སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལུགས་གསོ་བ་རིག་པའི་ཁ་ཚར་སྐོར་གླེང་བ།
སྤེལ་དུས། 2017-12-28   ཡོང་ཁུངས། གསོ་རིག་ཀུན་འདུས།   རྩོམ་པ་པོ།  རྡོ་རྗེས་བསྒྲིགས།
དང་པོ། ཁ་ཚར་གྱི་དགོས་པ་དང་རིན་ཐང་།
          དེ་ཡང་ཁ་ཚར་གྱི་ལག་ལེན་འདི་བརྒྱ་གོ་གཅིག་ཆོད་ཀྱི་གསོ་ཚུལ་ལྟ་བུ་ཞིག་མིན་པར་གཞུང་དང་ལག་ལེན་གྱི་འགྲོས་དང་མཐུན་ཚེ་ཁ་ཚར་དང་། ཁ་བསྒྱུར་སོགས་སྣ་ཚོགས་བྱ་རྒྱུ་ཡོད་པ་སྟེ། དེ་ནི་གསོ་ཡུལ་ནད་པའི་རྟེན་དང་། ན་ཚོད། རང་བཞིན། ལུས་ཟུངས། ནད་ཁམས་སོགས་ལ་གཞིགས་ཏེ་སྨན་སྦྱོར་མི་འདྲ་བ་སྤྱོད་པའི་ཐབས་རྩལ་ཞིག་དང་། དེ་ཡང་གང་དྲན་དུ་བཏབ་ཆོག་པ་ཞིག་དང་བྱས་ཆོག་པ་ཞིག་མིན་པར་དེ་ལ་རིག་གཞུང་གི་མ་ལག་ཡོད་པ་དང་། ལག་ལེན་གྱི་ རྒྱབ་ལྗོངས་ཡོད་པ། ལོ་མང་གི་མྱོང་བ་དང་མཁས་དབང་དག་གི་གདམས་ངག་ཡོད་པ་ཞིག་ཀྱང་ཡིན་པས་ལག་ལེན་དེ་ཉིད་ནད་ཐོག་ཏུ་བེད་སྤྱོད་སྐབས་ནད་གཞི་བྱེ་བྲག་པ་སོ་སོར་དམིགས་ཏེ་ཁ་ཚར་སྣ་ཚོགས་ལག་བསྟར་བྱས་ཆོག་པ་ཞིག་ཡིན་སྟབས་དེར་སྨན་བཅོས་ཀྱི་ཕན་འབྲས་ལེགས་པ་དང་སྨན་ནུས་ཆེ་ཞིང་མྱུར་བ། ཞོར་སྐྱོན་མེད་པ། བེད་སྤྱོད་ཀྱི་རིན་ཐང་ལྷག་ཏུ་ཆེ་བ་སོགས་དགེ་མཚན་བྱེ་བས་ཕྱུག་པ་ཞིག་ཡིན་པ་མ་ཟད། ཁ་ཚར་གྱི་རིག་པ་དེ་ལ་ནད་ཐོག་ཏུ་ནད་རིགས་བྱེ་བྲག་པ་སོ་སོར་གསོ་ཚུལ་བྱེ་བྲག་པ་ཡོད་པ། ནད་ཐོག་དང་སྨན་སྦྱོར་ཡ་བྲལ་དུ་མ་སོང་བར་ནད་དང་གཉེན་པོའི་དབར་གྱི་འབྲེལ་བར་དཔྱད་པ་བྱེད་རྒྱུ་ཡོད་པ། ནད་རིགས་བྱེ་བྲག་པ་སོ་སོར་སྨན་སྦྱོར་ཡང་གང་རིགས་བེད་སྤྱད་རྒྱུ་ཡོད་པ་སོགས་ཀྱི་དམིགས་བསལ་དགེ་མཚན་ཡོད་པས། དེ་ལ་ནད་ཐོག་དང་། སྨན་གསར་ཞིབ་འཇུག་སོགས་གང་ཐད་ནས་བློ་སྒོ་འབྱེད་ཐུབ་པ་སོགས་ཞིབ་འཇུག་གི་རིན་ཐང་རླབས་ཆེན་ལྡན་ཡོད་པ་མ་ཟད་སྨན་པ་རྣམས་ཀྱི་གཞུང་དང་ལག་ལེན་གཉིས་ཀའི་ཆ་ནས་གོང་མཐོར་གཏོང་བའི་ཐབས་དམིགས་བསལ་ཅན་ཞིག་ཀྱང་ཡིན་ནོ། །
གཉིས་པ། ཁ་ཚར་སྤྱིའི་གོ་དོན་དང་དེའི་དབྱེ་བ།
          སྤྱིར་ཁ་ཚར་ཞེས་པ་སྨན་སྦྱོར་གང་ཞིག་གི་སྟེང་དུ་ནད་བཞུགས་སའི་གནས་དང་ནད་གཞིའི་དབྱེ་བ་སོཊ་ལ་གཞིགས་ནས་སྨན་གཅིག་གཉིས་སམ་ཡང་ན་འགའ་ཞིག་ཁ་སྣོན་དུ་བཏབ་ནས་སྨན་ནུས་ལེཊ་སུ་བཏང་བའམ་སྨན་གྱི་ལོག་ནུས་ཆུང་དུ་གཏོང་བའི་ཐབས་ཞིག་སྟེ་དེ་ལ་ཡང་ནང་གསེས་སུ་ཁ་ཚར་དང་། ཁ་འཛིན། ཁ་བསྒྱུར། ཁ་བསྣོན། ཁ་གསབ་སོགས་ཀྱི་དབྱེ་བ་ཡོད་པ་ཡིན།
གསུམ་པ། བྱེ་བྲག་སོ་སོའི་གོ་དོན་བཤད་པ།
          ༡ ཁ་ཚར་ཞེས་པ།
          དེ་ནི་ཡོངས་གྲགས་དངོས་གཞིའི་སྨན་སྦྱོར་གང་ཞིག་གི་སྟེང་དུ་གསལ་བཀོད་མ་བྱས་པར་མན་ངག་གུད་དུ་སྦས་པའམ་ཡང་ན་སྨན་པ་རང་གི་མྱོང་བ་ལས་གྲུབ་པ་རྩ་བའི་སྨན་སྦྱོར་སྟེང་དུ་སྨན་རྫས་གཅིག་གམ་འགའ་ཞིག་ཁ་སྣོན་དུ་བཏབ་ནས་གཏོང་བའི་སྨན་ལ་གོ་དགོས་པ་སྟེ་པོད་དམར་ལས། ཡོངས་སུ་གྲགས་པའི་སྨན་སྦྱོར་སྟེང་དུ་ཤིན་ཏུ་ཟབ་པའི་ཡོངས་གྲུབ་ཞལ་ཤེས་གུད་དུ་སྦས་པ་ཅན་གྱི་ཁ་སྣོན་བྱས་པ་ལའོ། །ཞེས་གསུངས་པ་ལྟར་རོ། དེ་ཡང་ཁ་ཚར་སྨན་ཁོངས་སུ་དཔེར་ན། རྒ་ལོ་སྨན་མར་གྱི་ནུས་པའི་སྐབས། ཁྱད་པར་མན་ངག་ཁ་ཚར་གྱིས། གཏར་དགོས་གཏར་མི་རུང་བ་དང་། བད་ཁྲག་བྱེར་བའི་གློ་ནད་དང་། །ཞེས་པའི་སྐབས་སུ་བད་ཁྲག་ལ་སྐྱུ་རུ། གློ་ནད་ལ་ཤིང་མངར་བསྡེབ་པ་ལ་སོགས་པ་ལྟ་བུ།
          ༢ ཁ་འཛིན་ཞེས་པ།
          དེ་ནི་དོན་སྣོད་ཀྱི་ནུས་པ་སྲུང་བའམ་ནད་གཞན་གྱི་ཉེན་སྲུང་ཕྱིར། གཙོ་བོའི་སྨན་སྦྱོར་སྟེང་གནས་དང་ནད་གཞི་སོ་སོར་དམིགས་པའི་སྨན་སྦྱོར་བྱེ་བྲག་པ་འགའ་བསྣོན་པ་ལ་བྱ་བ་སྟེ། སྐྱེམས་པས། ཁ་འཛིན་ཞེས་པ་གནོད་པ་བསྲུང་ཞིང་ཕན་པ་བསྒྲུབ་པ་དང་། །ཞེས་དང་ཡང་། ཁ་འཛིན་ནི་གནོད་བྱའི་ཡུལ་ལམ་ཁམས་ཀྱི་ཁ་འཛིན་ཏེ་། ལུས་ལ་བལྟོས་པ་སྟེ། རྟེན་བརྟེན་པ་དང་འབྲེལ་བའི་ངེས་པ་དོན་གཅིག་པར་ལྟའོ། །ཞེས་གསུངས་པ་ལྟར་རོ། དེ་ཡང་རྒྱུད་ཀྱི་དངོས་བསྟན་དོན་སྣོད་སོ་སོའི་ཁ་འཛིན་ལ། དེ་ཡང་རྒྱུད་ལས། གནས་དང་ནད་གཞི་སོ་སོའི་ཁ་འཛིན་ནི། །སྙིང་ལ་ཛ་ཏི་གློ་ལ་ཅུ་གང་སྟེ། མཆིན་པར་གུར་གུམ་སྲོག་རྩར་ལི་ཤི་བཏང་། །མཁལ་མར་སུག་སྨེལ་མཆེར་པར་ཀ་ཀོ་ལ། །ཕོ་བའི་ཁ་འཛིན་སེ་འབྲུ་པི་པི་ལིང་། །མཁྲིས་པའི་ཁ་འཛིན་ཏིག་ཏ་གསེར་མེ་ཏོག །རླུང་ལ་ཛ་ཏི་སླེ་ཏྲེས་རུས་བཅུད་གསུམ། །བད་ཀན་མ་ནུ་འུ་སུ་སེ་ཡབ་བཏང་། །ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་ཏེ། །ཆུ་སེར་སྤོས་དཀར་ཐལ་རྡོར་སོ་མ་ར། །གཉན་དང་གདོན་ལ་གླ་རྩི་གུ་གུལ་ནག །དེ་དག་གང་ལ་གང་དགོས་རྟགས་དང་སྦྱར། །ཞེས་གསུངས་པའི་དགོངས་དོན་དང་། དེ་བཞིན་སྔོ་སྦྱོར་ནུས་པ་རྩུབ་པས་དེ་བས་ཁ་འཛིན་ལ་དོ་སྣང་མཛད་དེ་ཁ་འཛིན་གྱི་འཇམ་བཙལ་བ་ལ་སོགས་པའི་ཕྱག་ལེན་རྒྱས་པར་གསུངས་པ་ལྟར་ཡིན་ནོ། །
          ༣ ཁ་བསྣོན་ཞེས་པ།
          དེ་ནི་ཉེས་པ་གཅིག་བཅོས་སྐབས་སུ་ཉེས་པ་གཞན་གཉིས་མི་ལྡང་བའི་ཕྱིར་སྤྱོད་པའི་ཐབས་ཤིག་སྟེ། སྐྱེམས་པས། ཁ་གནོན་ཞེས་པ་གཞན་ལ་གནོད་ནི་ནུས་པར་བྱེད་པ་སྟེ། འདིར་གནས་ལ་བལྟོས་ནས་ཁ་འཛིན་དང་། ཉེས་པ་ལ་ལྟོས་ནས་ཁ་གནོན་དུ་ཤེས་པར་བྱའོ། ཞེས་གསུངས་པ་ལྟར། །རླུང་བཅོས་སྐབས་སུ་རླུང་སྨན་རྐྱང་པ་ཕུད་གཞན་གང་ལངས་དོགས་པའི་ནད་མི་ལྡང་བའི་ཕྱིར་མགོ་གནོན་པའི་སྨན་བཏང་བ་ལྟ་བུ། དཔེར་ན། མཁྲིས་པ་བཅོས་པའི་སྐབས་སུ་རླུང་ནད་ལྡང་བར་དྭོཊ་ན་བདུད་རྩི་བཅུ་གཅིག་༼བསིལ་བཅུད་༽ལ་སོགས་པ་གང་རུང་བསྟེན་ནས་ཁ་གནོན་བཏང་བ་ལྟ་བུ་ལ་གོ་དགོས།
          ༤ ཁ་བསྒྱུར་ཞེས་པ།
          དེ་ནི་སྨན་སྤྱི་ཡི་ནུས་པ་དེ་ནད་བྱེ་བྲག་པ་གང་ལ་ཞུགས་པའི་གནས་དང་ནད་གཞིའི་སྟེང་སྨན་ནུས་ཁྲིད་པའམ་ནུས་པའི་ཁ་ཕྱོགས་བསྒྱུར་བ་སྟེ་མདེ་ཁ་བསྒྱུར་བ་ལྟ་བུ་ལ་གོ་དགོས་པ་སྟེ། རྒྱུད་ཀྱི་རྗེའུ་གཙོ་བོ་བརྒྱད་པ་ལྟ་བུའི་སྦྱོར་བ་ལ་གཏོང་སའི་ནད་རིགས་དང་ནད་གང་ལ་ཞུགས་པའི་གནས་ལ་དམིགས་ནས་ཁ་བསྒྱུར་ཆོག་པ་སྟེ་གཉེན་པོ་ནད་སྟེང་ཁྲིད་ཅིང་ཁ་ལོ་བསྒྱུར་བ་ལ་བྱ་སྟེ། དེ་ཡང་དོན་སྙིང་ལ་ཙན་དན་དཀར་པོ། གློ་ལ་ཅུ་གང་། སྣོད་ཚད་ལ་གྷི་ཝཾ། མཁྲིས་པར་ཏིག་ཏ་སོགས་གཙོ་བོར་ཐུན་ཚད་བསྐྱེད་དེ་སྦྱར་ཚུལ་གཙོ་བརྒྱད་ཁ་བསྒྱུར་དང་ཁྱུང་ལྔའི་ཁ་བསྒྱུར་བརྒྱད་ལ་སོགས་པ་ལྟ་བུ་ཡིན་ནོ། །
          ༥ ཁ་གསབ་ཞེས་པ།
          ཕོན་འབོར་ཆེ་བའི་ཐོན་སྐྱེད་བྱས་པའི་སྨན་ལ་དགོས་ངེས་ཀྱི་སྨན་སྦྱོར་བྱེ་བྲག་པ་འགའ་ཞིག་ཚད་ལོན་མ་བྱུང་རིགས་བསྐྱར་དུ་གསབ་པའི་དོན་དུ་གོ་དགོས་པ་སྟེ་དཔེར་ན་གྷི་ཝཾ་དགུ་པའི་སྟེང་གྷི་ཝཾ་བསྣན་པའམ་གསབ་པ་ལྟ་བུ་ཡིན་པས་གོ་བབ་མི་འདྲ་བ་ཡིན་སྙམ།
བཞི་པ། ཁ་ཚར་སོགས་འདེབས་པར་ངེས་པར་དུ་བཏང་དགོས་པའི་རིག་པ།
          དེ་ཡང་སྐྱེམས་པ་ཚེ་དབང་གི་རྒྱུད་འགྲེལ་དུ་རྗེ་ཟུར་མཁར་བས། གང་བཏང་རྒྱུ་ཡི་སྨན་གྱི་ངོས་འཛིན་པ། གང་དུ་བཏང་ཡུལ་ནད་ཀྱི་དམིགས་དབྱེ་བ། ཇི་ལྟར་བཏང་ཚུལ་སྦྱོར་སྡེ་ཡི་ལག་ལེན། སྦྱོར་བ་ཚད་ལྡན་སྨན་གྱི་ཡོན་ཏན། །ཞེས་པའི་རྣམ་བཞག་བཞིའི་དགོངས་དོན་བཞིན་བརྗོད་པ་ལ་འདིར་ནད་གང་ཡིན་སོགས་གཏན་འཁེལ་བྱུང་རྗེས་སུ་ལག་ལེན་བསྟར་བྱ་ཁ་ཚར་ཡིན་པས་དང་པོ་གང་དུ་བཏང་ཡུལ་ནད་ཀྱི་དམིགས་དབྱེ་བ་ནས་ཞུ་བར།
          ༡ གང་དུ་བཏང་ཡུལ་ནད་ཀྱི་དམིགས་དབྱེ་བ། དེ་ཡང་ཁ་ཚར་སོགས་འདེབས་པར་ཐོག་མར་གསོ་ཡུལ་རྟེན། ན་ཚོད། རང་བཞིན། མེ་དྲོད། ལུས་ཟུངས་བཟང་ངན་སོགས་བྱེ་བྲག་ཕྱེས་པའི་ཐོག་གང་ཞུགས་པའི་ནད་གཞིའི་རྒྱུ་རྐྱེན། གྱུར་ཚུལ། དབྱེ་བ། རྟགས་སོགས་ལ་བརྟེན་པའི་ནད་གཞི་རང་རྒྱུད་གནོད་བྱ་གནས་དང་གཞན་རྒྱུད་ལོག་པའི་ལམ་ལ་ཞུགས་པའི་རིགས་སོགས་ཀྱི་དབྱེ་བ་བྱེ་བྲག་ཏུ་ཕྱེས། གསོ་བྱ་དེ་ལ་གསོ་ཚུལ་གང་གིས་གསོ་ཐབས་གང་བྱེད་སོགས་གདེངས་ལྡན་གནད་དུ་སྨིན་པའི་རྩ་དོན་དེའི་ཐོག་ནས་རྒྱུན་སྨན་གཏོང་ངམ་ཡང་ན་ཁ་ཚར་རམ་ཁ་བསྒྱུར་སོགས་གང་སྤྱོད་ལ་འཇུག་དགོས་པ་ཡིན་ནོ།
          ༢ གང་བཏང་རྒྱུ་ཡི་སྨན་གྱི་ངོས་འཛིན་པ། གོང་ལྟར་གང་ལ་གཏོང་ཡུལ་ནད་གཞིའི་བྱེ་བྲག་ཕྱེས་པའི་རྗེས་སུ་གང་གཏོང་བྱའི་གཉེན་པོ་དེ་ཉིད། ཟུངས་དང་དོན་སྣོད་ཀྱི་སྟོབས་བསྐྱེད་པར་རམ། ནད་ཀྱི་ངོ་བོ་གཞོམས་པར་རམ། འདུ་བ་སྙོམས་པར་སྤྱོད་པ་སོགས་ཀྱི་དམིགས་ཡུལ་ལེགས་པར་ཕྱེས་ནས་རྩ་བའི་སྨན་གྱི་སྦྱོར་ཚད་དང་། དེའི་རོ་ནུས་ཡོན་ཏན་ལ་སོགས་པ་དཔྱིས་ཕྱིན་པར་མཁྱེན་རྟོགས་ཡོད་དགོས་པ་མ་ཟད། དེའི་རྨང་གཞིའི་སྟེང་དུ་རང་གིས་བཏབ་རྒྱུ་དེ་སྨན་ནུས་བསྐྱེད་པར་ཡིན་ནམ། ནུས་པ་འཇམ་དུ་གཏོང་བ་ཡིན། ནུས་པ་རྣོ་བྱེད་ཡིན། ནུས་པ་ཆེར་གཏོང་ཡིན། སྨིན་སྡུད་འབྱེད་པར་རམ། ནད་ཀྱི་ངོ་བོ་འཇོམས་པ་སོགས་གང་ལ་དམིགས་ཏེ་ཁ་ཚར་བཏབ་རྒྱུ་ཡིན་པ་དང་། དེ་བཞིན་རང་གི་བཏབ་རྒྱུ་ཏེ་ཁ་ཚར་ཡིན་ནམ། ཡང་ན་ཁ་བསྒྱུར་དང་། ཁ་འཛིན་སོགས་གང་ཡིན་ངེས་པའི་ཐོག་རྩ་བའི་སྨན་སྦྱོར་སྟེང་དུ་བསྐྱར་དུ་བཏབ་རྒྱུའི་སྨན་དེའམ་དེ་དག་གི་རོས་འདི་བྱེད། ནུས་པས་འདི་བྱེད། སྟོབས་ཀྱི་འདི་བྱེད། ཞུ་བྱེད་ཀྱིས་འདི་བྱེད་པ་སོགས་ཚུལ་བཞིན་ཤེས་དགོས་ལ། ཁ་ཚར་བཏབ་ཟིན་པའི་རྗེས་སུ་རོ་ནུས་ཞུ་རྗེས་གང་འདྲ་ཞིག་ཏུ་འགྱུར་མིན་ཐད་དེ་བས་ཞིབ་འཇུག་བྱ་དགོས་པ་གནད་དུ་མཐོང་བ་མ་ཟདཡང་སྒོས་ནུས་པ་རྐྱང་སེལ་དང་ཤེལ་གོང་ཕྲེང་། མི་ཕམ་སྔོ་སྦྱོར་སོགས་ལ་བསྟེན་ནས་གང་འདེབས་རྒྱུའི་སྨན་ནུས་ལ་དཔྱིས་ཕྱིན་པའི་ཞིབ་འཇུག་གནང་དགོས་པ་སོགས་རྒྱས་པར་གཞན་དུ་ཞུ་བྱ་ཡིན།
          ༣ ཇི་ལྟར་བཏང་ཚུལ་སྦྱོར་སྡེ་ཡི་ལག་ལེན། གོང་ཞུས་ཇི་ལྟར་བྱ་ཚུལ་གྱི་གནད་རྣམས་ཤེས་པའི་རྨང་གཞིའི་སྟེང་དངོས་གཞིའི་ལག་ལེན་གང་དག་སྤྱོད་མིན་ཐད་ནད་རིགས་བྱེ་བྲག་པ་སོ་སོར་དམིགས་པའི་ཞི་སྦྱོང་གང་བྱེད་དང་། དེ་སོ་སོའི་ནང་གསེས་གང་སྤྱོད། གང་སྤྱོད་རྒྱུ་དེའི་ལག་ལེན་ཁག་དཔྱིས་ཕྱིན་པར་ཤེས་དགོས་པ་མ་ཟད། སྨན་སྦྱོར་བྱེ་བྲག་པ་སོ་སོ་སོའི་འདུལ་སྦྱོངས་ལག་ལེན་ཁག་ཀྱང་ཚུལ་བཞིན་ཤེས་དགོས་པ་ཡིན་ལ་དེ་ལྟར་ལག་ལེན་བགྱིས་པའི་སྦྱོར་བ་དེ་དག་གི་ནུས་པ་ཐོན་ཚུལ་དག་ཀྱང་རོ་ནུས་ཞུ་རྗེས་གང་ཞིག་གིས་ཚུལ་ཇི་ལྟར་ཐོན་ཚུལ་དག་ཀྱང་གསལ་ཤེས་དགོས་ལ་གཏང་ཚུལ་ཁག་ཀྱང་གཞུང་བཞིན་ལག་ཏུ་ལེན་པ་དག་ལ་བྱ་བ་ཡིན། འདི་ཐད་སྨན་པ་དང་སྨན་སྦྱོར་པ་སོ་སོ་ནས་བྱེ་བྲག་ཏུ་ཤེས་དགོས་པའི་གནད་མང་བས་གཞན་དུ་ཞུ་བར་བྱའོ།
          ༤ སྦྱོར་བ་ཚད་ལྡན་སྨན་གྱི་ཡོན་ཏན། དེ་ལྟར་ལག་ཏུ་བླང་བྱའི་རིམ་པ་ཁག་གཞུང་དང་མན་ངག་བཞིན་ཚད་དང་ལྡན་པ་ཞིག་ལག་ལེན་བྱས་པ་ཡིན་ཕྱིན་དམིགས་བྱ་ནད་ཀྱི་ངོ་བོ་གཞོམས་པའམ། འཕེལ་ཟད་ཀྱི་འདུ་བ་སྙོམས་པ་སོགས་གང་ལ་དམིགས་པ་དེ་ཉིད་ཀྱི་ཕན་ཡོན་ཇི་བཞིན་འབྱུང་བ་ཡིན་ལ་གཞན་ནད་པའི་ཟུག་ངུ་སེལ་ཞིང་ཚེ་རིང་དུ་བསྲིང་བ་དང་། རང་སྨན་པའི་གཞུང་དང་ལག་ལེན་གང་ཐད་ནས་ཡར་རྒྱས་འགྲོ་བ་སོཊ་ཡོན་ཏན་ནམ་འབྲས་བུ་བླ་ན་མེད་པ་འབྱུང་བར་གདོན་མི་ཟ་བ་ཡིན་པས་གཞུང་དང་མན་ངག་ལས་བྱུང་རིགས་དང་། རང་གི་རིག་པས་དཔྱད་རིགས་གང་ཡང་ཟིན་བྲིས་སུ་བཏབ་ཏེ་ཕྱོགས་བསྡོམས་དང་། དཔྱད་ཡིག་ཚད་ལྡན་བཟོས་ཏེ་དེ་བས་ལེགས་པའི་ཞིབ་འཇུག་གནང་བ་ཡིན་ན་རང་ལུགས་གསོ་རིག་བསྟན་པ་དང་འགྲོ་བ་ནད་པ་རྣམས་ཀྱི་གསོས་སུ་འགྲོ་བར་གདོན་མི་ཟ་བ་དང་། དེ་ལྟའི་ལག་ལེན་ཁག་བརྒྱུད་མར་འཕེལ་རྒྱས་འགྲོ་བའི་གཞི་རུ་འགྱུར་བ་ཡིན། དེ་ལས་བཟློག་སྟེ་རང་བཟོ་དང་གང་བྱུང་འོལ་ཚོད་དུ་འཇུག་ན་རང་གཞན་གཉིས་ཕུང་གི་རྒྱུ་རུ་འགྲོ་བས་དུས་རྟག་ཏུ་གཟབ་དགོས་པ་ཡིན་ནོ།
ལྔ་པ། ཁ་ཚར་སོགས་ཀྱི་འདེབས་ཚད།
          ༡ ཁ་ཚར་གྱི་གྲངས་དང་ཚད། སྨན་གང་དང་གང་སྟེང་ཁ་ཚར་འདེབས་དགོས་ཀྱང་། ཞི་བྱེད་སྐབས་སུ། སྨན་སྣེ་གཅིག་ནས་གསུམ་བར་འདེབས་པ་ལས་མི་མང་བ་དང་། ལྔ་དྲུག་ཡན་འདེབས་པ་ནི་མན་ངག་ཟབ་མོ་ལྷན་ཐབས་དང་གཅེས་བཏུས་ཁག་ལས་འབྱུང་བ་ལྟར་ཡིན་སྟེ་དེ་དག་ནི་ནད་རིགས་བྱེ་བྲག་པ་སོ་སོར་དམིགས་བསལ་གྱི་ནུས་པའང་གཞན་འབྱུང་བ་ཡིན་པ་རྣམས་གཞུང་དེ་དག་ལས་འབྱུང་བ་བཞིན་ནོ། དེ་བཞིན་གཙོ་བརྒྱད་གཡུ་རལ་མ་ལྟ་བུ་བོང་མཉམ་གྱི་སྟག་ཤ་བསྣན་པ་དང་། དཀར་དྲུག་འཕྲུལ་འཁོར་སྐབས་བོང་མཉམ་གྱི་མགྲོན་ཐལ་བསྡེབ་པ་སོགས་དམིགས་བསལ་འགའ་ཕུད་དེ་མིན་ཁ་ཚར་ཁག་སྦྱོར་བའི་གཙོ་བོ་གང་ཡིན་དེའི་ལྡབ་གཅིག་གམ་ཡང་ན་མཉམ་པ། ཡང་ན་ཕྱེད། ཡང་ན་འཁོར་སྨན་ཞིག་དང་མཉམ་པ་དག་འདེབས་དགོས་པ་གནད་གཙོ་བོ་དང་། དེ་དག་ཀྱང་དམིགས་བྱ་ནད་སྟོབས་དང་ཟུངས། དེ་མིན་འདེབས་བྱའི་དམིགས་ཡུལ་གང་ལ་དམིགས་པའི་ཁ་ཚར་སྣེ་གྲངས་དང་སོ་སོའི་ཚད་ཇི་དགོས་གཞུང་དང་མི་འགལ་བ་ཞིག་དགོས་ཏེ་རྒྱུད་ལས། ཚད་མེད་ཆ་མཉམ་གཙོར་སྨྲོས་ཐུན་ཚད་བསྐྱེད། །ཚད་བཤད་ཚད་བཞིན་སྦྱར་བ་གཅེས་པ་ཡིན། །ཞེས་གསུངས་པ་ལྟར་རོ། དེ་ཡང་དཔེར་ན་གཅིན་འགག་ལ་སྤྱོད་པའི་ཉི་དཀྱིལ་ཁ་ཚར་ལྟ་བུར་མཚོན་ན། ཉི་དཀྱིལ་ཁེ་༩༠ ལ་ཁ་ཚར་དུ་གཙོ་བའི་སྦྱོར་ཚད་ཀྱི་ཉིས་ལྡབ་སུ་སྤྱོད་ན་རྒྱ་ཚྭ་སྡིག་སྲིན་གསེར་བྱེ་བཅས་ཁ་ཚར་གསུམ་པོ་ཁེ་དྲུག་རེ་འདེབས་པ། ཆ་མཉམ་དུ་འདེབས་ན་སོ་སོ་ཁེ་གསུམ་རེ་འདེབས་རྒྱུ་ལྟ་བུ་དང་། ཡང་ན་ཁ་ཚར་སོ་སོ་ནས་བསྐྱེད་འགྲོས་སྤོར་གཅོག་སོགས་རིག་པས་འཕྲུལ་ཤེས་དགོས་པ་སྟེ་དེའི་རིག་པས་དཔྱད་དེ་དཔག་དགོས་པ་ཡིན། གཤམ་དུ་སྤྱིར་བཏང་ཁ་ཚར་གྱི་ཚད་ཙམ་དཔྱད་གཞིར་ཕུལ་ན། ཁ་ཚར་བཏབ་རྒྱུའི་གཞི་སྨན་གྱི་སྦྱོར་བ་ཤེས་ན་དེ་དང་། མ་ཤེས་ན་གཞི་སྨན་གྱི་བསྡོམ་འབོར་ཁེ་གྲངས་དེ་སྨན་དེའི་སྦྱོར་བའི་གྲངས་ཇི་ཡོད་དེས་བགོས་པས་སྨན་སོ་སོའི་སྦྱོར་བ་སྤྱི་ཙམ་ཐོན་པ་དང་། དེ་ལ་གཞི་བྱས་ནས་བཏབ་རྒྱུའི་ཁ་ཚར་དེ་གཙོ་བོའི་སྨན་དང་མཉམ་པའམ། ཉིས་ལྡབ། གཙོ་སྨན་གྱི་ཕྱེད་སོགས་ཇི་དགོས་རིག་པས་དཔྱད་པས་ཁ་ཚར་གྱི་ཚད་སྤྱི་ཙམ་ཐོན་པ་ཡིན། དེ་ཡང་སྨན་སྦྱོར་འབྲིང་པོ་དག་ལ་དཔེ་བྱས་པ་ཞིག་ཡིན་པས་དེའི་རིག་པས་སྨན་སྦྱོར་ཉུང་ངུ་དང་མང་པོ་ཡོད་རིཊ་ལ་རིག་པས་དཔྱད་དེ་སྦྱོར་གནང་དགོས་པ་ཡིན་ནོ། དམིགས་བསལ་བཙོ་ཆེན་ལ་སོགས་པ་ཐུན་ཆུང་ངུས་ཀྱང་ནུས་པ་ཐོན་པར་གསུངས་པས། སྟོད་སྨན་གཞོན་ནུས་གསོས་ཀྱིས། བདུད་རྩི་དར་ཡ་ཀན་ཞེས་པ། །ཡུངས་འབྲུ་ཙམ་ཞིག་བསྟེན་པ་ཡིས། །ཕན་ཡོན་བསམ་གྱིས་མི་ཁྱབ་འབྱུང་། །ཅེས་སོགས་གསུངས་པ་ཡིན་ལ། མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་གསང་སྨན་གུར་མཆོག་ཁ་ཚར་ལ་སྨན་གཞན་ཁེ་༩༠ ཙམ་ལ་བཙོ་ཆེན་ཁེ་གཅིག་གི་འགྲིག་པར་གནང་བས་མཚོན་པ་ལྟ་བུའོ། དེ་བཞིན་བཟི་ལྡན་རིགས་སྨན་ཆེན། ཐང་ཕྲོམ་རིགས། སྟག་ཤ། དུར་བྱིད། ཐར་ནུ། འཛིན་པ་ལ་སོགས་ན་ཚོད་དང་ལུས་ཟུངས་སོགས་ལ་དཔགས་པའི་ཚད་ཤེས་དགོས།
          ༢ ཁ་འཛིན་དང་ཁ་བསྒྱུར་གྱི་ཚད། ཁ་འཛིན་དང་ཁ་བསྒྱུར་ནི་གནས་དང་ནད་གཞི་གཞན་གྱི་ཉེན་སྲུང་ཕྱིར་སྤྱོད་པ་ཞིག་དང་། སྨན་དེ་ནད་ཐོག་ཏུ་མདེ་ཁ་བསྒྱུར་ནས་སྤྱོད་པ་ཞིག་ཡིན་པས་སྨན་སྣེ་གཅིག་ནས་གཉིས་ལས་མི་མང་བ་རྒྱུད་དགོངས་ཡིན་ལ་དེའི་ཚད་ཀྱང་གཙོ་སྨན་དང་མཉམ་པ་པ་ཙམ་ལས་མི་མང་བ་སྟེ། ཇི་སྐད་དུ། ཁ་འཛིན་ཐུན་ཆེས་གཙོ་བོའི་ནུས་པ་འཇོམས། །འདི་ནི་སྲན་མ་ཙམ་གྱིས་དོན་བྱེད་ནུས། ། ཅེས་གསུངས་པ་ལྟར་ཡིན།
          ༣ སྦྱོངས་བྱེད་སྐབས་སུ། རྒྱུད་ལས་གང་འབྱུང་བ་དང་མཁས་པའི་ཞལ་རྒྱུན་ལས་གཞན་ཁ་ཚར་དང་ཁ་བསྒྱུར་སོགས་གང་འདེབས་ཀྱང་ཉུང་ངུ་ལས་མི་འདེབས་པ་མན་ངག་ཡིན་ནོ།
          ༤ ཞར་བྱུང་། མི་ལྡེང་བ་ཁ་གསབ་ལྟ་བུར་སྤྱོད་ཚེ་སྦྱོར་བར་ཇི་དགོས་འདེབས་པའམ་གཙོ་སྨན་དང་མཉམ་པ་སོགས་གཙོ་བོའི་སྨན་གྱི་ནུས་པ་གཞན་དུ་མི་འགྱུར་བ་ཞིག་དགོས་པ་ཡིན་ནོ།
དྲུག་པ། ཁ་ཚར་འདེབས་པར་གཟབ་དགོས་པའི་དོན་གནད།
          ༡ སྨན་པས་གཟབ་དགོས་པ། ཁ་ཚར་སོགས་ཀྱི་སྐབས་གཞུང་དང་ལག་ལེན་ཚད་དང་ལྡན་ཁར་སྨན་ཤོག་སོགས་སྟེང་གཙོ་བོའི་སྨན་དང་ཁ་ཚར་སྨན་གང་དང་། ཚད་ཇི་ཙམ། འདུལ་སྦྱོངས་གང་ལྟར་སོགས་གསལ་འགོད་དང་། ཐུན་ཚད་ཇི་ཙམ་དང་། གཏོང་ཚུལ་ཇི་ལྟར་སོགས་ནད་པར་མངགས་བྱ་ཚད་ལྡན་གནང་དགོས་པ་ཡིན། དེ་མིན་ཁ་ཚར་ལས་གཉེན་པོ་དམན་ལྷག་ལོག་པར་མི་འགྱུར་བ་ཞིག་ལ་ཅི་ནས་གཟབ་དགོས་པ་ཡིན། གཞན་ཆུ་བཞིའི་ནད་རིགས་ལ་མཚེ་དང་ཁ་གུར། བཅོས་མའི་གྷི་ཝང་། དོམ་མཁྲིས་སོགས་རྩ་ཁ་སྡོམ་སྨན་དང་། ས་སྨན་རྡོ་སྨན་བཟི་སྨན་རིགས་ སོགས་མི་སྤྱོད་པ་གནད། སྦྲུམ་ལྡན་ལ་གླ་རྩི། སྦྲུལ་ཤ། རྒྱ་རུ། དེ་མིན་སྐེམས་སྨན་རིགས། བཟི་སྨན་རིགས། གཏེར་ རྫས་སྨན་རིགས་སོགས་སྤྱོད་པར་གཟབ། ཁྲག་རྐྱེན་སྙིང་ནད་དང་། ཁྲག་འཁར་འགག་སོགས་ལ་རྩ་སྒོ་བསྡོམ་པའི་སྨན་རིགས་དོམ་མཁྲིས། ཁ་གུར། མཚེའི་ཁཎྜ། བཅོས་མའི་གྷི་ཝང་ལ་སོགས་སྤྱོད་པར་གཟབ། བཅུད་ལེན་རོ་ཙ། ཟུངས་ཞན། རྒས་པ་གསོ་བ་སོགས་ལ་བཟི་སྨན་སྤྱོད་པར་གཟབ། གཉན་ཤས་ཆེ་བའི་རིགས་ལ་ག་བུར་སྤྱོད་པར་གཟབ་རྒྱུ་དང་དེའི་ཚབ་ཏུ་སྟོང་ཟིལ་གཡའ་ཀྱིའི་ཁཎྜ་བཏང་ཡང་དེ་བས་ལེགས། བཅུད་ལེན་རོ་ཙ་སོཊ་ཀྱི་སྨན་རིགས་དྲོད་སྨན་དང་བསྡེབས་པའམ་བསིལ་དྲོད་སྙོམས་པའི་སྨན་དང་བསྡེབས་པ་ལས་བསིལ་སྨན་དང་མི་སྦྱོར་བ་སོགས་ཡིན་ལ། གཞན་ཡང་མི་འཕྲོད་པའི་རིགས་དཔེར་ན་སྨན་ཡང་བ་དང་ལྕི་བ་སྦྱར་བ་དང་། ཚ་བ་དང་བསིལ་བ་སྦྱར་བ་ལ་སོགས་པ་སྤངས་ཏེ་རོ་ནུས་ཞུ་རྗེས་ཡོན་ཏན་ངོ་བོ་སོགས་ལ་དཔགས་ནས་བསྡེབ་ཚུལ་ཤེས་དགོས།
          ༢ སྨན་སྦྱོར་པ་སོགས་ནས་གཟབ་དགོས་པ། ཁ་ཚར་འདེབས་རྒྱུའི་སྨན་དེ་སོ་མ་རྙིངས་པ་དང་། ཉར་འཇོག་ལེགས་པ། སྤུས་ཚད་སོགས་སྨན་གཞན་ལས་ལྷག་པ་དགོས་ལ། ཁ་ཚར་འདེབས་རྒྱུའི་སྨན་རིགས་ཁག་གད་གཙང་སྤུས་དག དུས་འདས་ནུས་ཡོལ་རིགས་མ་ཡིན་པ། འདུལ་སྦྱོངས་སོགས་ཚད་དང་ལྡན་པ། དེ་མིན་རྒྱ་ནག་ནས་ཡོང་བའི་མུ་ཏིག་ཕྱེ་མ་རྫུན་མའི་རིགས་ནམ་ཡང་འདེབས་མི་རུང་བ་སོགས་འདེབས་རྒྱུའི་ཁ་ཚར་ཉིད་ལ་ཞིབ་དཔྱད་ནན་པ་ཞིག་གནང་དགོས། དེ་མིན་ཁ་ཚར་ལ་སྤྱོད་རྒྱུའི་སྨན་རྒྱུ་ཁག་དུག་འདོན་ལས་བསྣོན་དགོས་རིགས་གནད་སྨིན་གནང་དགོས་མ་ཟད། བཙོ་ཆེན་སོགས་རྡོ་གཞོང་ཁོ་ན་སྤྱོད་རྒྱུ་དང་། ཞིབ་བཏགས་འཁོར་རིགས་གཙང་སེལ་གང་ལེགས་ཀྱིས་སྨན་རིགས་སྔ་ཕྱི་གཉིས་ཕན་ཚུན་ཅུང་ཟད་ཙམ་ཡང་མ་འདྲེས་པ་གནང་དགོས་ལ། དེ་མིན་ཁ་ཚར་འདེབས་མི་སྒེར་གྱི་གཙང་སྦྲ་སོགས་དེ་བས་ཚགས་ཚུད་གནང་དགོས་པ་སོགས་གཞུང་བཞིན་དགོས་པ་ཡིན།
བདུན་པ། ཞར་བྱུང་སྨན་གཉིས་སྡེབ་ཚུལ།
          དེ་ལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཟིན་ཏིག་ལས། སྨན་གཉིས་བསྡེབས་དགོས་རིགས་ལ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར། བདུད་ཏིག གྷི་ཏིག གསེར་ཞི། ཀ་རུ་སོགས་རྒྱུད་དང་མན་ངག་བར་མ་ཆད་པ་ལས་བྱུང་བ་རྣམས་ལས་རིགས་བཟོས་གང་འདོད་དུ་བསྡེབ་མི་རུང་། ཕྱོགས་བསྡེབ་སྐབས་སུའང་སྨན་ཁྲོལ་བུ་ཕྱོགས་གཅིག་ཏུ་བསྡུ་བརྡུང་བྱེད་པ་དེ་ཕྱག་ལེན་ལེགས་པའི་ཕྱོགས་ཡིན། སྨན་ཕྱེ་ཚོ་གཉིས་ཕྱོགས་བསྲེ་བྱེད་པ་དེ་མི་ལེགས་པར་གསུངས། །ཞེས་འབྱུང་བས། འདིར་སྔར་ནས་བསྡེབ་སྲོལ་ཡོད་རིགས་འགའ་ཞིག་བཀོད་ན། ཆམ་རིམས་སོགས་ལ་གཙོ་བོ་བརྒྱད་པ་དང་ནོར་བུ་བདུན་ཐང་བསྡེབ་པ་སྤྲིན་བྲལ་ཟླ་ཟེར། བད་མཁྲིས་ནད་ལ་བདུད་གསུམ་དང་ཏིག་བརྒྱད་བསྡེབ་པ་བདུད་ཏིག མཆིན་ནད་ཁྲག་མཁྲིས་ཤས་ཆེར་བར་གྷི་ཝཾ་དགུ་པ་དང་ཏིག་བརྒྱད་བསྡེབ་པ་གྷི་ཏིག གསེར་མདོག་ལྔ་པ་དང་ཞི་དྲུག་བསྡེབ་པ་ཞི་གསེར་རམ་གསེར་ཞི། དཀར་དྲུག་དང་རུ་དྲུག་བསྡེབ་པར་ཀ་རུ། གཞན་ཡང་གློ་རླུང་ལ་དྲང་སྲོང་ཨར་བརྒྱད་དང་ནོར་བུ་བདུན་ཐང་བསྡེབ་པ་དང། ཁྲག་མཁྲིས་ནད་ལ་གུར་མཆོག་དང་ཏིག་བརྒྱད་བསྡེབ་པའི་གུར་ཏིག བད་ཀན་འགུལ་འགག་ཁྲག་ཤས་ཆེ་བར་གུར་གུམ་བཅུ་གསུམ་དང་བདུད་གསུམ་བསྲེས་པ། མ་ཞུ་བ་དང་སྨུག་པོ་གྲང་རྐྱེན་སོགས་ལ་ཅོང་དྲུག རུ་དྲུག ཞི་དྲུག དཀར་དྲུག་བཅས་བཞིའི་ནང་ནས་སྦྱོར་བ་གཅིག་པ་བྱས་པ་རྣམས་འཕྲི་བའི་དུང་རུ་བཅོ་བརྒྱད། ཀླད་གཟེར་ལ་ཏིག་བརྒྱད་དང་མགོ་ཐང་གསུམ་པ་བསྲེ་བ། དེ་མིན་རུ་དྲུག་དང་ཞི་དྲུག་བསྲེ་བ། གྲུབ་རིལ་དང་ཏིག་བརྒྱད་བསྲེ་བ་སོགས་མཁས་པའི་ཞལ་རྒྱུན་ཡོད་པ་ཕུད་གཞན་མ་གྷི་ཙན་སོགས་དང་། ཁྱུང་ལྔ་ཡོད་པ་གཞིར་བཅས་པའི་སྤོས་ཁྱུང་བཅོ་ལྔ་དང་གུར་ཁྱུང་སོགས་འཁྲུལ་སོ་ཆེ་རིགས་བཟོ་གྲྭ་ཁག་ནས་བཟོས་ཟིན་བཏོང་བ་ལེགས་པར་མཐོང་སྟེ་སྦྱོར་བ་འགའ་ཞིག་ལྡབ་ལོག་འགྲོ་སྲིད་པས་གཟབ་དགོས་པ་བཅས་འདིར་རང་གིས་གང་ཤེས་ལྷག་བསམ་དག་པས་བྲིས་ཏེ་ཕུལ་བ་ཡིན། འདི་ན་རང་ལུགས་གཞུང་གི་དགོངས་པའི་བཅུད། ཁ་ཚར་དག་ལ་ཉེར་མཁོའི་ལག་ལེན་དག རང་མཉམ་དག་ལ་ཅུང་ཟད་སྨན་པའི་ཕྱིར། བརྗོད་ལ་འགལ་བ་གང་དག་རང་གི་སྐྱོན། འདི་ནི་དཔྱད་བྱ་ཡིན་གྱི་བླང་བྱ་མིན། བློ་སྒོ་འབྱེད་ཕྱིར་ཡིན་གྱི་ཚད་གཞི་མིན། ལྷག་བསམ་དག་པས་ཡིན་གྱི་གྲགས་འདོད་མིན། མཁས་རྣམས་འཇུག་བྱ་དེ་བས་ཀྱང་མ་ཡིན། དེ་ལས་བྱུང་བའི་དགེ་རྩ་གཟེགས་མ་ཙམ། ཡོད་ཚེ་རིང་ནས་འགྲོགས་པའི་ལྷག་བསམ་ཀྱི། དངས་པའི་མཚོ་དང་ཡིད་བཞིན་འདྲེས་གྱུར་ནས། གསོ་རིག་ཞིང་ས་བརླན་པའི་རྒྱུ་རུ་བསྔོ། བདག་ཀྱང་ཚེ་རབས་ཕྲེང་བ་ཐམས་ཅད་དུ། བཤེས་གཉེན་དམ་པས་ཐུགས་རྗེས་བཟུང་བཞིན་དུ། གངས་ཅན་རིག་པ་སྨྲ་བར་ཚུད་དང་ལྷན། སྨན་རྩིས་བསྟན་པའི་སྲི་ཞུ་སྒྲུབ་ནུས་ཤོག། ཅེས་པ་འདི་ཡང་དགེ་བའི་བཤེས་གཉེན་དུ་མའི་ཐུགས་རྗེའི་བཀའ་དྲིན་གྱིས་འཚོ་བཞིན་པ། གངས་ཅན་རིག་པ་སྨྲ་བའི་འདུས་ཚོགས་གཡོ་རུ་སྨན་རྩིས་འགྲོ་ཕན་གླིང་གི་སྨན་རྩིས་འཛིན་པའི་གྲལ་ཐ་བ་པ་སངས་ལྷུན་གྲུབ་ཏུ་འབོད་པས་ལྷག་བསམ་གྱི་ཀུན་སློང་བཟང་པོས་ཕུལ་བ་དགེ་བར་གྱུར་ཅིག།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716