ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ཨམ་སྐད་གླེང་སྟེགས་ཞེས་པ་ཤར་གཏོང་བྱས་འདུག

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བདེ་སྐྱིད།

ཨམ་སྐད་གླེང་སྟེགས་དྲ་བའི་མདུན་ངོས།

          བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་དང་།   སྒོས་སུ་ཨམ་སྐད་ཞིབ་འཇུག་དང་བོད་རང་སའི་སློབ་ལོ་མ་རན་པའི་བྱིས་པ་དང་། སློབ་གྲྭར་ཞུགས་མ་ཐག་པའི་སློབ་བུ་གཅེས་ཕྲུག་རྣམས་ཀྱི་ཁྱིམ་ཚང་གི་སློབ་གསོའི་ཐད་ལ་དམིགས་པའི་ཨམ་སྐད་གླེང་སྟེགས་དྲ་བ་སྤྱི་ཟླ༦པའི་ཚེས༢༨ཉིན་དངོས་སུ་སྒོ་ཕྱེས་འདུག་པ་དེ་ནི།  གཟའ་འཁོར་གཅིག་རིང་གི་དྲ་བའི་སྒང་གི་བོད་དོན་ཁག་ལས།  ང་ཚོ་བསྟུད་མར་འདི་ཕྱིའི་གྱེས་བྲལ་ལ་འཕྲད་པའི་སྐྱོ་སྡུག་དང་མཐོ་སློབ་ཀྱི་བགྲོད་ལམ་གུ་དོག་པས་ཡིད་སེམས་བློང་བློང་གྱུར་བའི་སྐབས་ཀྱི་སེམས་གསོ་ཉག་གཅིག་ཏུ་གྱུར་ཡོད།   

          རྒྱུས་ལོན་བྱུང་བ་ཡིན་ན།  དྲ་བ་དེ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་ལས་འཁྱུར་བྱས་ཡོད་པའི་ལས་བྱེད་རྒན་པ་ལྷག་བསམ་ཅན་ཞིག་གིས་ལོ་འགའི་སྔོན་ནས་གྲ་སྒྲིག་གི་ལས་ཀ་གང་མང་བགྱིས་པ་བརྒྱུད།  ད་གཟོད་རང་ཅག་གི་མིག་སྔར་བསྟར་ཐུབ་བྱུང་བ་ཞིག་ཡིན་འདུག   དེ་མིན་དྲ་བ་དེ་བཟོ་བར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་མཁོ་འདོན་གྱི་ཕྱོགས་ནས་རོགས་རམ་བྱས་ཡོད་པ་དང་དེར་མ་ཟད་དྲ་ངོས་བཀོད་སྒྲིག་གི་ཆ་ནས་ཀྱང་དྲ་ཁྱིམ་དེར་ཐུན་མིན་གྱི་ཁྱད་ཆོས་ཤིག་འདུག་པ་ནི།  དྲ་ཁྱིམ་རང་སྟེང་གི་ཁྱད་ཆོས་གཞིར་བཞག་གི་སྟེང་ནས།   ལེ་ཚན་མང་པོ་ཉ་ཉུང་མང་བསྲེས་ཀྱིས་མིག་ལམ་འཁྲུག་པར་བྱེད་པའི་བོད་དྲ་སྔ་མ་དག་གི་རྣམ་པ་དང་མི་འདྲ་བར་མིག་ལ་བདེ་བ་དང་།   ཀློག་བདེ་བ།  འཚོལ་བཤེར་བདེ་བ།   ཁ་གསལ་སྟབས་བདེ་ཡི་ཁྱད་ཆོས་དུ་མས་མི་སེམས་ལ་ཅིག་ཅར་དུ་འབབ་པར་བྱེད།   དྲ་བ་དེ་ཉིད་ལེ་ཚན་ཆེན་པོ་གཉིས་སུ་དགར་འདུག་པ་དང་།  སོ་སོར"ཞིབ་འཇུག་པའི་དྲ་ཁྱིམ"སྟེ་ཨམ་སྐད་ཞིབ་འཇུག་གི་ལེ་ཚན་དང"གངས་ཕྲུག་འཚར་ལོངས"ཞེས་པ་གཉིས་རེད།  "ཞིབ་འཇུག་པའི་དྲ་ཁྱིམ"སྟེ་ཨམ་སྐད་ཞིབ་འཇུག་གི་ལེ་ཚན་དུ་ཨམ་སྐད་ཁྲོད་སྒྲ་ཇི་བཞིན་དུ་ཡི་གེ་འབྲི་སྲོལ་བྱུང་མེད་པའི་མིང་དང་། ཚིག་སྟེགས།(ཚིག་སྐྱོར) ལས་ཚིག་བཅས་མཐའ་ཡས་པ་ཞིག་ཡོད་པ་རྣམས་འཚོལ་སྡུད་བྱེད་པ་དང་།  དེ་དག་ལ་སྒྲ་དོན་མ་ནོར་བའི་སྒོ་ནས་བརྟག་ཅིང་དཔྱད་དེ་ཀུན་གྱིས་ཁས་ལེན་པའི་ཚད་ལྡན་ཡི་གེ་ཞིག་གཏན་ཁེལ་བྱ་རྒྱུ་གཙོ་བོ་བྱས་ཡོད་པ་དང་།  "གངས་ཕྲུག་འཚར་ལོངས"ཞེས་པའི་ལེ་ཚན་དུ་བོད་རང་སའི་སློབ་ལོ་མ་རན་པའི་བྱིས་པ་དང་། སློབ་གྲྭར་ཞུགས་མ་ཐག་པའི་སློབ་བུ་གཅེས་ཕྲུག་རྣམས་ཀྱི་ཁྱིམ་ཚང་གི་སློབ་གསོའི་གནས་བབ་དེ་ཚད་ཇི་འདྲ་ཞིག་ཏུ་གནས་ཡོད་ཚུལ་དང་། འཁོར་སྐྱོང་ཁྱིམ་བདག་དང་། སློབ་སྐྱོང་དགེ་རྒན་རྣམ་པས་དེའི་ཐད་ལ་བསམ་ཚུལ་དང་ལྟ་སྟངས་ཇི་འདྲ་བཟུང་ཡོད་ལུགས། བྱིས་པ་ཚོའི་དགའ་ཕྱོགས་ཅི་ཞིག་ཡིན་པ་དང་། ཁོང་ཏ་ཚོའི་རེ་འབོད་བྱ་ས་གང་འདྲ་ཡིན་ཚུལ་སོགས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བའི་དོན་དངོས་རྣམས་མཚམས་སྦྱོར་མདོ་ཙམ་བྱེད་པར་བརྟེན་ནས། དོན་དེར་དོ་སྣང་དང་ཐུགས་ཁུར་བྱེད་པའི་དཔུང་སྡེ་ཆེ་རུ་གཏོང་བ་དང་། ཕན་ནུས་ཅན་གྱི་གྲོས་གཞི་འདོན་དུ་བཅུག་ནས་སློབ་ལོ་རན་མ་རན་སོ་མཚམས་ཀྱི་བོད་པའི་ཁྱིམ་ཚང་གི་སློབ་གསོའི་རྗེས་ལུས་རྣམ་པ་དེ་མ་འོངས་ལེགས་ལམ་ཞིག་ཏུ་བསྒྱུར་བར་རམ་འདེགས་ཀྱི་ནུས་པ་གདོན་པའི་སྐོར་ཡིན་པར་དྲ་ཁྱིམ་གང་དེར་ངོ་སྤྲོད་གནང་པ་ཇི་བཞིན་དུ་དྲངས་པ་ཞིག་གོ  །

          དྲ་བ་དེ་ནི"བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་སྤྱི་དང་། སྒོས་སུ་ཨམ་སྐད་ཞིབ་འཇུག་གི་ལས་ལ་སྤྲོ་སྣང་ལྡན་མཁན་དང་དོ་ཁུར་གནང་མཁན་ཚོས། དྲ་ལམ་འདིར་བརྒྱུད་ནས་ཨམ་སྐད་ཁྲོད་སྒྲ་ཇི་བཞིན་དུ་ཡི་གེ་འབྲི་སྲོལ་བྱུང་མེད་པའི་ཡུལ་ལུང་ཁག་གི་བརྡ་ཆད་མང་པོ་འདོན་སྤྲོད་བྱ་རྒྱུ་དང་། ཐུན་མོང་གི་བློ་གྲོས་དང་ལྷན་ཏུ་དེ་དག་ལ་བརྟག་ཅིང་དཔྱད་ནས་ཚད་ལྡན་གྱི་ཡི་གེ་ཇི་ལྟར་བྲིས་ན་འོས་ཤིང་འགབ་ཚུལ་ལ་བགྲོ་གླེང་བྱེད་པ། གཞན་ཡང་བོད་ཀྱི་སློབ་ལོ་མ་རན་པའི་བྱིས་པ་ནས་སློབ་ཆུང་ལོ་རིམ་དང་པོའི(ལོ3—7བར།)བར་གྱི་བྱིས་པ་དག་གི་ཁྱིམ་ཚང་སློབ་གསོའི་གནས་བབ་ཇི་འདྲ་དང་། དེ་ལེགས་ལམ་དུ་སྒྱུར་ཐབས་གང་དག་ཡོད་ཚུལ། མི་རིགས་གཞན་དང་རྒྱལ་ཁབ་གཞན་པའི་ཁྱིམ་ཚང་སློབ་གསོའི་གནས་བབ་ཚད་ཇི་འདྲ་ཞིག་ཏུ་སླེབས་ཡོད་ཚུལ་གླེང་བ་སོགས། ཇི་སྐད་དུ། ས་ཡིས་ས་ལ་རོགས་བྱས་ན། །ས་ཡིས་གྱང་མཁར་བརྟན་པོ་འགྲུབ། །ཅེས་དང་། མང་པོ་བསྡོམས་ནས་གྲོས་བྱས་ན། །ཆེན་པོ་ཡིས་ཀྱང་ཐུབ་མི་འགྱུར། ། ཞེས་པ་ནང་བཞིན་དུ། གོང་སྨོས་བྱ་བཞག་རླབས་པོ་ཆེ་དེ་གཉིས་བརྗོད་བྱའི་རྐང་དུ་བསྣམས་ནས། སོ་སོ་རང་རང་གང་ལ་གང་འཇོན་གྱི་ངོས་སྐལ་ནས་ལྟ་བ་ལྷུག་བརྗོད་དང་གྲོས་མགོ་འདོན་རེས་གནང་ཆོག་པའི་འཆད་སྟེགས་ལྟ་བུ་ཞིག་འདོན་སྤྲོད་བྱ་རྒྱུར"དམིགས་ནས་བཙུགས་པར་དྲ་བ་དེ་དོན་གཉེར་བྱ་མཁན་ཀུན་ཁྱབ་ཀླུ་བྱམས་ལགས་ནས་གསུངས་པ་ནང་བཞིན་ཡིན་འདུག་ལ།  "ཨམ་སྐད་བརྡ་ཆད་ཞིབ་འཇུག་གི་ལས་ཀ་དང་། བོད་ཀྱི་སློབ་ལོ་མ་རན་པའི་ཁྱིམ་ཚང་སློབ་གསོའི་བྱ་བཞག་གཉིས་དམའ་ས་ནས་མཐོ་སར་འཇོག་དགོས་ཤིང་། མཐོ་ས་ནས་གཙིགས་སར་འཇོག་དགོས་པའི་ངོས་ཟིན་གསར་བ་ཞིག་མགོ་གནམ་བསྟན་གྱི་བོད་མི་ཐམས་ཅད་ཀྱི་རྒྱུད་ལ་ཆུ་ཚན་བརྡོལ་བརྡོལ་དུ་སྐྱེས་སུ་འཇུག་དགོས་ངེས་ཀྱི་འབོད་བརྡ་བཏང་ནས། ཕྱར་བ་གྲུ་འདེགས་དང་ལག་གདངས་སྦྲེལ་ཏེ་ཆད་པ་རྒྱུན་མཐུད་དང་སྟོང་བ་ཁ་གསབ། ཡོད་པ་སྔོགས་འདོན་དང་མེད་པ་ནང་འདྲེན་བཅས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་མཛོ་ཁལ་ལུག་ཁལ་ནང་བཞིན་གྱི་ནུས་པ་ཙམ་གདོན་པར་བྱ་རྒྱུ་དེ་ཡིན"ཞེས་ཀྱང་ཁོང་གིས་ནན་ཆེར་གསུངས་འདུག

          ཨམ་སྐད་གླེང་སྟེགས་ཀྱི་དྲ་སྒོ་ཕྱེས་པ་ལ་བོད་ཀྱི་དྲ་བའི་སྒང་དུ་དགའ་བསུ་ཚད་མེད་བྱེད་བཞིན་འདུག་ལ།  དྲ་གྲོགས་པད་མ་འབུམ་ཟེར་བ་ཞིག་གིས"བཤད་རྒྱུ་དང་ཉན་རྒྱུ་མ་གཏོགས་མེད་པའི་ཨམ་སྐད་ཀྱི་མིང་ཚིག་མང་པོ་ཞིག་འབྲི་རྒྱུ་དང་ཀློག་རྒྱུ་ཡོད་པར་བྱས་ན་དེས་ཡུལ་སྐད་ཀྱི་མིང་ཚིག་མང་པོ་བོད་སྤྱི་སྐད་ཀྱི་མིང་ཚིག་གི་གནས་སུ་སྤྲད་ནས་བོད་ཀྱི་མིང་མཛོད་ཇེ་ཕྱུག་ཏུ་འགྲོ་རྒྱུ་ཡིན་པས་དེ་ནི་ཨམ་སྐད་གཅིག་པོའི་དོན་དག་ཅིག་མིན་པར་བོད་སྐད་སྤྱིའི་དོན་དག་ཅིག་རེད། དབུས་གཙང་སྐད་དང་ཁམས་སྐད་གཉིས་ཀྱིས་ཀྱང་དེ་ལྟར་བྱེད་ཐུབ་ན་བོད་སྐད་ཀྱི་མིང་མཛོད་ལྡབ་འགྱུར་གྱིས་ཇེ་ཕྱུག་ཏུ་འགྲོ་རྒྱུ་ཡིན་པས་ཡུལ་སྐད་དེ་གཉིས་ལ་ཡང་དེ་འདྲའི་ཚིག་མཛོད་རེ་མགྱོགས་པོར་ཡོང་བར་ཤོག"ཅེས་རེ་འབོད་གནང་འདུག 

          དྲ་ཁྱིམ་དེའི་དྲ་གནས་ནིhttp://www.amskd.comཡིན་པ་དང་གཞི་བྱེས་ཀྱི་དྲ་གྲོགས་རྣམ་པས་དྲ་བདག་ཁོང་གི་རེ་འབོད་བཞིན་དྲ་ཁྱིམ་དེར་ཕེབས་ནས་རིག་གནས་ཤེས་བྱ་སྤེལ་རེས་དང་བསམ་ཚུལ་བརྗེ་རེས་གནང་ན་ཨམ་སྐད་ཞིབ་འཇུག་དང་གངས་ཕྲུག་འཚར་ལོངས་ལ་དགེ་མཚན་བསམ་གྱིས་མ་ཁྱབ་པ་ཐོན་ངེས་པ་མ་ཟད།  བོད་ཀྱི་རིག་གནས་སྤྱིའི་འཛིན་སྐྱོང་སྤེལ་གསུམ་གྱི་ཆར་ཡང་ཕན་འབྲས་དཔེ་མེད་འབྱུང་ངེས། 

ཨམ་སྐད་གླེང་སྟེགས་ཀྱི་འབྲེལ་གཏུག་བྱ་ཐབས།

QQ: 207351375   E-mail: 207351375@qq.com 

ཁ་པར། 18297186682    སྐད་འཕྲིན། 18297186682