༄༅།།ལྡོག་པ་ཅན་གྱི་རྒྱན་བཤད་པ།
སྤེལ་དུས། 2009-10-19   ཡོང་ཁུངས།    རྩོམ་པ་པོ།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ། མཁའ་འབུམ།
 ལྡོག་པ་ཅན་གྱི་རྒྱན་ཞེས་པའི་ངོ་བོ་རྩ་བར། སྒྲ་འཇུག་པའམ་རྟོགས་པ་ཡི།། དེ་ཡི་དབྱེ་བ་བརྗོད་པ་གང་།། དེ་ཡི་ལྡོག་པ་ཅན་ཞེས་བརྗོད།། ཅེས་པ་སྟེ། དངོས་སུ་སྒྲ་འཇུག་པའམ་དོན་གྱི་ཤུགས་དང་སྐབས་ཐོབ་ལས་རྟོགས་པར་བྱེད་པ་དག་གི་སྒོ་ནས་དཔེ་དང་དཔེ་ཅན་གྱི་དངོས་པོ་གཉིས་ནི་རྒྱུ་མཚན་འགའ་ཞིག་གིས་མཚུངས་པར་གྱུར་པ་ལས་ཁྱད་པར་འགའ་ཞིག་བརྗོད་པའི་སྒོ་ནས་མི་མཚུངས་པར་དབྱེ་བ་འབྱེད་པ་སྟེ། མཚུངས་པ་ལས་ལྡོག་པར་བསྟན་པ་ལ་ལྡོག་པ་ཅན་གྱི་རྒྱན་ཞེས་བརྗོད་པ་ཡིན། རྒྱན་འདིའི་ནང་གསེས་དབྱེ་བའི་ཁྱད་པར་ཅུང་ཙམ་བརྗོད་ན།

གཅིག་གི་ལྡོག་པ་ཅན་དང་གཉིས་ཀྱི་ལྡོག་པ་ཅན་གཉིས་ཀྱི་ཁྱད་པར་ནི། སྤྱིར་དཔེ་དོན་གཉིས་ལ་ཐུན་མོང་དུ་འཇུག་རུང་བའི་ཁྱད་ཆོས་སམ་ཡོན་ཏན་འགའ་ཞིག་གི་སྒོ་ནས་མཚུངས་པ་སྔོན་ལ་བཀོད་དེ། སླར་ཡང་དཔེ་ཅན་གྱི་ཁྱད་ཆོས་ལྷག་པ་ཞིག་བརྗོད་ནས་ཆོས་གཅིག་པུ་དེས་དཔེ་དོན་གཉིས་མཚུངས་པ་ལས་ལྡོག་སྟེ་མི་མཚུངས་པར་སྟོན་པ་ལ་གཅིག་གི་ལྡོག་པ་ཅན་ཏེ། དཔེར་ན། ཡིད་འོང་ནེའུ་གསིང་གཡུ་ཡི་སྤང་ལྗོང་སུ། གཡང་དཀར་ཁྱུ་ཚོགས་མང་བོ་རྒྱུ་བའི་ཚུལ།། ཆུ་འཛིན་ལང་ལོང་གཡོ་དང་མཚུངས་ལགས་ཀྱང་།། གཞས་གདངས་སྙན་མོ་གྱེར་བས་སོ་སོར་དབྱེ།། ཞེས་མཛེས་སྡུག་ཡིད་དུ་འོངས་པའི་གཡུ་ཡི་སྤང་ལྗོངས་སུ་གཡང་དཀར་ལུག་ཁྱུ་མང་བོ་དང་སྔོ་ཞིང་དྭངས་པའི་ནམ་མཁར་སྤྲིན་དཀར་གྱི་ཕུང་བོ་དལ་བུར་རྒྱུ་བའམ་ལང་ལོང་དུ་གཡོ་བ། ཁ་དོག་དཀར་ཞིང་མཛེས་པ་སོགས་དཔེ་དོན་གྱི་ཁྱད་ཆོས་མཚུངས་པ་ཡིན་ཀྱང་། དཔེ་ཅན་ལུག་ཁྱུས་གཞས་གདངས་སྙན་མོ་དབྱངས་སུ་གྱེར་བའི་འབའ་ལྡིར་སོགས་མི་མཚུངས་པའི་ཆོས་གཅིག་པུའི་སྒོ་ནས་དཔེ་དོན་གཉིས་མཚུངས་པ་ལས་ལྡོག་པའོ།།

གཉིས་ཀྱི་ལྡོག་པ་ཅན་ནི་ཡང་དཔེ་དོན་གཉིས་ཀྱི་ཐུན་མོང་བའི་ཁྱད་ཆོས་སམ་འབྱེད་བྱེད་ཆོས་གཉིས་བརྗོད་པའི་སྒོ་ནས་དངོས་པོ་དེ་གཉིས་མཚུངས་པ་ལས་ལྡོག་པར་སྟོན་པ་སྟེ། དཔེར་ན། ཁྱད་འཕགས་འཕྲུལ་གྱི་གློག་ཀླད་དམ་པའི་ཐུགས།། ཤེས་བྱའི་མཛོད་དུ་གྱུར་ལ་དབྱེར་མེད་ཀྱང་།། དེ་ནི་ཤེས་རིག་བྲལ་བའི་བེམ་ཆོས་ཉིད།། དཔྱོད་ལྡན་འཆད་རྩོད་རྩོམ་ལ་འཇུག་པས་མཆོག། ཅེས་ཚན་རིག་ལག་རྩལ་ལས་ཐོན་པའི་ཁྱད་དུ་འཕགས་པའི་འཕྲུལ་ཆས་ཀྱི་གློག་ཀླད་དང་སྐྱེས་ཆེན་དམ་པའི་མཁྱེན་རྒྱ་ཡངས་པའི་ཐུགས་དགོངས་གཉིས་ནི་བཅུ་ཕྲག་རིག་པའི་ཤེས་བྱའི་བང་མཛོད་དུ་གྱུར་པའི་སྒོ་ནས་མཚུངས་ཀྱང་། འབྱེད་ཆོས་ནི་འཕྲུལ་ཆས་ཀྱི་གློག་ཀླད་ནི་ཤེས་པ་མི་ལྡན་པའི་བེམ་ཆོས་ཁོ་ན་ཡིན་པ་དང་། སྐྱེས་ཆེན་དམ་པ་ནི་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འཇུག་ཅིང་མཁྱེན་དཔྱོད་ཡངས་པ་ལགས་པས། ཁྱད་ཆོས་ཐུན་མོང་མ་ཡིན་པ་དེ་གཉིས་ཀྱི་དབང་གིས་མཚུངས་པ་ལས་ལྡོག་པའོ།།

འགོག་པའི་ལྡོག་པ་ཅན་དང་གཏན་ཚིགས་ཀྱི་ལྡོག་པ་ཅན་གཉིས་ཀྱི་ཁྱད་པར་ནི་དཔེ་དོན་གཉིས་ཀྱི་ཁྱད་ཆོས་འགའ་ཞིག་གི་སྒོ་ནས་མཚུངས་པར་བརྗོད་ནས་སླར་ཡང་དཔེ་ལ་ཡོད་ཅིང་དོན་ལ་མེད་པའི་ཁྱད་ཆོས་གཅིག་གི་སྒོ་ནས་འགོག་པ་འགོག་པའི་ལྡོག་པ་ཅན་ཏེ། དཔེར་ན། གཟི་བྱིན་འོད་སྣང་འགྱེད་ཅིང་མུན་ཚོགས་འཇོམས།། གདུལ་བྱའི་ཡུལ་རྣམས་ཕན་པས་སྐྱོང་བས་མོད།། རང་བཞིན་མི་བརྟན་འཆར་ནུབ་ལྡན་པའི་ཕྱིར།། ཉི་མ་གཞོན་ནུས་དམ་པར་འགྲན་ནུས་མིན།། ཞེས་སྐྱེས་བུ་དམ་པའི་ཐུགས་རྗེ་གཟི་བྱིན་གྱི་འོད་སྣང་ཕྱོགས་ཀུན་སྙོམ་པར་འགྱེད་པ་དང་། ཉི་མ་གཞོན་ནུའི་འོད་ཀྱི་ཟེར་ཕྲེང་ཕྱོགས་ཀུན་ཏུ་སྙོམ་པོར་འཆར་བ་དང་། དམ་པར་ཐུགས་རྗེའི་གཟི་བྱིན་སྣང་བས་ནང་སེམས་ཀྱི་རྨོངས་པའི་མུན་ཚོགས་འཇོམས་ལ། ཉི་མའི་འོད་ཀྱིས་ཕྱིའི་མུན་པ་སེལ་ཞིང་། སྐྱེས་བུ་དམ་པའི་ལྷག་བསམ་གྱིས་གདུལ་བྱའི་འགྲོ་བ་རྣམས་གཅེས་པར་སྐྱོང་བ་དང་། ཉི་མའི་དྲོད་སྣང་གིས་འགྲོ་ཀུན་ཕན་པར་སྐྱོང་བ་བཅས་ཁྱད་ཆོས་དེ་དག་གི་སྒོ་ནས་དཔེ་དོན་མཚུངས་ཀྱང་། དཔེ་ཉི་མ་དེ་སྐྱེས་བུ་དམ་པར་འགྲན་པ་དགག་བྱ། དེའི་འགོག་བྱེད་དམ་འབྱེད་ཆོས་ནི་ཉི་མར་རང་བཞིན་མི་བརྟན་པའི་འཆར་ནུབ་ཅན་གྱི་ཁྱད་ཆོས་ཀྱི་སྐྱོན་ལྡན་པ་དང་སྐྱེས་བུ་དམ་པར་སྐྱོན་དེ་མི་ལྡན་པས་འགྲན་པ་འགོག་པའོ།།

གཏན་ཚིགས་ཀྱི་ལྡོག་པ་ཅན་ནི་དཔེ་དང་དོན་གཉིས་ཀྱི་ཁྱད་ཆོས་དེ་ཉིད་རྒྱུ་མཚན་དུ་བཀོད་ནས་དེ་གཉིས་མཚུངས་པ་ལས་ལྡོག་པར་བརྗོད་པ་སྟེ། དཔེར་ན། དྭངས་ཤིང་གསལ་བའི་གཞས་གདངས་ཕྲ་མོ་ཉིད།། སྙན་དབང་གསོ་བའི་དཔྱིད་དུ་སྨིན་གྱུར་ཀྱང་།། ཁུ་བྱུག་གསུང་སྙན་དུས་ཀྱི་རྗེས་འབྲངས་པས།། དེ་ནི་གར་མའི་གཞས་ཀྱི་གདངས་ལས་དམན།། ཞེས་དྭངས་ཤིང་གསལ་བ་དང་ཕྲ་བ། སྙན་དབང་གསོ་བའི་དཔྱིད་དུ་གྱུར་པའི་ཁྱད་ཆོས་ལྡན་པའི་སྒོ་ནས་གར་མཁན་བུ་མོའི་གཞས་གདངས་དང་ཁུ་བྱུག་གསུང་སྙན་གཉིས་མཚུངས་ཀྱང་། ཁུ་བྱུག་གསུང་དབྱངས་ནི་དུས་ཚིགས་བཞི་ལས་དབྱར་དུས་སུ་སྙན་པར་སྒྲོག་པའི་ཕྱིར་དུས་ཀྱི་རྗེས་སུ་འབྲངས་པ་དང་། གར་མའི་གཞས་གདངས་ནི་དུས་ནམ་ཡང་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་བས། ཁུ་བྱུག་གསུང་སྙན་ནི་གར་མའི་གཞས་གདངས་ལས་དམན་ཞེས་དཔེ་དོན་གཉིས་ཀྱི་གཏན་ཚིགས་སམ་རྒྱུ་མཚན་གྱི་རྟགས་བཀོད་པའི་སྒོ་ནས་མཚུངས་པ་ལས་ལྡོག་པར་བརྗོད་པ་ལྟ་བུའོ།།

འབྲུག་མོས་ཞུ་དག་བྱས།

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060