ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

ཚའེ་ཆིས་རུ་སྣེ་ཁྲིད་པ་དང་། ཝུའེ་ཞའོ་ཏུང་དང་། ཝུའུ་དབྱིང་ཅེ། ཆེ་དགྲ་ལྷ། ཡན་ཅིན་ཧའེ་བཅས་ཕེབས་པ།

སྤེལ་དུས 2021-09-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བོད་ལྗོངས་ཀྱི་ལས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་9ཚེས་5དང་6ཉིན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆིས་པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་སུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་ནས་ཅིང་བོད་ས་ཁུལ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་བ་རེད།
          པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཝུའེ་ཞའོ་ཏུང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་བཅས་དང་དེ་བཞིན་པེ་ཅིང་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚུའེ་ཧྲུའུ་ཆང་དང་། ཀྲང་ཅཱ་མིང་། ལུའུ་ཡན། ཅང་ཅེ། ལིའུ་ཅང་། ཁྲེན་ཡུང་ཆི། ཏུའུ་ཅན་ཀུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
          ཚེས་5ཉིན། པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་གནམ་གྲུ་ནས་བབས་མ་ཐག་དང་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རྒྱང་ཁྲིད་སྨན་བཅོས་ལྟེ་གནས་དང་ནད་ཐོག་སྨན་བཅོས་ཀྱི་དངོས་སྦྱོང་ལྟེ་གནས་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་བསྐྱོད་ཅིང་། ཚའེ་ཆིས་བོད་སྐྱོར་སྨན་པས་ས་མཐོའི་ལས་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། གཙོ་གནད་ཚན་ཁག་ཡག་པོ་སྐྲུན་པ་བཅས་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ནས་པེ་ཅིང་གི་བོད་སྐྱོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཇེ་འཚེར་དུ་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཚའེ་ཆིས་སློབ་གསོའི་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“100%ལྔའི”དམིགས་ཚད་ལྟར་སློབ་གྲྭ་རྩེ་གྲ་བཏོད་དེ་ཕུགས་བསམ་ལྡན་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཚེས་6ཉིན། པེ་ཅིང་གི་འཐུས་མི་ཚོགས་པ་ཚོགས་ཆུང་གསུམ་ལ་བགོས་ནས་སྟོད་ལུང་བདེ་ཆེན་ཆུས་དང་། འདམ་གཞུང་རྫོང་། སྙེ་མོ་རྫོང་བཅས་སོ་སོར་བསྐྱོད་དེ་བརྟག་ཞིབ་གནང་བ་རེད།
          ཚེས་6ཉིན་གྱི་ཕྱི་དྲོར། པེ་ཅིང·བོད་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།  ཚའེ་ཆིས་ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་པེ་ཅིང་ལ་དཀྲིས་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་དང་། ང་ཚོས་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ཞིག ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་བཅས་རེད། ཅིང་བོད་ས་ཆ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཛའ་གྲོགས་ཟབ་མོ་བཙུགས་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས། པེ་ཅིང་གིས་མུ་མཐུད་དཔེར་འོས་ཚད་གཞིར་བརྟེན་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ལེཌ་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཚའེ་ཆིས། ལས་སླ་པོར་ཐོབ་པ་ཞིག་མིན་པའི་དབུལ་སྒྲོལ་གྱི་གྲུབ་འབྲས་ཐུན་མོང་ཐོག་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་ཡག་པོ་གཏོང་དགོས་ཤིང་། “རྒྱུན་འཁྱོངས་གསུམ”དང“མི་འདོར་བ་བཞི”མཐའ་འཁྱོངས་བྱས་ཏེ་མ་དངུལ་དང་། རྣམ་གྲངས། ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཅས་ཀྱི་རོགས་སྐྱོར་སྤྱི་འདོམས་ཡག་པོ་བྱས་ནས་ཤུགས་ཚད་ཆུང་དུ་མི་གཏོང་བ་དང་ཚད་གཞི་དམའ་རུ་མི་གཏོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་དགོས་པ་དང་། དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཅིང་བོད་ས་ཁུལ་གཉིས་ཀྱི་ཐོན་ལས་མཉམ་ལས་བྱེད་རྒྱ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཤིང་། ལྷ་སའི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁྱད་ལྡན་ཁེ་ལས་དེ་བས་མང་བ་སྐྱེད་སྲིང་བྱས་ནས་ལྷ་སའི་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་དགོས། རོགས་སྐྲུན་རྣམ་གྲངས་ལ་ལས་མི་བསྡུ་ཤུགས་ཆེ་རུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། རིག་སྟོབས་བོད་སྐྱོར་གཏིང་ཟབ་ཏུ་བཏང་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྔར་ལས་ལྷག་པའི་ངང་གནད་སྨིན་འདེམས་མངགས་བྱེད་དགོས། ས་གནས་དེ་གའི་ལས་བྱེད་པ་དང་། ཤེས་ལྡན་མི་སྣ། མང་ཚོགས་བཅས་ལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་ལས་མཉམ་ལས་སྦྲེལ་མཐུད་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས། པེ་ཅིང་གི་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་ཀྱི་དགེ་མཚན་མུ་མཐུད་འདོན་སྤེལ་བྱས་ཏེ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
          ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། པེ་ཅིང་གྲོང་ཁྱེར་གྱིས་སྔར་རྒྱུན་ལྟར་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་ཅིང་བོད་ས་ཁུལ་གཉིས་ཀྱི་མཉམ་ལས་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རོགས་སྐྱོར་ཐོབ་པའི་ལས་དོན་ཏན་ཏིག་སྤེལ་བ་དང“དོན་ཆེན་བཞིར”སྤྱི་འདོམས་སྐུལ་འདེད་གཏོང་བ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་བ་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།