རྫ་ཡི་སླ་ང་སོགས་བཟོ་ཤེས་པ་མ་ཟད།  ཤིང་གི་མདའ་གཞུ་ཡང་བཟོ་ཤེས་པ་རེད།  དེ་དུས་སུ་ཚང་ཚིང་སྟུག་པོའི་ཁྲོད་ཀྱི་ཤིང་ཤུག་པའི་སྡོང་བོ་ཆེན་པོ་དག་ལོ་མང་བོར་ཕན་ཚུན་གཙུབ་ནས་མེ་བླངས་ནས་ནགས་ཚལ་མེ་ལ་ཤོར་པས་མི་རྣམས་འཇིགས་སྣང་གིས་ཕྱོགས་བཞིར་འགྲོ་བཞིན་ཡོད།  ནགས་མེ་འབར་ཤུལ་ཀྱི་སྲོག་ཆགས་ཤི་བའི་ཤ་བཟོས་པས་ཤ་རྗེན་ལས་ཞིམ་ཞིང་ལུས་ལ་ཕན་པ་ཡོད་པ་ཚོར།  དེར་བརྟེན་ཁོ་ཚོས་གསོན་མེ་བླངས་ནས་ཤ་མེ་ལ་སྲེག་བ་དང་ཆུ་སྐོལ་བའི་སྲོལ་ཡང་ཤེས་བ་རེད།  ཤ་སྲེག་མ་དང་ཆུ་ཁོལ་མ་ནི་སྨན་གྱི་ཐོག་མ་ཡིན་ཞིང་།  དེ་ཡི་རང་རེའི་གསོ་རིག་པའི་གཉེན་པོ་བཞི་ཡི་གསོ་བྱེད་སྨན་གྱི་ཐོག་མ་དབུས་བརྙེས་པ་དང་གསོ་བྱེད་ཟས་རིགས་འཕེལ་རྒྱས་སོང་བའང་མཚོན་ཡོད་པ་རེད།  ཚོགས་པའི་སྟོབས་ཤུགས་རིམ་གྱིས་ཆེ་རུ་སོང་ནས་རི་དགས་དགོ་བ་དང་གནའ་བ་སོགས་གསོན་བཟུང་བྱས་ནས་བཙན་གྱིས་ལྷས་རར་བཅུགས་ནས་སྒོ་ཕྱུགས་བྱུང་།  སྤང་ཐང་ཞིང་དུ་རྨོས་ནས་ལོ་ཏོག་བྱུང་།  སྒོ་ཕྱུགས་དང་ལོ་ཏོག་བྱུང་བ་དེས་གདོད་མའི་ཟས་རིགས་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན།  དེ་སུས་སུ་ཟས་ཀྱི་ལྟོ་བགྲང་བ་མ་ཟད།  ལྷག་མ་ཡང་བྱུང་།  རིམ་བཞིན་ཟས་རིགས་ལྷག་མ་རྣམས་ཚོགས་པའི་འགོ་བའི་བདག་པོ་བརྒྱབས་ཏེ་འགོ་བ་ཕྱུགས་པོ་ཆགས།  འགོ་བ་ཕྱུགས་པོ་ཆགས་པ་དེས་དབུལ་ཕྱུག་གི་དབྱེ་བ་ཕྱེ་བ་དང་སྒེར་ལ་དབང་བའི་ལམ་ལུགས་བྱུང་བ་མཚོན།  གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་ཚོགས་པ་མང་པོའི་སྟོབས་ཤུགས་ལ་བརྟེན་ནས་རི་དྭགས་རྔོན་ནས་ཟས་འཚོལ་བ་དང་མདའ་གཞུ་དང་རྡོ་ཤིང་ལ་བརྟེན་ནས་དམག་རྒྱག་པའི་སྲོལ་ཡང་ཤེས་བ་རེད།  ཐོག་མར་ཚོགས་པ་གང་ཞིག་རྒྱལ་ན་དེ་ནི་བཙན་གྱིས་འཚོ་བའི་འགོ་བར་བར་བསྡད་ནས་རྒྱལ་པོར་གྱུར་བ་རེད།  རྒྱལ་བོས་རང་ཉིད་དབང་ཤུགས་ལ་བརྟེན་ནས་ཕམ་དམག་རྣམས་ཀྱི་རྣམ་འགྱུར་བལྟོས་ནས་གཡོག་ཏུ་བཀོལ་བ་དང་མགོ་བོ་གཅོད་པ།  མིག་གཉིས་བཏོན་པ་སོགས་ཀྱིས་མནར་གཅོད་དང་ཉེས་ཆད་སྣ་ཚོགས་གཏོང་གི་ཡོད།  སྐབས་དེར་མིའི་རིགས་སྤྱི་ཚོགས་སུ་དགྲ་ཟླ་དང་སྒེར་གཞུང་།  མཐོ་དམའ།  དབའ་སྡར།  རང་གཞན།  བཟང་ངན།  གོང་འོག་སོགས་ཀྱི་དབྱེ་བ་གསལ་བོར་ཕྱེས་ཡོད་པ་མ་ཟད།  རྒྱལ་རིགས་དང་དམངས་རིགས།  བྲན་རིགས་སོགས་ཀྱི་དབྱེ་བའང་གསལ་བོར་ཕྱེས་ཡོད་པ་རེད།  དབུལ་ཕྱུགས་དང་གཞུང་སྒེར།  བྲན་གཡོག་དང་བྲན་བདག་ལ་སོགས་བྱུང་བ་དང་ཆབས་ཅིག་ཏུ་ཀླད་ཤུགས་ངལ་རྩོལ་པ་འཕེལ་རྒྱས་བྱུང་།  ཀླད་ཤུགས་ངལ་རྩོལ་བ་འཕེལ་རྒྱས་བྱུང་བ་དེས་མིའི་རིགས་ཀྱི་སྤྱི་ཚོགས་སུ་ཡི་གེ་གསར་གཏོད་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན།  དེ་ལྟར་གཉའ་གནོན་དང་བཤུ་གཤོག་མེད་པའི་གདོད་མའི་སྤྱི་ཚོགས་རེ་ཞིག་ཐོར་ཞིག་ཏུ་སོང་བ་དང་བསྟུན་ནས་མིའི་རིགས་ཀྱི་སྤྱི་ཚོགས་དེ་བཤུ་གཞོག་དང་གཉའ་གནོན་ལྡན་པའི་སྤྱི་ཚོགས་སུ་བསྐྱོད་འགོ་ཚུགས།  ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་ལྔ་སྟོང་གི་ཡར་སྔོན་དུ་རྒྱལ་ཕྲན་བཅུ་བཞི་དང་སིལ་མ་བཞི་བཅུ་ལ་སོགས་བྱུང་ཞིང་།  སྐབས་དེར་བོན་གྱི་ཆོས་ལུགས་དར་རྒྱས་སུ་སོང་ཞིང་བོད་ཞང་ཞུང་ས་ཆ་ན་བདུད་ལ་བསྟེན་མཁན་གྱི་བདུད་བོན་དང་བཙན་ལ་བསྟན་མཁན་གྱི་བཙན་བོན་ཞེས་པ་སོགས་དར་བ་དང་བོན་རིགས་མི་འདྲ་བའི་ཁོངས་སུ་མདོ་གཞས་གཏོང་བ་དང་སྲི་འདུལ་བ།  གཡང་འབོད་པ།  སྨན་དཔྱད་བྱེད་པ།  ཇུ་ཐག་གི་རི་མོ་རྒྱག་པ་སོགས་ཀྱི་སྲོལ་ཡང་བྱུང་བ་དང་བསྟུན་ནས་རིམ་བཞིན་མར་ཁུ་བཞུས་ནས་རྩ་ཁ་བསྡོམས་པ་དང་དུག་ནད་གསོ་བ་ལ་སོགས་པའི་ངག་ཐོག་གི་གསོ་རིག་ཧ་ཅང་འཕེལ་རྒྱས་ཆེན་པོ་བྱུང་།  ཧ་ལམ་སྤྱི་ལོ་བཞི་སྟོང་ལྷག་གི་སྔ་རོལ་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་དང་རྒྱལ་བོ་འདིས་རྒྱལ་ཕྲན་བཅུ་བཞི་དང་སིལ་མ་བཞི་བཅུ་སོགས་དབང་དུ་བསྡུས་ནས་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་དང་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་བཏང་བ་བསྟུན་ནས་བོན་སྟོན་པ་གཤིན་རབ་མི་བོ་ཆེ་དང་དེའི་སྲས་དཔྱད་བུ་ཁྲི་ཤེས་ལ་སོགས་པའི་དྲང་སྲོང་མང་པོ་བྱོན་ཏེ་བོན་གྱི་ཡི་གེ་གསར་བཟོ་བྱས་པ་མ་ཟད།  བོན་གྱི་གསོ་དཔྱད་འཕེལ་རྒྱས་བཏང་ནས་གསོ་བྱའི་ནད་འབུམ་ནག་པོ་དང་གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ།  གསོ་དཔྱད་ཀྱི་སྨན་འབུམ་དཀར་བོ་བཅས་གཡུང་དྲུང་དགུ་བརྩེགས་སུ་གསུངས་ཡོད།  སྐབས་དེར་ལ་བོན་གྱི་སྟོན་པ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཞེས་པ་དེ་ཉིད་ཀྱིས་གཞུང་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་གསོ་བྱེད་མདོ་དགུ།  གསོ་རིག་དཔྱད་རྒྱུད་ཟླ་ཟེར་ལ་སོགས་པའི་གསོ་དཔྱད་ཀྱི་དཔེ་དེབ་མང་བོ་འཆད་ཉན་བྱས་ཏེ་ཤ་སོས་རུས་འབྱོར་རྒྱུད་འཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ཅེས་པ་དང་དུག་བཅོས་གཡུང་དྲུང་འཁྱིལ་བ་གཉིས་མཛད་ནས་འགྲོ་བ་ནད་པ་མང་པོའི་ཚེ་སྲོག་བསྐྱབས་ཡོད་པ་རེད།  བོད་རྒྱལ་གསུམ་པ་མུ་ཁྲི་བཙན་པོའི་དུས་སྐབས་སུ་བོན་ཆོས་ཤིན་ཏུ་འཕེལ་རྒྱས་སོང་ཏེ་རིག་གནས་ཆེ་ཆུང་བཅུ་ལ་སོགས་བྱུང་ངོ་།  སྐབས་དེར་རྒྱལ་བློན་དང་དམག་མི།  འབངས་མི་སེར་ལ་སོགས་པའི་བོན་ཆོས་ལ་དད་པ་བྱེད་བཞིན་ཡོད།  དུས་ཆེན་དང་དམག་འཁྲུག་གི་སྐབས་སུ་ཁོ་ཚོས་ར་ལུག་སྟོང་ཕྲག་མང་པོ་དུས་གཅིག་ཏུ་སྦྱིན་སྲེག་བྱས་ནས་ཡུལ་ལྷ་གཞི་བདག་ལ་དམར་མཆོད་གནང་པས་བོན་གྱི་དཔལ་འབྱོར་འཚོ་བ་ལ་གནོད་པ་མང་པོ་བཏང་བ་རེད།  དེ་ལྟར་གནམ་གྱི་ཁྲི་བདུན་དང་བར་གྱི་ལེགས་དྲུག།  སའི་ལྡེའུ་བརྒྱད་དང་འོག་གི་བཙན་གསུམ་ལ་སོགས་པའི་རྒྱལ་རབས་མང་པོ་བོན་ཆོས་ལ་བསྟེན་ནས་སྲིད་བསྐྱངས་ཤིང་བོད་རྒྱལ་པུ་དེ་གོང་རྒྱལ་སྐུ་རིང་ལ་མཛངས་བློན་རི་ལས་སྐྱེས་ཀྱིས་འབྲོང་གཡག་ཁྱིམ་དུ་བཀུགས་ཏེ་ནོར་གནག་བྱུང་།  རྐྱང་རྒོད་འཐག་པས་བཟུང་ནས་རྟ་ཕོ་བྱུང་བ་དང་།  བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རུ་སྙན་བཙན་གྱི་དུས་སུ་ནང་ཆོས་ཀྱི་ཐོག་མ་གཉེན་པོ་གསང་བ་དབུ་བརྙེས་པ་དང་རྒྱལ་པོས་གོ་དོན་མ་རྟོགས་རུང་འོད་གསལ་ལྷ་ལ་བབས་པའི་རྐྱེན་གྱིས་དད་མོས་ཀྱིས་རྒྱལ་རབས་ལྔ་ལ་བཀའ་བཙན་པོའི་སྒོ་ནས་གསང་བས་མིང་ཡང་གཉེན་པོ་གསང་བ་ཞེས་ཐོགས།  རྒྱལ་པོ་འདིའི་སྐབས་སུ་རྒྱ་གར་ནས་སྨན་པ་བི་བྱི་དགའ་བྱེད་དང་བི་ལྷ་དགའ་མཛེས་བོད་ལ་གདན་དྲངས་ནས་སྨན་བཅོས་ཀྱི་འགྲོ་དོན་མཛད།  རྒྱལ་པོས་རྒྱ་གར་གྱི་སྨན་དཔྱད་བོད་ལ་རྒྱ་ཆེར་སྤེལ་ཆེད་རང་གི་སྲས་མོ་ཡིད་རོལ་ཆ་བི་བྱི་དགའ་བྱེད་ལ་ཆུང་མ་སྦྱིན་ཏེ་སྲས་དུང་གི་ཐོར་ཅོག་ཅན་འཁྲུངས།  སྲས་དུང་གི་ཐོར་ཅོག་ཅན་ནི་ཆུང་དུས་ནས་བཟུང་རིག་པ་རྣོ་ཞིང་སྤྱུང་གྲུང་འཛོམས་པ་ཞིག་ཞིང་ཁོང་གིས་ལོ་ན་ཕྲ་བའི་དུས་ནས་བཟུང་ཡབ་ཀྱི་དྲུང་ནས་རེག་པ་རྩ་ཡི་མདོ་དང་འཚོ་ཟས་ཀྱི་མདོ།  སྦྱོར་བ་སྨན་གྱི་མདོ།  རྨ་ཆས་བཟོ་ཡི་མདོ།  གཏར་བསྲེག་དཔྱད་ཀྱི་མདོ།  གཞན་ཡང་རྩ་འགྲེལ་དང་ཁོག་འབུགས།  ལག་ལེན་དང་བཅས་པ་བྱང་ཆུབ་པར་སྦྱང་།  ཁོང་ནར་སོན་ནས་རྒྱལ་པོའི་བླ་སྨན་མཛད་ཅིང་ཉམ་ཐག་པའི་ནད་པ་མང་པོའི་ཚེ་སྲོག་བསྐྱབས།  དུང་གི་ཐོར་ཅོག་ཅན་ནི་ཡར་ལུང་རྒྱལ་རྒྱུད་ཀྱི་སྨན་པ་ཐོག་མ་ཡིན་ཞིང་དེ་དུས་ནས་བཟུང་ཡར་ལུང་རྒྱལ་རྒྱུད་ལ་སྨན་པ་ཡོད་པའི་མགོ་ཚུགས་ཏེ་རྗེ་དཔལ་འཁོར་བཙན་ཡན་གྱི་རྒྱལ་རབས་ཀྱི་རྒྱལ་པོ་ལ་སྨན་པ་དུང་གི་ཐོར་ཅོག་ཅན་གྱི་སྲས་བརྒྱུད་རེ་རེས་བླ་སྨན་མཛད་ནས་རྒྱལ་བོ་རེ་དང་སྨན་པ་རེ་ཐབས་ཤེས་ཟུང་དུ་འཇུག་པའི་སྲོལ་དར་བ་སྟེ་སྨན་པའི་རིགས་རྒྱུད་རྒྱུན་མ་ཆད་པར་ཕ་ལས་བུ།  བུ་ལས་ཚ་བོ།  ཚ་བོ་ལས་ཡང་ཚ་སོགས་རིམ་པར་གསོ་སྐྱོང་བྱེད་ཅིང་།  ཕ་མེས་དེ་དག་གི་མི་ཚེ་ཧྲུལ་བོར་སྨན་དཔྱད་སློབ་སྦྱོང་དང་།  ཞིབ་འཇུག།  ལག་ལེན་བཅས་བྱས་པ་ལས་ཐོབ་པའི་ཤེས་ཡོན་དང་ཉམས་མྱོང་རྣམས་བུམ་པ་གང་བྱོ་བའི་ཚུལ་དུ་རང་གི་བུ་རྒྱུད་རྣམས་ལ་ངག་ཐོག་གི་བརྒྱུད་སྤྲོད་བྱེད་པའི་སློབ་གསོའི་ལམ་སྲོལ་དར་བ་རེད།  རྒྱལ་རབས་སུམ་པ་འབྲོང་གཉན་ལྡེའུ་དུས་སྐབས་སུ་མི་མཛེ་ནད་ཅན་དང་མཛེ་ནད་མེད་པ་ཁ་བྲལ་ནས་འཇོག་པའི་སྲོལ་བྱུང་ཞིང་རྒྱལ་པོ་རང་ཉིད་མཛེ་ནད་ཀྱིས་བཟུང་པས་རྒྱལ་བློན་བཙུན་མོ་དང་བཅས་པ་གསོན་དུར་སྦས་ནས་གཞན་ལ་མི་འགོ་པའི་བྱ་ཐབས་སྤྱད་པ་རེད།  རྒྱལ་པོ་འདི་ཉིད་ལ་མཛེ་ནད་མ་བཏབ་པའི་ཡར་སྔོན་དུ་སྲས་དམུ་ལོང་ཞིག་བྱུང་བར་ཡབ་ཀྱི་ཞལ་ཆེམས་བཞིན་བོད་ཀྱི་ཤར་ཕྱོགས་རྒྱལ་ཕྲན་འ་ཞ་ཡུལ་ནས་འ་ཞ་རྗེ་བྱ་བའི་སྨན་པ་གདན་དྲངས་ཏེ་ཕོ་བྲང་ཡམ་བུ་བླ་མཁར་གྱི་ཡང་ཐོག་ཏུ་སྤྱན་ལ་གཤག་བཅོས་བྱས་པས་ལེགས་འགྲུབ་བྱུང་ནས་སྐྱིད་ཤོད་སྟག་མོའི་རི་ལ་རི་དྭགས་གཉན་འགྲོ་བར་གཟིགས།  དེའི་རྒྱུ་མཚན་གྱི་རྒྱལ་པོའི་མཚན་ལའང་སྟག་རི་གཉན་གཟིགས་ཞེས་གསོལ།  འཛམ་གླིང་སྟེང་མིག་ནད་གཤོག་བཅོས་བྱེད་སྔ་བའི་སྨན་པ་ནི་ང་ཚོ་བོད་ཀྱི་སྨན་པ་ཡིན་ནོ།  ཡིན་ནའང་གནམ་རི་སྲོང་བཙན་ཡན་ལ་བོད་བྱིངས་ཀྱི་གཅིག་གྱུར་གྱིས་བཀོལ་ཆོག་པའི་ཡི་གེ་ཞིག་མེད་སྟབས་ཡི་གེར་སྣ་ཚོགས་སུ་བཀོད་པའི་གཞུང་ལུགས་མང་པོ་ཡོད་པ་དཔེར་ན་བོན་ཡིག་གིས་བྲིས་པའི་གཞུང་ལུགས་དང་རྒྱ་གར་གྱི་ཡི་གེས་བྲིས་པའི་གཞུང་ལུགས།  རྒྱ་ནག་གི་ཡི་གེས་བྲིས་པའི་གཞུང་ལུགས་སོགས་མང་བོ་ཡོད།  གཞུང་ལུགས་དེ་དག་མི་རིགས་མི་གཅིག་པའི་རིག་གཞུང་ཡིན་ཕྱིར་མཐར་ཕྱིན་པ་ཞིག་སྦྱང་དཀའ་བ་དང་ཁྱད་པར་དུ་སྐབས་དེའི་སྤྱི་ཚོགས་ནང་ཡིག་རིགས་མང་པོ་ཤེས་མཁན་གྱི་ཡོན་ཏན་པ་ཧ་ཅང་ཉུང་བས་བོད་ཀྱི་རིག་གཞུང་འཕེལ་རྒྱས་གཏོང་བར་དཀའ་ངལ་ཆེན་པོ་འཕྲད།  བོད་རྒྱལ་གནམ་རི་སྲོང་བཙན་ནས་བཟུང་བཙན་པོ་བོད་ཀྱི་རྒྱལ་ས་ལྷ་སར་སྤོས་ཤིང་དམར་པོ་རིའི་ཡང་སྟེང་དུ་ཕོ་བྲང་པོ་ཏ་ལ་བརྩིགས་ཏེ་མཐའ་མཚམས་ཀྱི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས།  སྤྱི་ལོ་༦༡༧ལོར་སྲོང་བཙན་སྒམ་པོ་འཁྲུངས་པ་དང་སྲོང་བཙན་དགུང་ལོ་བཅུ་གསུམ་གྱི་དུས་སུ་ཡབ་གནམ་རི་སྲོང་བཙན་དུག་གིས་བགྲོངས་པ་དང་སྲོང་བཙན་ཁྲི་ལ་མངའ་གསོལ།  རྒྱལ་པོ་འདི་ཉིད་སྐུ་ཕྲ་ཡང་ཐུགས་དྲང་ཞིང་བློ་རྒན་པ་དང་།  བཀའ་བཙན་ཞིང་ལས་གང་ཡང་སྒྲུབ་ཕོད་པ།  བདག་གཞན་གང་ལའང་ཉེ་རིང་མེད་པ་དང་།  ཁྱད་པར་དུ་ཐབས་བཀོད་དང་དམག་རྒྱག་ལ་མཁས་པ་ཞིག་ཡིན།  ཁོང་གིས་མཐའ་བཞི་རྒྱལ་ཁབ་མང་པོ་ཟིལ་གྱིས་མནན་ནས་བོད་ཡུལ་ཡོངས་རྫོགས་གཅིག་གྱུར་བྱས་ནས་ལྷ་ཆོས་དང་མི་ཆོས་ཀྱི་ཁྲིམས་བཙུགས་པ་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པ།  བློན་ཆེན་མགར་ལ་སོགས་པ་མངག་ནས་རྒྱལ་བཟའ་དང་བལ་བཟའ་འཁེལ་དུ་བཞེས་ཤིང་སྔོན་ཐོན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་ནང་འདྲེན་བྱས་པ།  ཐོན་མི་ལ་སོགས་རྒྱ་གར་དུ་བཏང་ནས་བོད་ཡིག་གསར་བཟོ་བྱས་པ་སོགས་མཛད་པ་བསམ་གྱིས་མི་ཁྱབ་བོ།  དུས་དེི་ནས་བཟུང་ངག་ཐོག་གི་གཏམ་རྒྱུད་དང་ལོ་རྒྱུས།  བཟོ་གསོ་ལ་སོགས་པ་བོད་ཀྱི་ཡི་གེར་བཀོད་ནས་ཡིག་ཐོག་གི་རིག་གཞུང་བྱུང་བ་དང་ལྷན་དུ་རྒྱ་གར་ནག་དང་བལ་ཡུལ་སོགས་པའི་རིག་གནས་མང་པོ་ཡང་བོད་ཡིག་ཏུ་བསྒྱུར་འགོ་བརྩམས་པ་རེད།  བོད་ཀྱི་ཡི་གེ་བྱུང་བ་དེས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བསམ་བློ་བླ་ལྷག་འཕེལ་རྒྱས་སོང་བ་མཚོན་ཡོད།  ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་བོད་ཀྱི་གསོ་རིག་ཤིན་ཏུ་འཕེལ་རྒྱས་སོང་སྟེ་སྐམ་གཡག་གི་སོག་རུས་ཀྱིས་མིའི་ཀླད་ཆག་རུས་པ་མཐུད་སྦྱོར་ཐུབ་པ་དང་སྙིང་དང་གློ་བ།  མཆིན་པ་མཁལ་མ་ལ་སོགས་པའི་ཆུ་ནད་ཐུར་མས་གཙགས་ནས་སངས་དྲག་ཡོང་བ་དང་རིན་ཆེན་གསེར་དངུལ་ཟངས་ལྕགས་ལ་སོགས་པ་བཞུས་ནས་ཐལ་བ་གཏོང་བ།  རུས་སྐྱོན་གཞོག་པ།  ཤ་སྐྱོན་འདྲས་པ།  རྩ་ཆད་མཐུད་པ།  ཆུ་ཆད་བཙེམ་པ།  རྩ་ནད་རྩ་ནས་སྦྱོངས་བ་དང་ལྟོ་ནད་ལྟོ་ནས་སྦྱོངས་བ།  ངན་ཁྲག་གཏར་ནས་དབྱུང་བ་དང་གྲང་ནད་མེ་ཡིས་གསོ་བ།  རུས་ནད་དུགས་དང་ལུམས་ཀྱིས་བཅོས་པ།  ཤ་ནད་འཇུབ་དང་བུམ་གྱིས་འདྲེན་པ།  ཕྱི་སྐྲན་བུམ་པས་འདྲེན་པ།  བར་སྐྲན་ཐུར་མས་གཤིགས་པ།  ནང་སྐྲན་སྨན་གྱིས་སྦྱོང་བ་སོགས་ཀྱི་ལག་ལེན་ཁོང་དུ་ཆུབ་ཡོད་པ་མ་ཟད།  དུག་གི་རྒྱལ་བོ་དངུལ་ཆུ་ཡང་བཙོ་སྦྱངས་འདུལ་གསུམ་གྱིས་སྨན་གྱི་རྒྱལ་བོ་ལ་བསྒྱུར་བའི་ལག་རྩལ་ཡང་ཁོང་དུ་ཆུབ་ཡོད།  ཁྱད་པར་དུ་བདག་ཅག་གི་མགོན་དུ་གྱུར་བ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་པ་དེ་ཉིད་ཀྱིས་ལོ་ངོ་བརྒྱ་དང་ཉི་ཤུ་ལྷག་གི་རིང་ལ་རྒྱལ་ཁམས་མང་པོ་འགྲིམས་ནས་ཉམ་ཐག་ནད་པ་མང་པོ་ཚེ་སྲོག་བསྐྱབས་པ་དང་བོད་ཀྱི་གསོ་རིག་འཕེལ་རྒྱས་གཏོང་ཆེད་རྒྱ་གར་དང་རྒྱ་ནག་ལ་སོགས་པའི་ཡུལ་གྲུ་མང་པོ་ཞབས་ཀྱིས་བཅགས་པ་ནས་སྨན་དཔྱད་ཀྱི་རིག་གཞུང་མང་པོར་ཞིབ་འཇུག་དང་རྟོགས་དཔྱོད་ཡང་ཡང་གནང་ཞིང་བོན་ཞང་ཞུང་གསོ་རིག་དང་བོད་དམངས་ཁྲོད་སྲོལ་རྒྱུན་སྨན་དཔྱད།  རྒྱུད་ཆུང་སྙིང་བོ་བསྡུས་པ་ལ་སོགས་པ་མ་དཔེ་བྱས་ཏེ་རྒྱ་གར་ནག་དང་བལ་ཡུལ་ལ་སོགས་པའི་གསོ་རིག་གི་སྙིང་བོའི་ཡང་སྙིང་བསྡུས་ལེན་གནངས་ཏེ་གསོ་རིག་གི་རྒྱུད་ཆེན་པོ་བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ཕྱག་རྩོམ་མཛད་ནས་གངས་ཅན་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་འགྲོ་བར་བྱས་རྗེས་བླ་མེད་བཞག་ཡོད་པ་རེད།  གཞན་ཡང་སྐབས་དེར་བོད་ཀྱི་ནང་བསྟན་རིག་པ་ཤིན་ཏུ་འཕེལ་རྒྱས་སོང་ནས་གསོ་རིག་གི་དཔྱད་ཀྱི་སྨན་སྦྱོར་འགའ་ཞིག་གྲྭ་བས་གདོན་དགེག་གི་ཐད་ལ་བེད་སྤྱོད་གནངས་བ་དང་གསང་སྔག་གི་གདམས་པ་མང་པོ་ཞིག་བོད་ཀྱི་གསོ་རིག་ནང་དུ་བཞག་ནས་བསྔགས་ཀྱིས་ནད་གཞི་བཅོས་ཐབས་སོགས་ཀྱང་བྱུང་།  ཡིན་ནའང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་བོ་གླང་དར་བགྲོངས་དང་འབངས་གྱེན་ལོག་བྱས་པའི་རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་དང་རིག་གཞུང་མང་པོ་མེ་སྲེག་པ་དང་ཆུ་ལ་བསྐུར་བ།  དུར་དུ་འཇོག་པ།  གཏེར་དུ་སྦོས་པ་སོགས་བྱས་ནས་བོད་ཀྱི་རིག་གནས་ལ་གནོད་པ་ཚབས་ཆེན་བཟོས།  དཔྱད་ལྔའི་སྡེ་ཚན་ཐུར་དཔྱད་དང་སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་ལ་སོགས་པའི་ལག་ལེན་འགའ་ཞིག་ཉམས་རྒུད་དུ་སོང་བ་དང་ལོ་མང་པོར་གཏེར་དུ་སྦོས་པས་རྒྱུད་བཞིའི་དགོངས་པ་ཇི་བཞིན་མ་རྟོགས་པའམ་ཡང་ན་ལག་ལེན་གྱི་སྨན་སྦྱོར་ཚད་གཞི་ཇི་བཞིན་ཐོན་མ་ཐུབ་པའི་གནས་ཚུལ་མང་པོ་ཐོན།  ཕྱིས་སུ་བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་ཁམས་སྨད་ནས་བསྟན་པ་མེ་རོ་ཙམ་ཞིག་ལུས་པ་དེ་སླར་གསོ་བྱས་ཏེ་བསྟན་པ་ཕྱི་དར་གྱི་མགོ་ཚུགས།  བསྟན་ཕྱི་དར་གྱི་དུས་ནས་བཟུང་ཡང་བསྐྱར་བོད་ཀྱི་གསོ་རིག་གི་བསྟན་དར་མགོ་ཚུགས་ནས་གཡུ་ཐོག་གསར་མ་དང་བྱང་ཟུར་རྣམ་གཉིས།  སྡེ་སྲིད་རིན་པོ་ཆེ།  འཇུ་མི་ཕམ་པ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལ་སོགས་པའི་བོད་ཀྱི་གསོ་རིག་གི་མཁས་དབང་མང་བྱོན་ནས་རྒྱུད་བཞི་ལ་ཁ་སྐོངས་དང་མཆན་འགྲེལ་མང་པོ་བྱས་ཏེ་གཡུ་ཐོག་གསར་མ་མགོན་པོའི་ཆ་ལག་བཅོ་བརྒྱད་དང་ཟུ་མཁར་པའི་མེས་པོའི་ཞལ་ལུང་།  སྡེ་སྲིད་པའི་བེེ་སྔོན་དང་མན་ངག་ལྷན་ཐབས།  ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།  རྩིས་གཞུང་བེེ་དཀར་དང་དེའི་དྲིས་ལན་གཡའ་སེལ།  ཀོང་སྤྲུལ་པའི་ཟིན་ཏིག།  སྐྱེམས་པའི་སྐྱེམས་འགྲེལ་ལ་སོགས་པའི་དཔེ་དེབ་རབ་དང་རིམ་པ་བྱུང་བ་དང་ལྷན་དུ་འགྱུར་ཡིག་མང་པོ་ཡང་བྱུང་ནས་གསོ་རིག་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་ཡོད།  ཁྱད་པར་དུ་བཅོས་བསྒྱུར་སྒོ་འབྱེད་པ་བྱས་པ་དང་བསྟུན་ནས་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་བླ་མེད་འོད་མདངས་དེ་རང་རེ་གངས་རིའི་ལྗོངས་སུ་ཤར་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དང་ལྷ་ལྡན་སྨན་རྩིས་ཁང་།  མཚོ་སྔོན་བོད་ལུགས་གསོ་རིག་བོད་སྨན་སྡེ་ཚན་དང་བོད་སྨན་ཁང་།  ཁུལ་དང་རྫོང་བོད་སྨན་ཁང་སོགས་བཙུགས་ཏེ་བོད་ལུགས་གསོ་རིག་འཕེལ་རྒྱས་བཏང་བ་དང་མཁན་པོ་ཚེ་རྣམ་རིན་པོ་དང་མཁས་དབང་བྱམས་པ་འཕྲིན་ལས།  ཀོ་ཇོ་དབང་འདུས།  བསམ་གཏན།  རྒན་ཆེན་མོ་པ་རྟ་འགྲིན་རྒྱལ།  ཚེ་བཀྲ།  འཇིགས་མེད།  ཉི་མ་ལ་སོགས་ཀྱིས་བོད་རིགས་སློབ་གྲྭ་ཆེན་མོ་པ་ཁྲི་ཕྲག་མང་པོར་བོད་ལུགས་གསོ་རིག་འཆད་ཁྲིད་དང་སྨན་སྦྱོར།  དབང་ལུང་སོགས་གནང་ནས་གསོ་རིག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་དོ།  །  
གསུམ་པ། བོད་ལུགས་གསོ་རིག་གི་མཚན་ཉིད་རང་ཞིན་བཤད་པ།  
          དེ་ཡང་མི་དང་ལྷ་སོགས་པའི་སེམས་ཅན་དང་།  ས།  ཆུ།  མེ།  རླུང་ལ་སོགས་པའི་འབྱུང་བ།  སྒམ་དང་ཅོག་ཙེ།  སླ་ང་སོགས་པའི་ཁྱིམ་གྱི་ཅ་ལག།  ལྕགས་རྟ་དང་སྦག་སྦག།  མེ་འཁོར་ལ་སོགས་པའི་འཕྲུལ་ཆས།  ཤིང་དང་ལྕགས།  ཤེལ་ལ་སོགས་པའི་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་གི་མཚན་ཉིད་དང་མིང་།  གོ་དོན་མི་གཅིག་ལ་བྱེད་ནུས་དང་ཕན་ཡོན་སོགས་ཀྱང་མི་གཅིག།  དེ་བཞིན་དུ་སྒྲ་དང་ཚད་མ།  བཟོ།  གསོ་ལ་སོགས་པའི་རིག་གནས་ཀྱི་མཚན་ཉིད་དང་གོ་དོན།  མིང་སོགས་ཀྱང་ཁ་ཁ་ཡིན་པ་སྟེ་དཔེར་ན་མིའི་མཚན་ཉིད་ལ་སྨྲ་ཤེས་ཤིང་དོན་གོ་ལྟ་བུ་དང་སའི་མཚན་ཉིད་ལ་སྲ་ཞིང་མཐས་པ་དང་ཆུ་མཚན་ཉིད་བརླན་ཞིང་གཤེར་བ།  རླུང་གི་མཚན་ཉིད་ལ་ཡང་ཞིང་གཡོ་བ།  མེའི་མཚན་ཉིད་ལ་ཚ་ཞིང་སྲེག་པ་བཞག་པ་འདིས་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ཕན་ཚུན་མི་ནོར་བར་སོ་སོར་བྱས་ཤིང་དེ་དག་ལ་རང་རང་སོ་སའི་ནུས་པ་རེ་དང་གོ་དོན་རེ།  མཚན་ཉིད་རེ།  མིང་རེ།  དགོས་མཚན་རེ་ཡོད་པ་གསལ་བཤད་བྱས།  ཡིན་ནའང་ལྷ་མི་དང་མེ་རླུང་སོགས་པ་འདོད་རྒྱལ་གྱི་མིང་རྣམས་ནི་མིང་ཚིག་རང་ངོས་ནས་རྒྱུ་མཚན་གཞན་བགྲང་རྒྱུ་མེད་ཅིང་དེ་དག་གི་མཚན་ཉིད་དང་གོ་དོན་ཀློག་པ་ཙམ་གྱི་མི་དང་ཆུའི་ནུས་པ་དང་ཡོན་ཏན་ངང་གིས་རྟོགས་ཐུབ་དང་ཡང་ལྕགས་རྟ་དང་མེ་འཁོར་ལ་སོགས་པའི་རྗེས་གྲུབ་ཀྱི་མིང་རྣམས་ནི་རང་ངོས་ནས་བཏགས་པའི་རྒྱུ་མཚན་གོ་ཡོང་།  དེ་བཞིན་དུ་ཀྱི་དང་ཀྱིས།  འི་དང་འིས།  ཏེ་དང་ཏུ་ལ་སོགས་པའི་ཕྲད་རྐྱང་བ་དང་།  ང་རང་ཉིད་དང་ཁྱེད་རང་ཚོ་ལ་སོགས་པའི་ཚབ་ཚིག་སྟོན་མིང་དང་།  རི་རྒྱུད་ཆེན་པོ་དང་ཆུ་རྒྱུན་རིང་མོ་ལ་སོགས་པའི་ཚིག་རྒྱན་སྟོན་པའི་མིང་དང་།  གཟུགས་རིང་པོ་དང་སྙིང་རྗེ་པོ་ལ་སོགས་པའི་རྣམ་པ་སྟོན་པའི་མིང་ལ་སོགས་པ་མཐའ་ཡས་ཤིང་རྫོགས་ཏུ་པ་དེ་དག་ཡང་འདོད་རྒྱལ་དང་རྗེས་གྲུབ་གང་རུང་གིས་གྲུབ་པའི་མིང་འབའ་ཞིག་ཡིན་པས་དེ་དག་གི་དོན་ཇི་མ་ཇི་བཞིན་རྟོགས་ན་གཞུང་ཐམས་ཅད་བདེ་ལེགས་ངང་རྟོགས་ཐུབ་པར་རམ་འདེགས་བྱེད་ཐུབ།  དེ་བཞིན་རྒྱ་གར་པ་དང་རྒྱ་ནག་པ།  དབྱིན་གོ་པ་ལ་སོགས་པའི་བདག་པོ་སྟོན་གྱི་མིང་དང་བཟོ་པ་རིག་པ་དང་ཚད་མ་རིག་པ།  ནང་དོན་རིག་པ་ལ་སོགས་པའི་གཞུང་ལུགས་མཚོན་པའི་མིང་དང་།  པར་ལེན་འཕྲུལ་ཆས་དང་རྐང་རྩེད་སྤོ་ལོ།  མ་རྨོས་ལོ་ཏོག།  ཆུ་ཁོལ་ཚ་མོ་སོགས་པའི་ཚེག་མང་ཚོགས་པའི་མིང་ཡང་མང་པོ་ཡོད་པས་དེ་དག་ཀྱང་ཡག་པོ་ཤེས་དགོས།  གཞན་ཡང་བདག་གི་ལག་པ་དང་ཤར་ཕྱོགས་སུ་སོང་།  མཛེས་ཤིང་ལྟ་ན་སྡུག་པ།  ཡིད་དུ་འོང་སློབ་གྲྭ་ཆེན་མོ།  མིག་གིས་མཐོང་བ་དང་ཡིད་ལ་དྲན་ལ་སོགས་པའི་ཕྲད་ཡིག་སྦྱར་བའི་ཚིག་དང་།  མིང་དང་ཕྲད།  ཚིག་ལ་སོགས་པ་མང་པོ་ཚོགས་པའི་བརྗོད་དོན་དག་ཀྱང་ཤེས་དགོས།  ཕར་ལྟོས་ཚོད་ཀྱིས་བོད་ལུགས་གསོ་རིག་ཅེས་པའི་ཐ་སྙད་འདི་རྗེས་གྲུབ་ཀྱི་མིང་ཞིག་ཏུ་སྣང་ཡང་དོན་དམ་དུ་དེ་ནི་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་དུ་མ་ལས་གྲུབ་པའི་ཚིག་ཅིག་ཡིན་པ་སྟེ་བོད་ཅེས་པའི་འདོད་རྒྱལ་མིང་འདི་ཉིད་ལ་ལུགས་ཞེས་པའི་རྗེས་གྲུབ་ཀྱི་མིང་བརྡ་ཞིག་སྦྱར་ནས་བོད་ལུགས་ཞེས་གྲུབ་པ་དང་ཡང་དེ་གཉིས་ཀྱི་མཇུག་ཏུ་གསོ་རིག་ཅེས་པའི་རྗེས་གྲུབ་ཀྱི་ཐ་སྙད་གཅིག་སྦྱར་བས་བོད་ལུགས་གསོ་རིག་ཅེས་པའི་ཚིག་འདི་ཉིད་ཐོན་པ་དང་དེ་ནི་བོད་མི་རིགས་ཀྱི་ལུགས་སྲོལ་གོམས་གཤིས་དང་མཐུན་པའི་གསོ་བ་རིག་པ་ཞེས་བསྡུས་པའི་ཚིག་ཡིན་ཞིང་དེ་ལ་མཚན་ཉིད་སྨྲ་བས་མཚན་ཉིད་འགྲེལ་སྟངས་ད་སྔར་ལག་ཐོན་མ་ཟིན་ཡང་མིང་ཚིག་གི་གོ་དོན་མཐུན་པར་འགྲེལ་ན་འདི་འདྲ་ཞིག་ཡིན་པར་འདོིད་དེ་གནའ་ནས་ད་བར་ང་ཚོའི་བོད་རང་ཉིད་ཀྱི་ས་བབས་གནམ་གཤིས་དང་འཚོ་བ་གནས་སྟངས།  ལུགས་སྲོལ་གོམས་གཤིས་སོགས་ལ་ཁ་མ་བྲལ་བར་མཐོ་སྒང་གི་ཡུལ་གྲུ་འདི་དང་ཆོས་མཐུན་ཞིང་ནད་ཀྱི་རྒྱུ་རྐྱེན་དང་དབྱེ་བ།  རྟགས།  བཅོས་ཐབས་དང་བཅས་བར་གསལ་བོར་སྟོན་པའི་གཞུང་ལུགས་ཞིག་ལ་བྱ་བ་དང་།  མཚན་ཉིད་དང་གོ་དོན་ཞེས་པ་ནི་དངོས་པོའི་གནས་ལུགས་དང་ཁྱད་ཆོས།  ནུས་པ།  རང་བཞིན།  ངོ་བོ་སོགས་ལ་གཞིགས་ནས་བྱ་དངོས་གཅིག་ཁོ་ན་མཚོན་པར་བྱེད་པའི་བློའི་རྟོགས་བཏགས་ཀྱི་ཆ་དེར་བརྗོད་པ་ཞིག་ཡིན་ལ་དེ་ཡང་མཚན་ཉིད་རིག་པ་ལས་རྣམ་པར་འཇོག་བྱེད་ཀྱི་ཆོས་གསུམ་ཚང་བ་མཚན་ཉིད་ཀྱི་མཚན་ཉིད་ཡིན་ཞེས་བཤད་པ་དང་།  རྣམ་པར་འཇོག་བྱེད་ཀྱི་ཆོས་གསུམ་ནི་རང་གི་སྤྱིར་མཚན་ཡིན་པ་དང་རང་གི་མཚན་གཞི་སྟེང་དུ་གྲུབ་པ།  རང་གི་རང་གི་མཚོན་བྱ་གང་ཡིན་པ་ལས་གཞན་ཞིག་གིས་མཚན་ཉིད་མི་བྱ་བ་བཅས་དང་།  དེ་ཡང་ཁྱབ་པ་སྒོ་བརྒྱད་ཀྱི་སྟེང་ནས་བཤད་ཡོད་དེ་དཔེར་ན་ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་ཡིན་ན་ནད་ཡིན་པས་ཁྱབ་པ་དང་ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་རང་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་མིན་ན་ནད་མིན་པས་ཁྱབ་པ་དང་།  ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་ཡོད་ན་ནད་ཡོད་པའི་ཁྱབ་པ།  ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་མེད་ན་ནད་མེད་པས་ཁྱབ་པ།  ནད་ཡིན་ན་ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་ཡིན་པས་ཁྱབ།  ནད་ཡོད་ན་ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་ཡོད་པས་ཁྱབ།  ནད་མིན་ན་ལུས་ཟུངས་དྲི་མ་དང་ཉེས་པ་རླུང་མཁྲིས་བད་གསུམ་ལ་སོགས་པ་རང་གི་ལྡང་ཚད་ལས་འཕེལ་བའམ་ཟད་པ་ཡང་ན་ཕན་ཚུན་འཁྲུགས་པ་མིན་པས་ཁྱབ་པ་ལྟ་བུ་དང་ཡང་ཁ་དོག་དང་དབྱིབས།  འབྱུང་ཁུངས།  རྟེན་དང་བརྟེན་པ།  བྱེད་ལས།  བདག་ཉིད་གཅིག་པ།  དཔེ་དང་དཔེ་ཅན།  རྒྱུ་དང་འབྲས་བུ་ལ་སོགས་པའི་མིང་དང་ཚིག་གང་ཡིན་རུང་མཚན་ཉིད་ཀྱིས་བཀྲོལ་ལུགས་གཅིག་ཏུ་མ་སྣང་ཡང་ཀུན་ལ་རྣམ་པར་འཇོག་བྱེད་ཀྱི་ཆོས་གསུམ་ཚང་དགོས་བ་ཡིན།  དེ་ལྟར་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་ལ་སོགས་པ་མཐའ་ཡས་ཤིང་རྫོགས་ཏུ་མེད་པ་རེ་རེ་ལའང་མཚོན་བྱ་རེ་དང་མཚན་ཉིད་རེ་ཡོད་ཅིང་དེ་དག་རེ་རེ་ཡི་མིང་གི་བཏགས་དོན་དང་བྱེས་ནུས་དགོས་དབང་ཡང་མི་འདྲ།  དེ་བཞིན་དུ་ངོ་བོ་དང་རང་བཞིན།  བྱེད་ལས་སོགས་ཀྱང་མི་འདྲ་བ་ཡིན།  དེ་དག་འགའ་ཞིག་འདོད་རྒྱལ་དང་ཡང་འགའ་ཞིག་རྗེས་གྲུབ།  འགའ་ཞིག་དེ་གཉིས་གང་གིས་ཀྱང་མ་གྲུབ་པའི་བྱ་བྱེད་ལས་ཚིག་དང་བདག་གཞན་དུས་གསུམ་ལ་སོགས་པ་འཇིག་རྟེན་ལ་གྲགས་ཤིང་གྲུབ་པའི་བརྡ་ཆད་དང་ཐ་སྙད་སྣ་ཚོགས་པ་རེ་རེ་ལའང་མཚན་ཉིད་བཀྲོལ་སྟངས་མི་གཅིག་པ་རེ་རེ་ཡོད་པས་དེ་དག་གི་ཚུལ་ཇི་མ་ཇི་བཞིན་དུ་རྟོགས་ན་གཞུང་འཇུག་པ་ལ་དཀའ་ངལ་མེད་པ་ལ་ལུང་དང་རྒྱུ་མཚན་བཤད་པ་ལའང་ཐོག་པ་མེད།  དེ་ཕྱིར་ཚང་མས་དེ་ཡི་ཕྱོགས་ལ་འབད་པ་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།  ཁྱད་པར་དུ་བོད་ལུགས་གསོ་རིག་ནི་མིང་བརྡའི་མཛོད་ལྟ་བུ་ཡིན་པས་མིང་དང་བརྡ་ཆད་རྣམས་ཀྱི་གོ་དོན་ཡག་པོ་མ་རྟོགས་ན་གཞུང་ལ་ཞིབ་འཇུག་བྱེད་པའི་ཆ་རྐྱེན་མི་ཚང་བ་དང་མངོན་བརྗོད།  དཀར་རྩིས།  སྙན་ངག་ལ་སོགས་པ་མ་རྟོགས་ན་རྒྱུད་ཀྱི་དགོངས་དོན་ལེགས་པར་རྟོགས་མི་ཐུབ།  ཚད་མ་མ་ཤེས་ན་གཞུང་དག་གི་གོ་དོན་མི་རྟོགས་པ་དང་བཟོ་རིག་མ་ཤེས་ན་སྨན་སྦྱོར་དང་ལས་རིགས་ལག་རྩལ་གྱིས་དམན་པ་དང་།  ནང་རིག་མ་ཤེས་ན་བློ་ཁོག་ཆུང་ཞིང་སྙིང་བརྗེ་མེད་པ་དང་།  གསོ་རིག་མ་ཤེས་ན་ནད་གསོ་མི་ཤེས་པ་དང་།  སྒྲ་རིག་མ་ཤེས་ན་སུམ་རྟགས་དག་གསུམ་མི་ཤེས།  དེ་བས་ཀྱང་བརྡ་དང་གཞུང་ལུགས་ཀུན་གྱི་རྩ་བར་གྱུར་བའི་ཡི་གེ་མ་ཤེས་ན་ཤེས་བྱ་ཡོན་ཏན་གང་ཡང་མེད་པས་འགྲོ་མཆོག་མི་ལུས་བླངས་པ་ཡང་དོན་མེད་དོ།  དེ་ལྟ་ན་ང་ཚོས་སྔ་མོ་ནས་ཡི་གེར་བལྟས་ནས་ཤེས་བྱ་ཡོན་ཏན་ལྡན་པའི་མི་ཡ་རབས་ཞིག་བྱ་རྒྱུར་ནམ་ཡང་འབད་དགོས།  ད་ལྟ་ང་ཚོས་སྦྱང་བཞིན་པའི་རྒྱུད་བཞི་དང་དེ་བཞིན་གཞུང་ལུགས་ཀྱི་དཔེ་དེབ་ཚང་མ་ནི་སྔོན་གྱི་མཁས་དབང་མང་པོས་ནད་དང་གཉེན་པོ་སྤྲད་པའི་ལག་ལེན་དང་ངག་ཐོག་གི་གསོ་རིག།  མི་རིགས་གཞན་གྱི་ནད་ཐོག་ཕྱག་ལེན་ཡག་ཤས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན་ཞིང་།  དེ་ནི་མཁས་པ་རེ་གཉིས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་པ་ཞིག་གཏན་ནས་མ་ཡིན་པར་དུས་རབས་རིམ་བྱུང་གི་མཁས་པ་དུ་མའི་བློ་གྲོས་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པའམ་ཡང་ན་མི་རབས་དུ་མའི་མཁས་དབང་མང་པོས་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་དང་ཞིབ་འཇུག།  ཕྱག་ལེན་སོགས་བྱས་པའི་ཤེས་བྱར་ཡིག་ཐོག་ཏུ་བཀོད་ནས་བྱུང་བ་ཞིག་ཡིན།  ལག་ལེན་ནི་གཞུང་ལུགས་ཤིག་ལ་གཞིར་བཅོལ་ནས་དེ་ཉིད་ལག་ལེན་དུ་བཏབ་པའི་རྨང་གཞི་ཤེས་བྱའམ་ཡང་ན་སློབ་དཔོན་གང་རུང་ཞིག་གིས་རང་གིས་དངོས་སུ་ཕྱག་ལེན་གནངས་པའི་གདམས་པ་འགའ་ཤས་རང་གི་སློབ་བུ་དག་ལ་མཐོང་བ་མིག་ལ་བརྒྱུད་ནས་ནད་ཐོག་གི་ཕྱག་ལེན་དམར་ཁྲིད་གནང་བ་ཞིག་ཡིན་ཏེ།  དེ་ཡང་དང་ཐོག་ནད་ཐོག་ལག་ལེན་བྱུང་།  ལག་ལེན་གྱི་ཤེས་བྱ་རིམ་གྱིས་མང་དུ་བསགས་ནས་དེ་དག་ཡིག་ཐོག་བཀོད་ནས་གཞུང་ལུགས་བྱུང་བ་ཞིག་ཡིན།  དེ་བས་གཞུང་ལུགས་ནི་ནད་ཐོག་ལག་ལེན་གྱི་ཤེས་བྱ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བྱུང་བ་ཞིག་ཡིན་བརྗོད་ཆོག།  སྔོན་བྱོན་མཁས་དབང་དག་གིས་དེ་ལྟར་ནད་རིགས་མི་འདྲ་བ་ཁག་ལ་ཞིབ་འཇུག་དང་འཐབ་རྩོད།  དབྱེ་ཞིབ་སོགས་བྱེད་པའི་བྱ་རིམ་ཁྲོད་ནས་ནད་རིགས་འདྲ་མིན་མང་པོ་མཐོང་བ་ནས་ནད་དེ་དག་ལ་མིང་རེ་བཏགས་པ་དང་ནད་དེ་དག་འཇོམས་པར་བྱེད་པའི་གཉེན་པོ་སྨན་ཡང་མི་འདྲ་བ་མང་ཡོད་པ་རྟོགས་ནས་ནད་རེ་ལ་སྨན་རེ་དང་སྨན་རེ་ལ་ནུས་པ་རེ་ཡོད་ཤེས།  ནུས་པ་མང་པོ་ཕྱོགས་གཅིག་ཏུ་བསྡེབས་ནས་སྨན་སྦྱོར་ཤེས།  སྨན་སྦྱོར་དེ་རིམ་གྱིས་འཕེལ་རྒྱས་སོང་ནས་རོ་སྦྱོར་དང་ཞུ་རྗེས་སྦྱོར་བ་སོགས་ཤེས་པར་གྱུར།  རོ་ནུས་ཞུ་རྗེས་འཕེལ་རྒྱས་སོང་བ་ལ་བརྟེན་ནས་ཨ་གར་སོ་ལྔ་དང་གཡུ་རྙིང་ཉེར་ལྔ།  མུ་ཏིག་བདུན་ཅུ།  རིན་ཆེན་མང་སྦྱོར་དང་གྲང་སྦྱོར་ལ་སོགས་པའི་སྨན་རིགས་མང་པོ་བྱུང་།  ད་ལྟ་ང་ཚོས་མཐོང་དང་མཐོང་བཞིན་པའི་སྨན་རིགས་སུམ་བརྒྱ་ལྷག་ཙམ་བཞུགས་པ་འདི་དག་ནི་ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་འབྱུང་བ་རིག་པར་ཞིབ་འཇུག་དང་དབྱེ་ཞིབ་ཕྱག་ལེན་བྱས་པ་བརྒྱུད་གསར་བཟོ་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན།  བོད་ལུགས་གསོ་རིག་ལས་ས་ཆུ་མེ་རླུང་ནམ་མཁའ་ལ་འབྱུང་བ་རགས་པ་སྟེ་འབྱུང་བའི་རྒྱུ་ཆེན་མོ་ཞེས་བརྗོད་ཅིང་དེ་དག་ལྔ་པོ་བརྟེན་ནས་རྩྭ་རྩི་ཤིང་དང་སྔོ་མེ་ཏོག་ལ་སོགས་སྐྱེས་ཅིང་གནས་པ་དང་མི་སེམས་ཅན་དང་བློ་ཤེས་རབ་ལ་སོགས་འཕེལ་ཞིང་བརྟན་པར་བྱེད་བཞིན་ཡོད་པ་མ་ཟད།  གཟུགས་ཁ་དོག་ལ་སོགས་ལ་དབྱེ་ནས་ཟླུམ་པོ་དང་ནར་ནར།  མེར་མེར།  སྣུམ་ཚིལ།  སྲ་མཁྲེགས་ལ་སོགས་པའི་གཟུགས་དབྱིབས་ཕྱེས་ཤིང་དཀར་པོ་དང་དམར་པོ།  སེར་པོ།  ནག་པོ་ལ་སོགས་པའི་ཁ་དོག་དག་ཀྱང་འབྱུང་གིན་ཡོད།  ཡང་རླུང་དང་མཁྲིས་པ་བད་ཀན་རྣམ་གསུམ་ལ་འབྱུང་པ་ཕྲ་བ་སྟེ་འབྱུང་བའི་འབྲས་བུ་ཞེས་བརྗོད་ཅིང་འདི་གསུམ་པོ་ལ་བརྟེན་ནས་ཆགས་གནས་འཇིག་གསུམ་འབྱུང་བ་སྟེ་དང་པོ་ཁུ་ཁྲག་སེམས་གསུམ་ལ་རྐྱེན་རླུང་གིས་བསྒྱུར་ཞིང་མཁྲིས་པའི་དྲོད་ཀྱིས་བཀུགས་ནས་ཆུ་རང་བཞིན་ཅན་གྱིས་ཁུ་ཁྲག་གི་རྣམ་པ་རིམ་གྱིས་སྲ་མཁྲེགས་ཅན་དུ་ཆགས་ནས་ལུས་འགྲུབ་པར་བྱེད།  དེ་ལྟར་མངལ་གནས་ཀྱི་སེམས་ཅན་དེ་ཉིད་མས་རླུང་མཁྲིས་བད་གསུམ་བསྒྱུར་ནས་ཟླ་དགུ་འདས་ནས་སྐྱེས་པ་དང་བར་དུ་ཡུན་པོར་གནས་པར་བྱེད་པ།  མཐའ་མ་ཚེ་ཡི་མཇུག་བསྡུས་ནས་འཆི་བ་སོགས་བྱ་བ་ཕལ་ཆེར་ཕྱིའི་ཡུལ་གྱི་འབྱུང་བ་མ་སྙོམ་པ་འམ་ཡང་ན་ནང་གི་འབྱུང་བ་རླུང་མཁྲིས་བད་གསུམ་འཕེལ་ཟད་འཁྲུགས་པ་རག་ལས་བ་ཡིན་ཏེ་བྱེད་ནུས་མ་འཁྲུགས་བདེ་སྟེར་ཞིང་།  །  འཁྲུགས་ན་སྐྱེས་རྒ་ན་འཆི་སྡུག་བསྔལ་འབྱུང་།  །  ཞེས་གསུངས་བ་ལྟར་དང་ཉེས་པ་རླུང་དང་མཁྲིས་པ་བད་ཀན་གསུམ།  །  རྣམ་པར་མ་གྱུར་ནད་ཀྱི་རྒྱུ་འགྱུར་ལ།  །  རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན།  །  ཞེས་དང་།  ཡང་དང་པོ་རྒྱུ་ལ་རིང་རྒྱུ་ཉེ་རྒྱུ་གཉིས།  །  རིང་བའི་རྒྱུ་ལ་སྤྱི་དང་ཁྱད་པར་གཉིས།  །  ཅེས་སོགས་གསུངས་བ་གཞིགས་ན་དང་པོ་སྐྱེས་པ་ནས་བར་དུ་གནས་པ།  མཐའ་མ་འཆི་བ་སོགས་ཡོད་ཚད་ནད་གིས་བྱེད་ཅིང་ནད་ལ་རག་ལས་པ་ཡིན་ཏེ་མ་ཤེས་རྨོངས་པའི་དབང་གིས་ཟས་སྐོམ་དང་ལུས་ངག་སྤྱོད་ལམ།  སྨན་དཔྱད་སོགས་ཀྱི་བླང་དོར་ཇི་བཞིན་མ་ཤེས་པའམ་ཡང་ན་ལོག་པར་བསྟེན་པས་ནད་ཉེས་པ་འཕེལ་ཟད་འཁྲུགས་གསུམ་དུ་སོང་ནས་ལུས་སེམས་ལ་སྡུག་བསྔལ་དབག་མེད་འབྱུང་གི་ཡོད།  གཞན་ཡང་ཕྱིའི་རང་བྱུང་གི་བཀོད་པ་ལེགས་པའི་ཤིང་ནགས་ལ་སོགས་གང་བྱུང་དུ་བཅད།  གསེར་དངུལ་ཟངས་ལ་སོགས་པའི་གཏེར་ཁ་གང་བྱུང་བསློགས།  གཙང་བོ་དང་རྒྱུགས་ཆུ་མང་པོའི་བཀགས་ནས་སའི་བཅུད་ཤོར་པས་འབྱུང་འཁྲུགས་ཏེ་ནད་རིགས་སྣ་ཚོགས་འབྱུང་གི་ཡོད།  མིག་སྔར་ཚན་རིག་པས་དབྱེ་ཞིབ་བྱས་པ་ལྟར་ན་་ས་ངོས་ཀྱི་དྲོད་མཐོ་རུ་སོང་བ་དང་གློ་བུར་ཆར་ཆུ་མོད་པ་ནི་རྡོ་སྣུམ་དང་སོལ་རླངས་མང་བཏོན་པའི་རྐྱེན་གྱིས་རེད།  འདི་ལྟར་ཤིང་གཉེན་བཅད།  ཆུ་གཉེན་སློགས།  གཏེར་གཉེན་ཁྱེར་ན་ཕྱིའི་འབྱུང་བའི་བཅུད་ཤོར།  ནང་ཉེས་པའི་ནད་འཁྲུགས་ནས་དར་རྒུད་སྣ་ཚོགས་འབྱུང་།  དེ་བས་ང་ཚོས་རང་བྱུང་ལ་ཁམས་སྲུང་སྐྱོབ་བྱས་ནས་འབྱུང་བ་སྙོམ་པའི་མ་འོང་བ་ཞིག་མཛུགས་སྐྲུན་བྱེད་དགོས།  དེ་ཡང་ཕ་ཁ་ཆེ་སྣ་ཉག་ལ་བུ་ཡང་དེ་དང་འདྲ་བ་འབྱུང་བ་དང་ས་གཙང་ཆུ་དྭངས།  ཤིང་ནགས་ཀྱིས་ཕྱུག་པའི་ས་ཆར་རི་སྐྱེས་སྲོག་ཆགས་ཀྱིས་ཁེངས་བ་ནི་གཙོ་བོ་རྒྱུ་འབྲས་ལ་རག་ལས་པ་ཡིན་ཏེ་དཔེར་ན་རི་ཐམས་ཅད་ཤིང་ནགས་ཀྱིས་ཁེངས་གསེར་དངུལ་ཟངས་ལྕགས་ལ་སོགས་པའི་གཏེར་ཁུངས་ཕུན་སུམ་ཚོགས་པ་ཞིག་ལ་གློ་བུར་དུ་དྲེགས་ཆར་བབས་ཏེ་ཤིང་ནགས་ཐམས་ཅད་ཆུ་ཡིས་ཁྱེར་བ་དང་གཏེར་ཁུངས་ཕུན་སུམ་ཚོགས་པོ་ཡང་མེད་པར་བཟོས་ན་དེའི་མཐའ་འཁོར་གྱི་སེམས་དག་ཀྱང་རིམས་སོགས་གཙེས་པའམ་ཡང་ན་མི་འདོད་པའི་རྐྱེན་སྣ་ཚོགས་འབྱུང་བ་ནི་ཆོས་ཉིད་ཅིག་ཡིན།  བོད་རིག་པ་ནི་རྒྱུ་འབྲས་དང་དྲང་བདེན་སྟོན་པའི་གཞུང་ཞིག་ཡིན་ཏེ་ཕྱིའི་སྣོད་བཅུད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཡོད་ན་ནང་སེམས་ཅད་ཀྱི་རྒྱུད་དེ་འབྲས་བུ་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད་ལ་གལ་ཏེ་ཕྱིའི་ཁོར་ཡུག་གི་རྣམ་པ་རྩྭ་མེད་ཆུ་མེད་བྲག་གཡའ་ཡིས་ཁེངས་པ་དང་ཐང་རྒོད་ལྟ་བུ་ཞིག་ལ་རི་སྐྱེས་སྲོག་ཆགས་ཉུང་ཞིང་དེའི་མཐའ་སྐོར་གྱི་མི་རྣམས་ཀྱང་གདུག་རྩུབ་ཆེ་ཞིང་ངན་གནག་པ།  བློ་ཁོག་དོགས་ཅིང་ཧམ་སེམས་དང་ལྡན་པ་ཞིག་ཏུ་སྣང་།  མིའི་སྐྱེས་སྟོབས་ཤེས་རབ་ནི་གཙོ་བོ་ནི་ཕྱིའི་འབྱུང་བ་དང་རྒྱུད་ས་བོན་ལ་འབྲེལ་ཡོད་དེ།  ཕ་མ་གཉིས་ལྷན་སྐྱེས་ཀྱི་ཤེས་རིག་ཡོད་ན་བུ་ཡང་དེ་བཞིན་ནོ།  
བཞི་བ། བོད་ལུགས་གསོ་རིག་གི་དགོས་མཚན་རང་བཞིན་བཤད་པ།  
          དེ་ཡང་འབྱུང་བ་ཞེས་པ་ནི་བྱུང་བའི་མ་འོང་བ་སྟེ་སྐྱེས་པའི་དོན་དང་དེ་ཡང་མི་དང་དུད་འགྲོ།  བྱ་ལ་སོགས་པའི་སེམས་ཅན་དང་རྩྭ་རྩི་ཤིང་དང་སྔོ་མེ་ཏོག།  དེ་བཞིན་དུ་སྟོང་ཁམས་ཆེན་མོ་དང་ཉི་ཟླ་སྐར་གསུམ་ལ་སོགས་པའི་འཇིག་རྟེན་བྱ་དངོས་ཡོད་ཚད་ཐོག་མར་བྱུང་བ་དང་བར་དུ་གནས་བ་མཐའ་མར་འཇིག་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་གྲུབ་པ་དང་དེ་དག་སོ་སོ་ཆགས་གནས་འཇིག་གསུམ་གྱི་གོ་རིམ་འབྱུང་བ་ནི་དཀྱིལ་འཁོར་ཆེན་མོ་གསུམ་གྱིས་གནོན་ཤུགས་ཕ་རོལ་གྱི་རྒྱུ་སྐར་དག་ཐེབས་པ་ཡིན་ཏེ་འབྱུང་བ་མེ་ཡིས་དཀྱིལ་འཁོར་ཆེན་གྱི་མཐའ་རུ་འབྱུང་ལྔའི་རྡུལ་ཕྲ་རབ་མང་པོ་དུས་ཡུན་ཤིན་ཏུ་རིང་པོར་ནང་ཕན་ཚུན་འཐབ་ནས་རླུང་གིས་སའི་རྡུལ་ཕྲ་མོ་མང་པོ་སྡུད་ལེན་བྱས་ཏེ་ཆུ་ལ་འཐིམས།  ཆུ་མེ་ཡིས་དྲོས་ནས་རིམ་གྱིས་འཐགས།  མེ་མཁའ་ལ་ཡལ་ནས་འབྱུང་ལྔ་བསྡུས།  དེ་ལྟར་བསྐལ་བ་ཁྲི་ཕྲག་མང་པོར་འབྱུང་ནུས་གཅིག་བླངས་གཅིག་བསྡུ་ཡིས་འབྱུང་མེ་ཁམས་ཀྱི་འཁོར་སྐར་རྣམས་བྱུང་།  དེ་བཞིན་དུ་འབྱུང་བ་ཆུ་ཡི་དཀྱིལ་འཁོར་ཆེན་མོ་མཐའ་རུ་གནས་བའི་འབྱུང་ལྔའི་རྡུལ་ཕྲ་རབ་མང་པོ་དེ་དག་དུས་ཡུན་ཤིན་ཏུ་རིང་པོར་ནང་ཕན་ཚུན་འཐབ་ནས་རླུང་གིས་སའི་རྡུལ་ཕྲ་མོ་མང་པོ་སྡུད་ལེན་གྱིས་ཆུ་ལ་འཐིམས།  ཆུ་མང་དུ་འཕེལ་མེ་དྲོད་ཉམས།  ཆུ་མཁའ་རུ་གནས་པའི་འབྱུང་ལྔ་འདུས།  དེ་ལྟར་བསྐལ་མང་པོ་འབྱུང་ནས་གཅིག་བླངས་གཅིག་བསྡུ་ཡིས་འབྱུང་བ་ཆུ་ཁམས་གྱི་རྒྱུ་སྐར་མང་པོ་བྱུང་།  འཁོར་སྐར་དེ་དག་ནང་ཕན་ཚུན་འཕྲོད་སྦྱོར་གྱིས་དབང་གིས་གཅིག་གྲོགས་གཅིག་གིས་གནངས་པས་ཡུན་རིང་པོར་གནས་པ་དང་དེ་དག་ནང་ཕན་ཚུན་མི་འཕྲོད་པའི་དབང་གིས་གཅིག་དགྲ་གཅིག་གིས་བྱས་ནས་འཇིག་པའི་སྣང་ཚུལ་ཐོན་བཞིན་ཡོད་དེ་དཔེར་ན་ནམ་ཞིག་འབྱུང་བ་མེ་ཁམས་ཀྱི་འཁོར་དག་རིམ་གྱིས་འཁོར་ནས་འབྱུང་བ་ཆུ་ཡི་དཀྱིལ་འཁོར་ཆེན་མོའི་ཉེ་སར་འབྱོར་ན་རང་བཞིན་གྱིས་འཇིག་ཅིང་རིམ་བཞིན་འབྱུང་བ་ཆུ་ཡི་ཁམས་ལ་འགྱུར་འགྲོ་བཞིན་ཡོད།  རྒྱུ་རྐྱེན་དེ་དག་གི་དབང་གིས་འབྱུང་ལྔའི་གྲུབ་པའི་འཁོར་སྐར་སོ་སོ་ཆགས་ཚུལ་དོ་སྙོམས་མིན་པ་དང་དེ་དག་འགའ་ཞིག་ཞིག་འབྱུང་མེ་ཡི་རང་བཞིན་ཤས་ཆེ་བ་དང་འགའ་ཞིག་འབྱུང་བ་ཆུ་ཡི་རང་བཞིན་ཤས་ཆེ་བ།  ཡང་འགའ་ཞིག་འབྱུང་བ་རླུང་གི་རང་བཞིན་ཤས་ཆེ་བ་ཡིན་ཏེ་གཟའ་ཉི་མ་དང་མིག་དམར་གཉིས་ནི་འབྱུང་བ་མེ་ཡི་ཁམས་ཤས་ཆེ་བ་དང་ཟླ་བ་དང་ལྷག་པ་གཉིས་ནི་འབྱུང་ཆུ་ཁམས་ཤས་ཆེ་བ་དང་ཕུར་བུ་ནི་འབྱུང་བ་རླུང་ཁམས་ཤས་ཆེ་བ།  པ་སངས་དང་སྤེན་པ་གཉིས་ནི་འབྱུང་བ་ཆུ་ཁམས་ཤས་ཆེ་བ་ལྟ་བུ་དང་།  དེ་བཞིན་དུ་སྨིན་དྲུག་དང་རྒྱལ།  མཆུ་།  གྲེ།  ས་ག།  ཁྲུམས་སྟོད།  བྲ་ཉེ་བཅས་བདུན་ནི་འབྱུང་བ་མེས་ཁམས་ཤས་ཆེ་བ་དང་།  སྣར་མ་དང་ལྷག་མཚམ།  སྨྲོན།  ཆུ་སྨད།  གྲོ་བཞིན།  བྱི་བཞིན།  མོན་གྲུ་བཅས་ནི་འབྱུང་བ་ས་ཁམས་ཤས་ཆེ་བ་དང་།  མགོ་དང་ནབས་སོ།  དབོ།  མེ་བཞི།  ནག་པ།  ས་རི།  ཐ་སྐར་བཅས་ནི་འབྱུང་བ་རླུང་ཁམས་ཤས་ཆེ་བ།  ལག་དང་སྐག།  སྣུབས།  ཆུ་སྟོད།  མོན་གྲེ།  ཁྲུམས་སྨད།  ནམ་གྲུ་བཅས་ནི་འབྱུང་བ་ཆུ་ཁམས་ཤས་ཆེ་ལ།  འབྱུང་བ་དེ་དག་འཕེལ་འགྲིབས་སམ་ནང་ཕན་ཚུན་འཕྲད་པའི་སྐབས་ཁམས་མཐུན་མིན་དབང་གིས་དགེ་དང་མི་དགེ་བའི་བྱ་བ་སྣ་ཚོགས་འབྱུང་བ་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་མངོན་སུམ་དུ་མཐོང་རྒྱུ་ཡོད།  གཞན་ཡང་དཀར་དམར་སེར་ནག་ལ་སོགས་པའི་ཁ་དོག་དང་གསེར་དངུལ་ལ་སོགས་པའི་རིན་ཆེན་རིགས་ཀྱི་སྨན་དང་གངས་ཐིགས་དང་ཅོང་ཞུ་ལས་སོགས་པའི་རྡོ་སྨན་གྱི་རིགས་དང་གསེར་གྱི་བྱེ་མ་དང་བྲག་ཞུན་ལ་སོགས་པའི་ས་སྨན་གྱི་རིགས།  ཨ་རུ་ར་དང་ཛ་ཏི་ལ་སོགས་པའི་ཤིང་སྨན་གྱི་རིགས།  ཧོང་ལེན་དང་སུམ་ཅུ་ཏིག་ལ་སོགས་པའི་སྔོ་སྨན་གྱི་རིགས།  གླ་རྩི་དང་དོམ་མཁྲིས་ལ་སོགས་པའི་རྩི་སྨན་གྱི་རིགས།  ཤྭ་བའི་ར་དང་བསེ་རུའི་ར་མཁྲིས་པ་དང་སྤྱང་ལྕེ་ལ་སོགས་པའི་སྲོག་ཆགས་གྱི་སྨན་ཏེ་རང་བྱུང་གི་སྨན་སྣ་མང་པོ་དང་རླུང་དང་མཁྲིས་པ།  བད་ཀན་ལ་སོགས་པའི་ནད་ཀྱི་རིགས་དང།  དྭངས་མ་དང་ཁྲག་ཤ་སོགས་པའི་ལུས་ཀྱི་ཟུངས་རྣམས་ཀྱང་འབྱུང་ལྔ་ཤས་ཆེ་ཆུང་གིས་བསྐྱེད་བཞིན་ཡོད་དེ་གྲུབ་པ་ལུས་ཀྱི་ལུས་ཀྱི་ཆགས་རྒྱུ་བཤད་ལས་ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད།  །  ཆུ་ལས་ཁྲག་དང་མེ་རོ་བརླན་པ་སྐྱེད།  །  མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད།  །  རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད།  །  མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར།  །  ཞེས་དང་ལུས་མཚན་ཉིད་བཤད་པ་ལས་འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས།  །  ལུས་འབྱུང་བ་ལྔ་བོ་རྒྱས་པར་བྱེད།  །  ཅེས་དང་རྒྱུད་བཞིའི་མཇུག་དོན་ཡོང་གཏད་ལས་འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།  །  གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།  །  གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།  །  ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ།  །  ཞེས་སོགས་གསུངས་བ་ལས་ང་ཚོས་ཤེས་ཐུབ་ནི་ཕྱིའི་སྣོད་བཅུད་ཀྱི་འཇིག་རྟེན་མ་ཟད།  ནང་བཅུད་ཀྱི་སེམས་ཅན།  དེ་མིན་འདོད་ཡོན་ལྔ་དང་ཤ་ཁྲག་ལུས་བཅས་ཀྱི་ཕུང་བོ།  ཤེས་པ།  ནད།  སྨན།  ཁ་དོག།  སྲ་མཁྲེགས།  བརླན་གཤེར་སོགས་ཀྱང་འབྱུང་ལྔ་ཤས་ཆེ་ཆུང་གིས་སྐྱེད་བཞིན་ཡོད་པ་ཤེས་ཐུབ་བོ།  །  
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716