༄༅།།བྲག་དཀར་སྤྲེལ་རྫོང་།
སྤེལ་དུས། 2010-05-24   ཡོང་ཁུངས།    རྩོམ་པ་པོ།  དཔལ་མགོན།

དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་གནས་མཆོག་འདི་ནི་མཚོ་སྔོན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་གྱི་སར་གནས་ཤིང་།གནས་རི་འདི་ཉིད་གཡའ་མ་དཀར་བོའམ་བྲག་རྡོ་སྐྱ་བོ་ལས་གྲུབ་པའི་རི་ཚོགས་ཤིག་ཡིན་པས་བྲག་དཀར་ཞེས་དང་། རི་འདིའི་གནས་བདག་གམ་སྲུང་མ་ནི་ལུས་པོ་མི་དང་མགོ་བོ་སྤྲེལ་ཅན་གཉན་སྤྲེལ་ཟླ་བ་ཆེན་པོ་ཞེས་པ་དེ་ཡིན་པས་བྲག་དཀར་སྤྲེལ་རྫོང་ཞེས་ཐོགས། གནས་འདིའི་མཐའ་སྐོར་དུ་གངས་རི་དང་རྫ་རི། ནགས་རི་དང་སྤང་ཐང་། ལྟེང་ཀ་དང་འབབ་ཆུ་སོགས་ཀྱིས་བསྐོར་ཅིང་རི་དྭགས་དང་འདབ་ཆགས་བག་ཕེབས་ངང་རྒྱུ་བ་སོགས་དབེན་གནས་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་པས། མདོ་སྨད་ཆོས་འབྱུངལས། བྲག་སྟོད་མེ་ལྕེ་མཆོད་འདྲ་ལ།། བྲག་ཞབས་མུན་པ་འཁྲིགས་པ་ཡི།། ཞེས་གསུངས་པ་བཞིན་བྲག་རི་དབྱིབས་མི་འདྲ་བ་སྣ་ཚོགས་མེ་ལྕེ་མཆེད་པ་དང་འདྲ་བར་ཕྲེང་བསྒྲིགས་པ་ལ་རང་བྱོན་ཡ་མཚན་ཅན་བགྲང་གིས་མི་ལང་བས་བརྒྱན་ཡོད་པར་བརྟེན། ཡུལ་མདོ་སྨད་ཀྱི་ཙ་རི་ཏྲ་ཞེས་དང་འཁོར་ལོ་སྡོམ་པའི་ཕོ་བྲང་ཞེས་སྔ་ཕྱིའི་སྐྱེས་ཆེན་མང་བོས་ཡང་ཡང་བསྔགས་སོ།།
    
བསྟན་པ་སྔ་དར་གྱི་སྐབས་སུ་སློབ་དཔོན་ཆེན་པོས་རྫོང་འདིའི་གནས་སྒོ་ཐོག་མར་ཕྱེ་བ་ཡིན་ཏེ། འབྲི་གུང་ཆོས་ཀྱི་གྲགས་པས་མཛད་པའིསྤྲེལ་རྫོང་གནས་བཤདལས། གྲུབ་པའི་གནས་མཆོག་བྲག་དཀར་སྤྲེལ་རྫོང་འདིར།། སྔོན་ཚེ་མཚོ་སྐྱེས་རྡོ་རྗེ་ཞབས་བསྐྱོད་ནས།། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤེལ་བའི་སླད།། བསྟན་འགྲོའི་གཤེད་གྱུར་མ་རུངས་ཀུན་བཏུལ་ནས།། ཕྱོགས་འདིར་སྔོན་མེད་དགེ་ལེགས་ཁྱད་མཚར་བསྐྲུན།། ཅེས་དང་། མདོ་སྨད་ཆོས་འབྱུངལས། སློབ་དཔོན་པད་མ་འབྱུང་གནས་ཉིད།། ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།། དམ་སྲི་སྤུན་དགུ་དམ་ལ་བཏགས།། དེ་ནས་སྲོད་དང་ཐོ་རེངས་ལ།། སྲིན་པོ་ཁྲག་གི་རལ་བ་ཅན།། སྲིན་མོ་མི་སྡུག་མཆེ་བ་ཅན།། དེ་གཉིས་བཙས་པའི་འདྲེ་སྲིན་བདུན།། ཁྲོས་ནས་སྤྲེལ་རྫོང་བྲག་ལ་གནས།། ཞེས་གསུངས་པ་བཞིན་་སློབ་དཔོན་གྱིས་འདྲེ་སྲིན་དེ་བདུན་མངོན་སྤྱིད་ཀྱིས་བཏུལ་ཅིང་། གནས་བདག་སྤྲེལ་རྒྱལ་བསྟན་སྲུང་དུ་དམ་ལ་བཏགས་པའི་ཡུལ་ཡིན་པས། ལུང་གསུམ་འདུས་པའི་སྤྲེལ་རྫོང་བྲག་དཀར་འདི།། སྔོན་དུས་སྲིན་པོ་བཏུལ་པའི་གནས་ཡིན་པས།། མཐའ་འདུལ་གནས་ཀྱི་ནང་ནས་ཆེ་བའོ།། ཞེས་པ་སོགས་གནས་བཤད་མང་བོ་བྱུང་ཞིང་། སློབ་དཔོན་གྱིས་སྲིན་པོ་བསྒྲལ་ཤུལ་གྱི་གཤིན་རྗེའི་ཕོ་དོང་མོ་དོང་དང་། ཨུ་རྒྱན་སྒྲུབ་ཕུག་དང་སྒྲུབ་ཆུ། གུ་རུ་སིངྷི། སློབ་དཔོན་གྱི་སྐུ་བརྙན་དང་སློང་བཟེད། ཞབས་རྗེས་རྣམས་རང་བྱོན་དུ་བཞུགས་པ་ད་ལྟའང་མཇལ་དུ་ཡོད་ལ། སྤྲེལ་ལོ་ནམ་ཤར་ལ་དད་ལྡན་རྣམས་གནས་སྐོར་དུ་འགྲོ་བའི་སྲོལ་བྱུང་།
    
གནས་འདིའི་བཀོད་པའི་ཁྱད་ཆོས་ལ། ཐུགས་རྗེ་ཆེན་པོ་ཁ་སརྤཎི་དང་། རྒྱལ་བ་རིགས་ལྔ། གསང་བདེ་འཇིགས་གསུམ། སྨན་བླ་བདེ་གཤེགས་བརྒྱད། ཞི་ཁྲོ་དམ་པ་རིགས་བརྒྱ། མགོན་པོ་ཆོས་རྒྱལ་སོགས་མདོར་ན་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་སོགས་པའི་སྐུ་རྟེན་གྱི་གཟུགས་བརྙན་དང་། མ་ཎི་ཡིག་དྲུག་ལ་སོགས་པའི་གསུང་རྟེན་གྱི་གཟུངས་སྔགས། རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལ་སོགས་པའི་རང་བྱོན་མང་བོ་ཡོད་པ་རྣམས་རེ་རེ་བཞིན་གླེང་ན་མི་རྫོགས་པ་ཙམ་དུ་ཡོད་ལ། སློབ་དཔོན་གྱི་སྒྲུབ་ཕུག་དང་།མ་ཅིག་ལབ་སྒྲོན་གྱི་སྒྲུབ་ཕུག མཁའ་སྤྱོད་མ་དང་རིག་བྱེད་མའི་སྒྲུབ་ཕུག་སོགས་གྲུབ་གནས་བྱིན་ཅན་ཡང་མང་དུ་བཞུགས། གཞན་ཡང་། སྲིན་མོ་འབྲོ་མ་ཐུབ་པར་ལུས་པའི་སྒྱིད་འཐེན་ལ་དང་། རྗེ་ཙོང་ཁ་པ་དབུས་སུ་ཕེབས་ཁར་ཐོགས་པའི་བཀྲ་ཤིས་ལ། ཐེམ་སྐས་ཞེ་དགུ་ཅན་གྱི་མཐོ་རིས་ལ། དུང་དཀར་ལ། མཁའ་འགྲོའི་ཚོགས་ཁང་། ཤེལ་གྱི་ཀ་བ། མཁའ་འགྲོའི་ཚོགས་ཆུ། བསིལ་བ་ཚལ་གྱི་དུར་རྡོ། ཕ་མའི་དྲི་རྡོ། གཤིན་རྗེའི་མེ་ལོང་། གཤིན་རྗེའི་རྒྱ་མ། གཤིན་རྗེའི་ཐབ་ཀ། གཤིན་རྗེ་བ་མོའི་ལྕི་བ། དམྱལ་བའི་ཟངས་པ་ལ་སོགས་གནས་མིང་དང་དངོས་པོ་ཡ་མཚན་པ་ཤིན་ཏུ་མང་བོ་སྐོར་ལམ་དུ་ཡོད་ཅིང་། དེ་རེ་རེའི་མིང་ཐོགས་ཚུལ་དང་དེ་དག་ལ་མཇལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་གནས་བཤད་ནི་མཐའ་སྐོར་གྱི་ཡུལ་གྲུ་ཀུན་ན་རླུང་ལྟར་གྲགས་སོ།།
     
བསྟན་པ་ཕྱི་དར་གྱི་སྐབས་སུ། འབྲི་གུང་འཇིག་རྟེན་མགོན་པོ་དང་། མ་ཅིག་ལབ་ཀྱི་སྒྲོན་མ། ས་པཎ་ཀུན་དགའ་རྒྱལ་མཚན། འཇམ་མགོན་བློ་བཟང་གྲགས་པ། རྒྱལ་དབང་བློ་བཟང་རྒྱ་མཚོ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ། བློབཟང་ལུང་རིགས་རྒྱ་མཚོ། གྲུབ་དབང་གསེར་ཁང་པ་ཆེན་པོ་སོགས་སྔ་ཕྱིར་མཁས་གྲུབ་མཐའ་ཡས་པས་གནས་འདིར་ཞབས་ཀྱིས་བཅགས་ཤིང་སྒྲུབ་པའི་སྡེ་བཙུགས་ཏེ་བྱིན་གྱིས་བརླབས་པ་ཡིན། ཁྱད་པར་དུ་སྤྱི་ལོ་༡༩༢༡ལོར་སྐྱབས་རྗེ་་རོལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་སྐུ་གོང་མའི་ལུང་བསྟན་ལྟར་ཆོས་སྡེ་ཆེན་པོ་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་བཏབ་མཛད་པ་ནས་བཟུང་། རྡོ་སྦིས་ཤེས་རབ་རྒྱ་མཚོ། སྒོ་མང་བ་འཇམ་དབྱངས་རྒྱ་མཚོ། ཞང་སྟོན་བསྟན་པ་རྒྱ་མཚོ། སྐུ་འབུམ་སྐྱབས་རྗེ་མི་ཉག་ཚང་། རོང་བོ་བློ་བཟང་རྒྱ་མཚོ། གཙང་པ་ལོ་རས་ཚང་སོགས་རབ་འབྱམས་གཞུང་བརྒྱ་སྨྲ་བའི་མངའ་བདག་དུ་མ་སྔ་རྗེས་སུ་ཕེབས་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་རྒྱ་ཆེར་སྤེལ་བས། བཤེས་གཉེན་དགེ་ལེགས་རྒྱ་མཚོ་སོགས་རང་དགོན་གྱི་དགེ་བཤེས་མཚན་ལྡན་མང་བོ་འཁྲུངས་ཤིང་། སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་སོགས་གདན་ཁྲི་འཛིན་པའི་ཡང་སྤྲུལ་ཉེར་བརྒྱད་དང་། དགེ་འདུན་ཞལ་གྲགས་ལྔ་བརྒྱ་བརྒལ་བ་འཕེལ་རྒྱས་བྱུང་སྟེ་མདོ་སྨད་ཕྱོགས་ཀྱི་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཤིག་ཏུ་གྱུར།
       
ང་བརྒྱད་ལོར་རྒྱལ་བསྟན་སྤྱི་ལ་གོད་ཆགས་ཐེབས་དུས་ཆོས་སྡེ་འདི་ཡང་གྱང་གི་རོ་མ་ཙམ་དུ་གྱུར་མོད། སྤྱི་ལོ་༡༩༨༢ནས་བཟུང་ཨ་རོལ་ཚང་གི་ཐུགས་སྲས་ཆུ་སྐྱ་བློ་བཟང་ཐུབ་བསྟན་ཉི་མ་དང་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་གཙོས་གྲྭ་རྒན་འགའི་ཐུགས་བསྐྱེད་ལ་བརྟེན་ནས་འདུ་ཁང་ཀ་བརྒྱ་མ་དང་། བྱང་ཆུབ་མཆོད་རྟེན། བདུད་འདུལ་མཆོད་རྟེན། དུས་འཁོར་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། བྱམས་ཁང་། ཇོ་ཁང་། མགོན་ཁང་། མ་ཎི་འཁོར་ཁང་། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། བདེ་གཤེགས་མཆོད་རྟེན་བརྒྱད་སོགས་རྟེན་དང་བརྟེན་པ་བྱིན་ཅན་མང་བོ་བཞེངས། འདུལ་བ་འཛིན་པའི་དགེ་འདུན་ཡང་ཞལ་གྲངས་སུམ་བརྒྱ་ལྷག་ཏུ་འཕེལ་ཞིང་མདོ་སྔགས་ཀྱི་འཆད་ཉན་བྱེད་པའི་འཛིན་གྲྭ་མང་བོ་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བས་ད་ལྟའི་དུས་འདིར་མོད་སྨད་བསྟན་པའི་མཛེས་རྒྱན་ཞིག་ཏུ་གྱུར་ཡོད།

                                                                                                                མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་བྲག་ཁང་སྣ་ཁ་སློབ་ཁུལ།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060