༄༅།།གཡོ་སྒྱུའི་མཇུག་འབྲས།
སྤེལ་དུས། 2010-03-31   ཡོང་ཁུངས།    རྩོམ་པ་པོ།  མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་གསུམ་པའི་འཛིན་གྲྭ་གཉིས་པ།བུ་མོ་མཆོག
   གནའ་སྔ་མོ་ཞིག་ལ། དམར་ལུང་སྡེ་བ་ཞེས་པའི་ནང་དུ་ཨ་ཁུ་བསྟན་པ་ཚང་ཟེར་བའི་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད། ཁོ་ཚང་ལ་ལོ་ཉེར་ལྔར་སོན་པའི་བུ་གླེན་པ་ཞིག་ཡོད་པ་དང་མིང་ལ་ཕུར་ལོ་ཟེར། ཕུར་ལོ་ནམ་རྒྱུན་བྱིས་པ་ཚོ་དང་མཉམ་དུ་གཞའ་རེས་དང་བདའ་རེས་བྱས་ཏེ་རྩེད་ནས་ཉི་མ་བསྐྱལ་པ་ལས་གཞན་ཅི་ཡང་ལས་མི་ཤེས་པས། ཕ་མ་གཉིས་ཀྱིས་རྒྱུན་དུ་ཁོའི་རྗེས་ཕྱོགས་ཀྱི་འཚོ་བར་སེམས་ཁུར་བྱས།
   
ཉིན་ཞིག་ལ། ཨ་ཁུ་བསྟན་པའི་ཆུང་མ་ཨ་ནེ་མཚོ་མོས་ཞིང་ནང་དུ་ཡུར་མ་ཡུར་བའི་སྐབས་སུ་སྐྱེས་གཟུགས་མཛེས་པའི་བུ་མོ་ཞིག་གམ་དུ་ཡོང་ནས་སྐད་དམའ་མོསཨ་ནེ་ལགས། ང་ལ་བྲོ་ཀ་ཞིག་གནང་རོགསཞེས་གདོང་ལ་སྡུག་གིས་ཁེངས་བཞིན་དེ་ལྟར་སྨྲས་བྱུང་། ཨ་ནེ་མཚོ་མོ་མྱུར་དུ་བུ་མོ་དེའི་གམ་ལ་སོང་ནས་བུ་མོ་དེ་གང་གི་ཡིན་པ་དང་མིང་ལ་ཅི་ཟེར་བ་སོགས་གསལ་བོ་ཞིག་དྲིས་རྗེས། སེམས་སུ་ལས་བསམ་སར་མི་འགྲོ་གསེག་སར་འགྲོཞེས་པའི་དཔེ་ལྟར་འདི་ནི་གནམ་རྒན་མས་ངེས་ཚང་གི་བུ་ལ་ཆུང་མར་གནང་བ་ཡིན་ནའང་ཐང་སྙམ་ཞོརངས་བྲོ་ཀ་བཟུང་མེད་ལ་འདི་ནས་ངེད་ཚང་གི་ཁྱིམ་ལ་ཐག་ཉེ་བས་འུ་གཉིས་ངེད་ཚང་ལ་འགྲོཞེས་བཤད། དེ་སྐད་ཐོས་པས་བུ་མོ་དེས་ཨ་ནེ་མཚོ་མོའི་མགོ་ནས་རྐང་བར་དུ་ཞིབ་ལྟ་ཡང་ཡང་བྱས། དོན་དུ་བུ་མོ་དེ་ནི་གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་བུད་མེད་ཅིག་ཡིན། མོས་ཨ་ནེ་མཚོ་མོའི་གྱོན་གོས་ལ་བལྟས་ན་ཁྱིམ་ཚང་ཕྱུག་པོ་ཞིག་གི་ཡིན་པ་ཤེས་ཤས་སེམས་ལ་དགའ་སྤྲོ་ཞིག་སྐྱེས། ཁོ་མོ་ཨ་ནེ་མཚོ་མོ་ཚང་ལ་ཡོང་ནས་ཉིན་འགར་བསྡད་པ་དང་། ཕྱི་ཚུལ་ནས་ཞི་དུལ་བག་ཡོད་དང་རྒན་ལ་གུས་བཀུར་ཡོད་པ། ཆུང་བ་ལ་བྱམས་བརྩེ་ལྡན་པའི་ངང་ཚུལ་བསྟན་པས། ཉིན་ཞིག་ལ། ཨ་ནེ་མཚོ་མོས་བུ་མོ་དེར་ཕུར་ལོའི་ཆུང་མ་བྱས་ན་འཐད་མིན་དྲིས་པ་ན། མོས་ངག་འཇམ་པོའི་སྒོ་ནས་ང་ཁྱེད་ཚང་ལ་འཕྲད་པ་འདི་ནི་ངའི་ལས་དབང་རེད་ཟེར་བཞིན་འཐད་པའི་རྣམ་འགྱུར་སྟོན་ཞོར་སེམས་སུ་ད་འགྲིག་སོང་། གླེན་པ་དེར་བརྟེན་ནས་རྒྱུ་ནོར་ཡིད་ཚིམས་པ་ཞིག་བླངས་རྗེས་ས་ཆ་གཞན་ཞིག་ཏུ་འབྲོ་བའི་གོ་སྐབས་བཙལ་དགོས་སྙམ་ནས་དགའ་སྤྲོ་སྐྱེས།
      
དམར་ལུང་སྡེ་བའི་སྡེ་དཔོན་གཡས་སྐྱབས་ནི་མི་རིག་རྒོད་ཅིག་ཡིན་པར་མ་ཟད། སྡེ་མའི་སྐྱིད་སྡུག་ལ་སེམས་ཁུར་བྱེད་མཁན་ཞིག་ཀྱང་ཡིན། ཁོས་ཨ་ཁུ་བསྟན་པ་ཚང་གིས་ལྡོམ་མོ་ཞིག་མནའ་མར་བླངས་ཡོད་པ་ཐོས་ནས་ཨ་ཁུ་བསྟན་པ་ཚང་ལ་སོང་། སྡེ་དཔོན་གཡང་སྐྱབས་ཀྱིས་བུ་མོ་དེའི་རྣམ་འགྱུར་ལ་ཡང་ཡང་བརྟག་རྗེས་ཨ་ཁུ་བསྟན་པ་བཟའ་ཟླ་གཉིས་ལ་ཁྱེད་ཚང་གི་མནའ་མ་འདི་ནི་ཕྱི་ཚུལ་ནས་བལྟས་ན་འཇམ་པ་མ་གཏོགས་ཁོག་ནས་ལྕགས་འཆའ་བ་ཞིག་ལོས་ཡིན་སྙམཞེས་དྲང་གཏམ་བརྗོད་པ་ན། ཨ་ནེ་མཚོ་མོ་ཁོང་ཁྲོ་ལངས་ཏེ་སྡེ་དཔོན་གཡང་སྐྱབས་ལཁྱོད་ཀྱིས་ངེད་ཚང་གི་མནའ་མར་དམའ་འབེབས་བྱེད་དོན་ཅི་ཡིན། ཕྲག་དོན་སྐྱེས་པ་ཨེ་ཡིནཞེས་གདོང་མདོག་ཀྱང་དམར་བོར་གྱུར།

ཉིན་ཞིག་ལ། མནའ་མས་ཨ་ཁུ་བསྟན་པ་བཟའ་ཟླ་གཉིས་ལ་ངས་ཕུར་ལོ་ཁྲིད་དེ་ཕྱོགས་ཡར་མར་གྱི་སྨན་པར་བསྟེན་ཏེ་ཁོ་རང་ནད་འདི་ལས་ཡིན་གཅིག་མིན་གཉིས་ལ་ཐར་དུ་འཇུག་དགོསཞེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ངང་བཤད་པ་ན། ཨ་ཁུ་བསྟན་པ་བཟའ་ཟླ་གཉིས་ལ་སེམས་འགུལ་ཐེབས་ཏེ་ཉིན་འགའི་རྗེས་སུ་མནའ་མར་སྒོར་ཁྲི་འགའ་ཕྱིན་ནས་ཕུར་ལོ་སྨན་པར་སྟོན་དུ་མངགས། ཕུར་ལོ་བཟའ་ཟླ་གཉིས་གྲོང་རྡལ་ཞིག་ལ་ཐོན་རྗེས་མོར་ཕུར་ལོ་ལཁྱོད་ཀྱིས་འདི་ནས་ཅུང་ཙམ་སྒུགས་དང་། ང་ས་འདི་ན་སྨན་པ་གྲགས་ཅན་རེ་ཡོད་མེད་ལ་རྩད་གཅོད་དུ་འགྲོ། ཅུང་མ་འགོར་བར་ཕྱིར་བསླེས་ངེས། ཁྱོད་ཡར་མར་ལ་འགྲོ་མིང་རུང་ཞེས་བཤད་རྗེས་ཅི་མྱུར་གང་མགྱོགས་སྒོས་རླངས་འཁོར་ས་ཚིགས་སུ་འགྲོ་སྐབས། སྡེ་དཔོན་གཡང་སྐྱབས་ཀྱིས་སྔ་མོ་ནས་མོའི་རྗེས་མྱུལ་བྱེད་བཞིན་ཡོད་པས། ཉེན་རྟོག་པ་ལ་བརྡ་བརྒྱབ་ནས་ཁོ་མོ་འཛིན་དུ་བཅུག ཉེན་རྟོག་པས་ཁོ་མོས་དེ་ལྟར་ཁྱིམ་ཚང་མང་བོ་ཞིག་ལ་མགོ་གཡོག་མགོ་སྐོར་བཏང་བའི་ནག་ཉེས་ཤེས་རྗེས་ཁྲིམས་ཁང་དུ་སྤྲད་དེ་ལོ་འགར་བཙོན་འཇུག་བྱས་སོ།།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060