༄༅།།བྱིའུ་འཇོལ་མོ།
སྤེལ་དུས། 2008-06-13   ཡོང་ཁུངས།    རྩོམ་པ་པོ།   ཨན་ཐུའུ་ཧྲིན་གྱིས་བརྩམས། འཕྲིན་ལས་དོན་གྲུབ་ཀྱིས་བསྒྱུར།

 སྔར་བྱིའུ་འཇོལ་མོ་ཞིག་ཡོད། དེའི་གྲེ་འགྱུར་ཧ་ཅང་སྙན་པས། མུན་རུབ་མ་ཐག་མི་མང་པོ་རྟག་དུ་དེའི་རྩར་བཅར་ནས་ཉན་པར་དགའ། རྒྱལ་པོས་གནས་ཚུལ་དེ་ཐོས་རྗེས་བློན་ཆེན་ལ་ བྱིའུ་དེ་བཙལ་ནས་ཕོ་བྲང་དུ་ཁྱེར་ཤོག  ཅེས་བཀའ་ཕབ། བློན་ཆེན་དེས་ས་ཕྱོགས་སོ་སོར་བཙལ་ཀྱང་མ་ཪྙེད་པས་མཐར་དབུལ་བོའི་བུ་མོ་ཆུང་ཆུང་ཞིག་ལ་རྩད་བཅད། བུ་མོ་དེས་ནགས་ཚལ་དུ་ལམ་ཁྲིད་པས་བློན་ཆེན་གྱིས་བྱིའུ་དེ་ཪྙེད་ཅིང་ཕོ་བྲང་དུ་ཁྱེར། བྱིའུ་འཇོལ་མོའི་གྲེ་འགྱུར་ཧ་ཅང་སྙན་པས། རྒྱལ་པོའང་སེམས་འགུལ་ཐེབས་ནས་མཆི་མ་ཤོར། རྒྱལ་པོས་བྱིའུ་འཇོལ་མོ་གཟེབ་ཅིག་གི་ནང་དུ་བཅུག་ནས་ཕོ་བྲང་དུ་བཞག་ཅིང་། ཉིན་རེ་བཞིན་ཞབས་ཕྱི་བ་མངགས་ཏེ་གསོ་རུ་བཅུག དེའི་རྗེས་སུ། ཕྱི་གླིང་པ་ཞིག་གིས་རྒྱལ་པོར་འཇོལ་མོ་བཟོས་མ་ཞིག་ཕུལ། དེའི་གཅུ་གཟེར་གཅུས་པ་ན། སྙན་འཇེབས་ཀྱི་གླུ་ལེན་ཤེས་པ་རེད། རྒྱལ་པོས་ཉིན་རེ་བཞིན་འཇོལ་མོ་བཟོས་མ་ལ་གླུ་ལེན་དུ་བཅུག་པ་ལས། འཇོལ་མོ་ངོ་མ་དེར་བདག་སྐྱོང་མ་བྱས་པས་ཕྱིར་ནགས་ཚལ་དུ་འཕུར་སོང་། རྒྱལ་པོས་འཇོལ་མོ་བཟོས་མ་གསེར་དང་གཡུ་ལ་སོགས་པའི་རིན་པོ་ཆེ་མང་པོ་གནང་བར་མ་ཟད།  གོང་མའི་གླུ་མ ་ ཞེས་པའི་ཆོ་ལོའང་བསྩལ། ལོ་ལྔ་ཙམ་འགོར་རྗེས། འཇོལ་མོ་བཟོས་མ་དེའི་གཅུ་གཟེར་ཆག་ནས་གླུ་སྙན་མོ་ལེན་མི་ཐུབ་པས་རྒྱལ་པོ་ལ་སྐྱོ་སྣང་ཆེན་པོ་སྐྱེས། རྒྱལ་པོར་གླུ་སྐད་སྙན་མོ་གསན་རྒྱུ་མེད་པས་སྐུ་སྙུང་སྟེ་ཇེ་ཐུར་སོང་ནས་མཐར་དབུགས་རྟ་རྔ་ཙམ་ལས་མེད་པའི་གནས་སུ་ལྷུང་། ཕོ་བྲང་དུ་ཟང་ཟིང་ཆེན་པོའི་ངང་ནས་རྒྱལ་པོའི་འདས་མཆོད་གྲ་སྒྲིག་བྱེད་པར་བྲེལ། རྒྱལ་པོ་གཟིམ་ཁྲིའི་སྟེང་རེངས་པོར་ཉལ་ནས་འཇོལ་མོ་བཟོས་མ་ལ་གླུ་ལེན་པའི་རེ་བ་བཏོན་ནའང་། དེར་གྲག་འགུལ་སྤུ་ཙམ་ཡང་མེད། སྐབས་དེར། སྒེའུ་ཁུང་གི་ཕྱི་རོལ་ནས་སྙན་འཇེབས་ཀྱི་གླུ་སྐད་ཅིག་གྲགས། དེ་ནི་ནགས་ཚལ་གྱི་འཇོལ་མོ་དེ་ཆེད་དུ་རྒྱལ་པོར་གླུ་ལེན་དུ་ཡོང་བ་རེད། རྒྱལ་པོས་འཇོལ་མོའི་དབྱངས་སྙན་དེ་ཐོས་རྗེས་གཉིད་སྐྱིད་པོ་ཞིག་ཁུག་སོང་། རྒྱལ་པོ་གཉིད་ལས་སད་རྗེས་སྙུང་གཞིའང་ཇེ་དྭངས་སུ་སོང་བས། ཁོང་གིས་ན་བཟའ་གསོལ་ནས་བློན་ཆེན་རྣམས་ཕོ་བྲང་དུ་བོས། རྒྱལ་པོས་བློན་པོ་ལ་བཀའ་ཕབ་ནས་འཛམ་གླིང་ན་དཀོན་པའི་བྱ་གཟེབ་ཅིག་བཟོ་རུ་བཅུག་སྟེ་རང་ཉིད་ཀྱང་བྱིའུ་འཇོལ་མོ་དང་ལྷན་དུ་འདུག་རྒྱུ་ཡིན་ཟེར། འཇོལ་མོས་མགོ་བོ་གཡུག་ཙམ་བྱས་ནས་སླར་ཡང་དབུལ་ཞིང་ཕོངས་པའི་ཞིང་པའི་གམ་དུ་འཕུར་སོང་།
 

 

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060