༄༅།།འབྲི་ཐབས་སྣ་ཚོགས་སྤྱད་དེ་མི་སྣའི་སེམས་ཁམས་མཚོན་དགོས།
སྤེལ་དུས། 2010-05-24   ཡོང་ཁུངས།    རྩོམ་པ་པོ།  གཡང་མོ་རྒྱལ

མི་སྣའི་སེམས་ཁམས་ཞིབ་འབྲི་བྱེད་པ་ནི་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་ཐད་ཀར་དུ་མཚོན་པ་ཞིག་ལ་ཟེར། སེམས་ཁམས་ཞིབ་འབྲི་བྱས་པ་གནད་དུ་ཁེལ་ཡོད་ཚེ། མི་སྣའི་ཉམས་འགྱུར་ཆེས་ཐད་དཀར་དང་གཏིང་ཟབ་མོའི་སྒོ་ནས་འབྲི་བཞེང་བྱ་ཐུབ་པ་ཡིན། འབྲི་ཐབས་གཞན་དག་བཀོལ་སྤྱོད་བྱས་ནའང་མི་སྣའི་སེམས་ཁམས་མངོན་པར་མཚོན་ཐུབ། གཤམ་དུ་མི་སྣའི་སེམས་ཁམས་ཞིབ་འབྲི་བྱེད་ཐབས་བདུན་ངོ་སྤྲོད་བྱེད་པ་ལ།

༡.ཆིག་ལབ་ལ་བརྟེན་ནས་སེམས་ཁམས་མཚོན་ཐབས།
 
དེ་ནི་མི་སྣའི་ཆིག་ལབ་ལ་བརྟེན་ནས་སེམས་ཁམས་རྒྱུས་ལོན་བྱེད་པ་ལ་ཟེར། དཔེར་ན། ཏུའུ་ཏེའིམཇུག་མཐའི་སློབ་ཐུན་གཅིགཅེས་པ་ལས། ཐོག་མར་ཧྥུ་ལང་ཧྲི་སློབ་ཁྲིད་ཀྱི་རྗེས་མ་ཆོད་པ་དང་། སློབ་ཚན་བསྐྱར་སྦྱོང་ཡང་བྱས་མེད་པས་དགེ་རྒན་གྱི་སྡིག་དམོད་གནང་བར་སྐྲག་སྟེ་སློབ་བྱོལ་བྱེད་པའི་བསམ་ཚུལ་བྲིས་ཡོད། འབྲི་ཐབས་འདིས་གསོན་ཉམས་ལྡན་པའི་སྒོ་ནས་ཧྥུ་ལང་ཧྲི་གྲོང་རྡལ་གཞུང་ལས་ཁང་བརྒྱུད་ནས་འགྲོ་སྐབས་ཀྱི་ནང་སེམས་ཀྱི་འགྱུར་ལྡོག་དང་ཁོའི་གཤིས་ཀ་ཡི་ཕྱོགས་གཞན་ཞིག་སྟེ་བཙན་འཛུལ་པར་སྡང་བའི་སེམས་དང་མེས་རྒྱལ་ལ་དགའ་བའི་བསམ་ཚུལ་མངོན་པར་མཚོན་ཡོད།

༢.ཕྱི་ཚུལ་དང་དོད་བྱེད་ཐབས།

མི་སྣའི་ཕྱི་ཚུལ་ཞིབ་འབྲི་བྱས་པ་ལེགས་འགྲུབ་བྱུང་བ་ཡིན་ན། ཀློག་པ་པོ་མི་སྣའི་ཕུན་སུམ་ཚོགས་པའི་ནང་སེམས་ཀྱི་འཇིག་རྟེན་དེར་འཁྲིད་ཐུབ་པ་ཡིན། དཔེར་ན། མོའོ་པའོ་སང་གིང་ཡི་ཨ་ཁུ་དབྱི་ལིསཞེས་པ་ལས། ཧྥེ་ལེ་ཕའོ་ཡི་ཕྱི་ཚུལ་ཞིབ་འབྲི་བྱས་པ་བརྒྱུད་དེ། ཧྥེ་ལེ་ཕའོ་ཡིས་དེད་དཔོན་གྱི་ཁ་ནས་དབྱི་ལིས་ཀྱིས་ཐོབ་ཐང་དང་ལོ་རྒྱུས་ལ་བདེན་དཔང་བྱས་རྗེས། ངོ་གདོང་སྐྱ་བོར་གྱུར་ཅིང་། མིག་ཟུང་གནས་གཅིག་ལ་གཏད་ནས་ཧད་འདུགཅེས་རྒྱུན་ལྡན་མིན་པའི་ཉམས་འགྱུར་དེས་ཁོའི་ནང་སེམས་ཀྱི་འཇིགས་སྐྲག་དང་དངངས་འཚུབ། སྒེར་སེམས་དང་གཡོ་ཟོལ། ཁེ་བཟང་ཁོ་ནར་རྔམ་པའི་གཤིས་རྒྱུད་དེ་གསལ་བོར་མཚོན་ཡོད།

༣.རྣམ་འགྱུར་ལས་སེམས་ཁམས་མཚོན་ཐབས།
     
འདི་ནི་མི་སྣའི་རང་དབང་ན་མེད་པའི་རྣམ་འགྱུར་བརྒྱུད་དེ་མི་སྣའི་ནང་སེམས་ཀྱི་འགྱུར་བ་མཚོན་ཐབས་ཤིག་ཡིན། དཔེར་ན། ཝུའུ་ཅིན་ཙིའིཧྥན་ཅིན་གྱིས་རྒྱུགས་འཕྲོད་པཞེས་པ་ལས། ཧྥན་ཅིན་གྱིས་བརྡ་ཡིག་ལ་བལྟས་ནས་རང་ཉིད་ཀྱིས་རྒྱུགས་འཕྲོད་པ་ཤེས་སོང་བའི་སྐབས་དེར། ཧྥན་ཅིན་གྱིས་བརྡ་ཡིག་ཡང་དང་བསྐྱར་དུ་ཀློག་ཞོར་དུ་ལག་ཟུང་ཕན་ཚུན་རྡེབ་ཏེ་གད་མོ་དགོད་བཞིན་ཁ་དམ་སྟེ་གན་རྐྱལ་དུ་བརྒྱལ་སོང་། བརྡ་ཡིག་ལ་བལྟས་པ་དང་བཀླགས་པ། ལག་པ་རྡེབ་པ། ཁ་དམ་པ། བརྒྱལ་བ་སོགས་བྲིས་ཡོད། ཧྥན་ཅིན་གྱིས་རྒྱུགས་འཕྲོད་རྗེས་རང་ཉིད་ཀྱི་དོགས་པ་ནས་ཡིད་ཆེས་པ། དགའ་དྲགས་པ་ནས་བརྒྱལ་སོང་བའི་བརྒྱུད་རིམ་ཡོངས་གསོན་ཉམས་ལྡན་པའི་ངང་ནས་གསལ་བོར་ཞིབ་འབྲི་བྱས་པ་དེས་ཧྥན་ཅིན་གྱི་ཡིད་སྐྱོ་བའི་གནས་བབ་དང་སྐབས་ཐོག་དེའི་དགའ་སྐྱོ་ཟུང་འབྲེལ་གྱི་སེམས་ཁམས་དེ་གསལ་བོར་མཚོན་ཡོད།

༤.སྐད་ཆར་བརྟེན་ཏེ་སེམས་ཁམས་མཚོན་ཐབས།
     
སྐད་ཆ་ལས་ནང་སེམས་ཤེས་ཐུབ། དཔེར་ན། ཆི་ཁོ་ཧྥུའིམདོག་འགྱུར་ད་བྱིདཅེས་པ་ལས། ཨའོ་ཁྲུའ་མའོ་ལའོ་ཧྥུ་ཡི་སྐད་ཆ་ཞིབ་འབྲི་བྱས་པ་འདི་ལྟར། དམག་དཔོན་ཞི་ཅ་ལོ་ཧྥུ། འོ། ཡེ་ཨར་ཏིག་ལིན། ལྭ་རིང་འདི་ཕུད་རོགས་གནོངས་དང་། མི་བདེ་གི ཚ་བ་ཇི་འདྲའི་ཆེ་བ་ལ། ཕལ་ཆེར་ཆར་བ་འབབ་རྒྱུ་ཡིན་པ་འདྲ”“འོ། སྤུན་ཟླ་ཡེ་ཨར་ཏིག་ལིན། ལྭ་རིང་དེ་ཕྱིར་ངའི་ལུས་སྟེང་དུ་སྐོན་དང་། འཁྱག་སིབ་སིབ་བྱེད་པ་ལ་བལྟས་ན་རླུང་གཡུག་རྒྱུ་རེདཅེས་པ་འདི་ནི་ཨའོ་ཁྲུའུ་མའོ་ལའོ་ཧྥུ་ཡི་ཐེངས་གཉིས་ལ་དམག་དཔོན་ཚང་གི་ཁྱི་ཡིན་པ་ཐོས་ནས་བཤད་པའི་སྐད་ཆ་རེད། འདིར་ཐོག་མར་ཚ་བ་དང་རྗེས་ནས་གྲང་བ་གཉིས་ཀྱི་སྣང་བ་ཤར་བ་ལས་མི་སྣ་དེའི་ནང་སེམས་ལ་འཇིགས་སྣང་སྐྱེས་པའི་སེམས་ཁམས་འགྱུར་ལྡོག་དེ་ཞིབ་འབྲི་བྱས་འདུག གསོན་ཉམས་ལྡན་པའི་སྒོ་ནས་མི་ངན་དེའི་མདོག་འགྱུར་ད་བྱིད་ལྟ་བུའི་སྣང་བརྙན་དེ་མངོན་པར་མཚོན་འདུག

༥.རྨི་ལམ་ལ་བརྟེན་ནས་སེམས་ཁམས་མཚོན་ཐབས།
      
འདི་ནི་རྨི་ལམ་ལ་བརྟེན་ནས་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་མཚོན་པའི་འབྲི་ཐབས་ཤིག་ཡིན། དཔེར་ན། ཝེ་ཝེ་ཡིབདག་གི་དགེ་རྒནཞེས་པ་ལས། རྩོམ་མཁན་གྱིས་རང་གི་དགེ་རྒན་དྲན་ནས་དགེ་རྒན་རྨི་ལམ་དུ་རྨིས་པ་དཔེར་ན། གཉིད་ནས་དུས་ཚོད་ཅི་ཙམ་སོང་བ་མ་ཤེས་ལ། མཚན་མོའི་དུས་ཚོད་ཅི་ཙམ་ཡིན་པའང་མ་ཤེས། རྨི་ལམ་རྨི་སྐབས་ང་རང་གློ་བུར་དུ་ཡར་ལངས་ཏེ་རབ་བེ་རིབ་བེར་སྒོར་སོང་། ཕྱིར་མལ་སྟན་དེར་བལྟས་པ་ན་ང་རང་གོམ་པ་གསུམ་བཞིན་ཙམ་ལ་སོང་ཟིནཞེས་རྩོམ་པ་པོས་རྨི་ལམ་ལ་བརྟེན་ཏེ་དགེ་རྒན་དྲན་པའི་སེམས་ཁམས་འགྱུར་ལྡོག་དེ་སྔར་ལས་ལྷག་པའི་སྒོ་ནས་ཞིབ་འབྲི་བྱས་ཡོད། བཤད་རྒྱུན་ལ། ཉིན་དཀར་བྱ་བ་གང་དྲན་ན། མཚོན་མོར་རྨི་ལམ་དེ་ལྟར་རྨིཞེས་པ་ལྟར། རྨི་ལམ་ལ་བརྟེན་ཏེ་མི་སྣི་སེམས་ཁམས་ཞིབ་འབྲི་བྱེད་ཐབས་དེ་ལ་ཡིད་དབང་འགུགས་པའི་ནུས་པ་ཆེན་པོ་ལྡན།

༦.བྱུང་རིམ་ཕྲ་མོར་བརྟེན་ནས་སེམས་ཁམས་མཚོན་ཐབས།
     
སེམས་ཁམས་ཞིབ་འབྲི་བྱེད་པའི་སྐབས་སུ་ལན་རེར་མི་སྣའི་བྱེ་བྲག་གི་ཆ་ཞིབ་འབྲི་བྱས་ན་སེམས་ཁམས་ཀྱི་འགྱུར་ལྡོག་མངོན་པར་མཚོན་ཐུབ། དཔེར་ན། བློ་རྩེ་གཅིག་སྒྲིམ་དུ་བསམ་གཞིག་གཏོང་བཞིན་པའི་མི་སྣར་མཛུབ་མོ་གཉིས་བར་གྱི་ཐ་མག་ཚིག་ནས་ན་ཟུག་སྐྱེད་པ་ལྟ་བུ་དང་། སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་མི་དེར་མཆི་མ་ཤམ་ཤམ་དུ་བཞུར་བཞིན་ཡོད་པ་ལྟ་བུ། འབྲི་སྟངས་འདི་དག་གིས་མི་སྣའི་ནང་སེམས་ཀྱི་འགྱུར་བ་དེ་ཉམས་དང་ལྡན་པའི་སྒོ་ནས་མཚོན་ནུས་པ་ཡིན།

༧.ལྗོངས་དངོས་ལ་བརྟེན་ནས་སེམས་ཁམས་མཚོན་ཐབས།
      
རྩོམ་ཡིག་ཁྲོད་ཀྱི་ལྗོངས་དངོས་ནི་བརྩེ་དུངས་མེད་པའི་དངོས་པོ་ཞིག་མིན་ལ་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་དང་འབྲེལ་བ་དམ་པོ་ཡོད། དཔེར་ན། ཀྲང་ཅེའི་ཡིཀེ་ཚེ་རྐོ་བཞེས་པ་ལས། རྩོམ་མཁན་ཉིད་ཞིང་གྲོང་དང་ཁ་གྱེས་སྐབས་ལུ་གུ་འབའ་གྱིན་འདུག ལུག་རྫིས་ལུག་དེད་ནས་ལུག་རར་བསྡུས། ཁྭ་ཏས་ཨག་སྐད་སྒྲོག་བཞིན་ཚང་ལ་ལོག ལུ་གུ། ཁྭ་ཏ་ཚང་མར་རང་ཉིད་ཀྱི་ཁྱིམ་གཞིས་དྲོད་མོ་རེ་ཡོད་མོད། འོན་ཀྱང་ང་རང་ད་རུང་གར་འགྲོ་གང་གནས་མེད་པར་ལུས་འདུག་ཅེས་པ་ལྟ་བུར་མཚོན་ན། རྩོམ་མཁན་གྱི་སྐབས་ཐོག་དེའི་སེམས་བྱུང་ཡོད་ཚད་ལྗོངས་དངོས་དག་གི་རམ་འདེགས་ལ་བརྟེན་ནས་མངོན་པར་མཚོན་ཡོད།

                                                                                                      མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060