ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ཕ་མ་ནི་བྱིས་པའི་ཆེས་བཟང་བའི་དགེ་རྒན་ཡིན།

སྤེལ་དུས 2017-08-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།
          འཇིག་རྟེན་གྱི་ཕ་མ་སུ་ཞིག་ཡིན་རུང་རང་གི་བུ་ཕྲུག་དེ་རང་ཉིད་ཀྱི་སྙིང་དང་མིག་ལྟར་མི་གཅེས་པ་གཅིག་ཀྱང་མེད་མོད།    འོན་ཀྱང་གཅེས་ཚུལ་དང་སྐྱོང་ཚུལ་མི་འདྲ་ཁ་ཁ་ཡིན་པ་ལས།   བྱིས་པ་རེ་རེ་ལའང་རང་རང་གི་མ་འོངས་པ་རེ་ཡོད།   རང་རེའི་བོད་ཀྱི་གཏམ་དཔེ་ལ་ལོ་ཏོག་གཞན་གྱི་ལོ་ཏོག་ཡགབུ་ཕྲུག་རང་གི་བུ་ཕྲུག་ཡག་ཟེར་བའི་དཔེ་བཞིན་དུ་བྱིས་པར་བཅིངས་པའི་བརྩེ་དུང་ཐལ་དྲགས་པ་ལས་བྱིས་པའི་རང་གཤིས་ཐད་ཀར་ཅན་དང་ཕྱི་རུ་མངོན་པ།   འཆར་ཡན་ཅན་བཅས་ཀྱི་ཕྱོགས་སུ་སྔོག་འདོན་བྱེད་པར་སུས་ཀྱང་དོ་སྣང་ཆེས་ཆེར་མི་བྱེད།   དེ་འདྲའི་ཚད་འདས་ཀྱི་བརྩེ་བ་དང་ཚད་འདས་ཀྱི་གཅེས་སྐྱོང་འོག་ནས་ནར་སོན་པའི་བྱིས་པར་དུས་ནམ་ཡང་གཞན་བརྟེན་གྱི་བསམ་པ་དང་རེ་སྒུག་གི་སེམས་པ།   ཉམས་ཆུང་གི་ཚུགས་ཀ་སྟེ་ལུ་གུ་ཆུང་ཆུང་ཞིག་དང་གཉིས་སུ་མ་མཆིས།   འགྲན་རྩོད་དང་འཕོ་འགྱུར་ཆེ་བའི་དེང་རབས་ཀྱི་དུས་འདིར་འབའ་འབའ་ལུ་གུ་ལྟ་བུའི་རང་ཚུགས་མི་ཐུབ་པའི་བྱིས་པ་ནི་ནམ་ཡང་འཚོ་སྡོད་བྱ་ཐབས་བྲལ།   དེ་བས།   དུས་རབས་ཀྱི་འཕེལ་ཕྱོགས་དང་དགོས་མཁོ།   བྱིས་པའི་དགའ་གཤིས་ལྟར་བྱིས་པར་སློབ་གསོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།    ཞོལ་ནས་ཕྲན་གྱིས་འདིའི་ཐད་ཀྱི་བསམ་ཚུལ་འགའ་ཁྱིམ་བདག་རྣམ་པར་ཁ་ཏའི་ཚུལ་དུ་ཅིག་གླེང་བར་བྱའོ།

          ༡.བྱིས་པ་ཆུང་དུས་ནས་བརྟན་བརླིང་གི་སེམས་ཁམས་སྐྱེད་སྲིང་བྱེད་པ།
          ཕ་རིག་མཐོང་མེད་ན་བུ་ཞ་ར་ཡིན།    ཕ་རྣ་ཐོས་མེད་ན་བུ་འོན་པ་ཡིན།    ཟེར་བའི་དཔེ་བཞིན་ཕ་མ་ནི་བྱིས་པའི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ལམ་སྟོན་པ་དང་མིག་དཔེ་བྱེད་གཞི།    རྟིང་སྐུལ་ཐོབ་ཡུལ་བཅས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན། བྱིས་པའི་བརྟན་བརླིང་གི་སེམས་ཁམས་དང་མཛེས་སྡུག་ལྡན་པའི་སེམས་པ།    གྲུང་ཤ་དོད་པའི་གཤིས་རྒྱུད་བཅས་ནི་འཇོན་ཐང་ཅན་གྱི་མི་ཞིག་བསྐྲུན་པའི་རྨང་གཞི་ཡིན་ཕྱིར།     བྱིས་པ་ནི་མེ་ཏོག་ཞིག་ཡིན་ཙ་ན།   དེ་ལ་ཚན་རིག་དང་ལྡན་པའི་སྒོ་ནས་འདེབས་གསོ་བྱེད་ཤེས་དགོས།    བྱིས་པ་ནི་རིན་ཆེན་ནོར་བུ་ཞིག་ཡིན་ཙ་ན། དེར་སེམས་བསམ་པས་བདག་སྐྱོང་བྱེད་ཤེས་དགོས།    བྱིས་པ་ནི་མདའ་མོ་ཞིག་ཡིན་ཙ་ན།   དེར་འཕེན་ཚད་རིང་ཞིང་འཕངས་པ་ཕོག་པའི་ཡིད་ཚོད་ཡོད་དགོས།
          རང་རེའི་ཕ་མ་རྣམས་ཀྱིས་བྱིས་པའི་དོན་དུ་དཀའ་སྡུག་ཅི་འདྲ་མྱོང་དགོས་རུང་འོས་པར་བསམ།   ཡིན་ནའང་དུས་དང་རྣམ་པ་ཀུན་ཏུ་གཅེས་ཕྲུག་ལོ་ལོ་ཨ་མ་ཡོང་།   ཨ་མས་ཁྱེར།   ཁྱོད་འཐུང་ཁྱོད་ཟོ་ལ་སོགས་པའི་བྱ་མོས་བྱ་སྒོང་རུམ་པ་ལྟ་བུའི་ཚད་བཞིན་ཡོད་པ་གཏན་ནས་ཤེས་ཀྱིན་མེད།   འཇར་པན་གྱི་འགུལ་རིས་གློག་བརྙན༼བློ་རིག་བཀྲ་བའི་དབྱི་ཞིའུ༽ཟེར་བའི་ནང་དུ་བརྗེད་དཀའ་བའི་ཚན་པ་ཞིག་ཡོད་པ་ནི་འདི་ལྟ་སྟེ།    དབྱི་ཞིའུའི་ཨ་མས་དབྱི་ཞིའུ་སྦྱོང་བརྡར་བྱེད་ཆེད་དུ་དབེན་གནས་སུ་འཚོ་བ་ཁེར་སྐྱེལ་གྱི་གྲྭ་བཙུན(བན་དེ)བྱེད་དུ་བཅུག   ཐེངས་ཤིག   ལོ་ན་ཆུང་བའི་དབྱི་ཞིའུ་སེམས་ཆུང་མ་བྱས་པར་ཐང་ལ་འགྱེལ་ཏེ་རྡོས་རྐང་བར་ན་ཟུག་ཆེན་པོ་བཟོས།    དུས་དེར་ཁོའི་ཨ་མའང་ཁོ་དང་ཐག་ཤིན་ཏུ་ཉེ་བའི་དབྱི་ཞིའུ་ཨ་མར་རང་ཉིད་སྐྱོབ་པའི་རྣམ་འགྱུར་བསྟན་མོད།   ཡིན་ནའང་ཨ་མས“ལག་པ་སར་བཙུག་ཏེ་རང་ཉིད་ཡར་ལོངས”ཞེས་ནན་གྱིས་བཤད་པ་ལས་ཡེ་ནས་མ་སྐྱོབ།   ཚན་པ་འདི་ལས་ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་བ་ཅི་མི་བདེན་བསམ།    འུ་ཅག་རྣམས་ཀྱིས་ཀྱང་དབྱི་ཞིའུའི་ཨ་མ་ལྟར།    ཤ་ཚ་ན་ཁོག་ནས་ཚ་དགོས་ཚུལ་དང་སར་འགྱེལ་ན་རང་ཉིད་ཡར་ལངས་ཤེས་དགོས་པའི་གནས་ལུགས་འདི་བྱིས་པ་རྣམས་ཀྱི་ཡིད་ལ་འཇོག་རྒྱུ་གལ་ཆེ་བར་བསམ།   ལྷག་པར་དུ་ཁྱིམ་རེ་ལ་བྱིས་པ་གཅིག་རེ་ལས་མེད་པའི་དེ་རིང་།   ཕ་མ་ཚོས་ངེས་པར་དུ་གཅེས་ཤེས་སྐྱོང་ཤེས་བྱ་རྒྱུ་ནི་ཤིན་ཏུ་བྲིན།

          ༢.བྱིས་པ་ཆུང་དུས་ནས་གཤིས་བསྟུན་ལྟར་ཐུན་མིན་གྱི་གཤིས་ཀ་སྐྱེད་སྲིང་བྱེད་པ།
          ལྷམ་ཆ་གཅིག་གདབ་པ་དང་ཁང་ཁྱིམ་ཞིག་དབུབ་པ།   དེ་མིན་མཚོ་གྲུ་དང་རླངས་འཁོར་ལ་སོགས་ཆེ་མ་ཆུང་གསུམ་གང་བཟོ་བར་རང་རང་ལའང་རེ་རེའི་ཐུན་མིན་ཁྱད་ཆོས་འདྲ་ལྡན།   དེ་བས་རྣམ་རིག་བཀྲ་ཞིང་བདེ་ཐང་ཅན་གྱི་རྣམ་ཤེས་དང་ལྡན་པའི་སྲོག་གི་ཕུང་བོ་ཞིག་བསྐྲུན་པ་ལ་དེ་ལས་ཀྱང་ཁྱད་འཕགས་རང་བཞིན་ལྡན་པ་སྨོས་ཅི་དགོས།   བྱིས་པར་གཤིས་བསྟུན་སློབ་གསོ་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མཐུན་ལ་དུས་རབས་ཀྱི་དགོས་མཁོ་ཡང་ཡིན།   བྱིས་པའི་རེ་བསྙེག་དེ་བས་ཀྱང་ཡིན།   རང་རེའི་ཕ་མ་རྣམས་ཀྱིས་བྱིས་པའི་འགྲོ་འདུག་ཉལ་འཆག་ལ་སོགས་པར་ཚོད་འཛིན་བྱས་ཏེ།   བྱིས་པས་ཕ་མའི་བློར་མི་འབབ་པའི་བྱ་བ་རེ་བསྒྲུབས་ཚེ་དེ་མི་འགྲིག   འདི་མ་རེད།   དེ་མི་རུང་དང་འདི་མི་ཆོག་ཅེས་ཐད་ཀར་བྱིས་པའི་ལུས་སེམས་ལ་སྐྱོན་བརྗོད་ཀྱི་མདུང་རྩེ་སྤྲད་དེ་བཀག་སྡོམ་རང་བཞིན་གྱི་སློབ་གསོ་གཏོང་བ་རེད།   འོན་ཀྱང་བྱིས་དུས་ཀྱི་རྩེད་འཇོ་སྣ་ཚོགས་ནི་ཁོའི་མ་འོངས་པའི་འཚོ་བའི་ས་བོན་ཡིན་ཞེས་མཁས་པས་གསུངས།   དེ་བཞིན་འཛམ་གླིང་སྟེང་གི་སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་དག་གིས་མཁས་པའི་གསུངས་ཇི་བཞིན་དུ་བྱིས་པས་རྩེད་ཆས་གཏོར་བཤིག་གཏོང་བ།   གང་འདོད་ཅི་དྲན་དུ་གྱོན་གོས་དང་ཤོག་ངོས།  རྩིག་ངོས་ལ་སོགས་པའི་གཙང་ཞིང་མཛེས་པའི་སྟེང་ལ་ནག་ནོག་བྱེད་པ་དང་རི་མོ་སྣ་ཚོགས་བྲིས་པ་མཐོང་ཚེ་བྱིས་པའི་ནུས་རྩལ་ངེས་ཅན་ཞིག་ཤེས་པ་རེད་ཅེས་ཐུགས་དགྱེས་པ་དང་མུ་མཐུད་དུ་གང་འདོད་གང་དགའི་ལས་ལ་ཞུགས་པར་མཐུན་རྐྱེན་ཡག་པོ་སྐྲུན་དགོས་ངེས་རེད།   ཨ་མེ་རི་ཁའི་དེང་རབས་སྤྱི་ཚོགས་རིག་པ་བ་ཁ་ནའི་ཅི་ཡིས་བྱིས་པར་མཚོན་ན།   ཨ་མས་རྟིང་སྐུལ་དང་བསྟོད་པ་ནི་ཁོ་ཚོ་ཆེས་དགའ་བ་དང་རེ་བ་ཡིན་ཞེས་གསུངས།   དེ་ལས་ལྡོག་སྟེ་ལྗི་བ་ལྡིང་མཁས་དེ་ལྗི་བ་གོག་འགྲོ་རུ་གྱུར་བ་ལྟར་བྱིས་པའི་ལུས་སེམས་གཉིས་ཀ་གཅུན་པའི་སློབ་གསོའི་འོག་ནར་སོན་པའི་བྱིས་པ་དག་བྱ་བ་ཆེ་འབྲིང་ཆུང་གསུམ་ཅི་འདྲ་ཐུག་ཚེ་བལྟས་ནས་སྡོད་པ་དང་།   ཚོད་ལྟ་བྱེད་མི་ཕོད་པ།  དཀའ་བ་སྤྱོད་མི་ཐུབ་པ།   ཀླད་པ་འགུལ་མི་འདོད་པ་བཅས་ཡིན་པས་ཕ་མ་རྣམས་ཀྱིས་བྱིས་པར་གཤིས་སྟུན་སློབ་གསོ་གཏོང་རྒྱུ་ནི་མཁྱེན།

          ༣.བྱིས་པར་ཆུང་དུས་ནས་དཀའ་སྤྱད་ཀྱི་སྙིང་རུས་སྐྱེད་སྲིང་བྱེད་པ།
          སྔོན་ཐོན་རྒྱལ་ཁབ་ཀྱི་ཁྱིམ་བདག་མང་ཆེ་ཤས་ཀྱིས་བྱིས་པ་ཆུང་དུས་ནས་རང་འགན་རང་ཁུར་དང་དཀའ་སྤྱད་ཀྱི་སྙིང་རུས་སྐྱེད་སྲིང་བྱ་རྒྱུ་གཙིགས་ཆེན་དུ་འཛིན།   རང་རེ་རྣམས་ཀྱིས་བྱིས་པ་ལ་སྲུང་སྐྱོབ་བྱེད་དྲགས་པས་ཨ་མར་བརྟེན་པ་ལོབས་ནས་ཕ་མ་ལ་རེ་སྒུག་བྱེད་པ་རེད།    ཕ་མ་ཡིན་པ་འདྲ་འདྲ་ཡིན་ཡང་བྱིས་པ་བདག་སྐྱོང་བྱ་ཚུལ་ཁ་ཁ་ཡིན་སྟབས།   ཀྲུང་གོའི་ལུ་གུ་དང་ཨ་རི་བའི་སྤྱང་ཀི་ཟེར་བའི་དོན་དངོས་དང་མཐུན་པའི་དཔེ་འཇོག་རང་བཞིན་གྱི་མཚང་མིང་ཡང་འདི་ལྟར་ཐོབ་པ་རེད།
          གང་སར་འགྲན་རྩོད་ཀྱིས་ཁེངས་པའི་དེང་རབས་ཀྱི་དུས་འདིར་དྲག་རྒྱལ་ཞན་འཇིག་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཡིན་ལ།   མི་རེ་རེའི་མདུན་དུ་ལྷགས་པའི་ཁྱོ་ཤི་ང་གསོན་གྱི་ཉམས་ཚོད་ནན་མོའང་ཡིན།   འདི་ལྟ་བུའི་ཚ་ཚ་འུར་འུར་གྱི་འགྲན་རྩོད་ཁྲོད་རྒྱལ་ཁ་ལོན་པར་ཤེས་ཡོན་དང་རྣམ་རིག་ལྡན་པ་ཙམ་གྱི་མི་ཆོག་པར་སྙིང་རུས་དང་བརྩོན་འགྲུས་ལྡན་རྒྱུ་ནི་བླ་ལྷག་གིས་གལ་ཆེན་ཡིན།   དུས་ཀྱི་དགོས་མཁོ་ལྟར་ཨ་རིའི་ཁྱིམ་བདག་རྣམས་ཀྱིས་བྱིས་པ་ཆུང་དུས་ནས་ངལ་རྩོལ་གྱི་རིན་ཐང་ལ་ངེས་ཤེས་ཡོད་ཆེད།   ཆེད་དུ་སྤྱི་ཚོགས་དང་བསྟུན་པའི་འཚོ་བ་ཁེར་སྐྱེལ་གྱི་ནུས་པ་སྐྱེད་སྲིང་བྱེད།   སུའེ་ཙེར་རྒྱལ་ཁབ་རྣམས་ཀྱིས་ཀྱང་བྱིས་པ་ཆུང་དུས་ནས་རང་ཁ་རང་གསོའི་སྙིང་རུས་བསྐྱེད་ཆེད་སྔ་དྲོ་བྱིས་པ་སློབ་གྲྭར་ཞུགས་པ་དང་ཕྱི་དྲོ་ངལ་རྩོལ་གྱི་ལས་ལ་ཞུགས་སུ་འཇུག   ད་དུང་བྱིས་པ་དཀའ་ཁག་འདྲ་འཕྲད་ཚེ་མུ་མཐུད་དུ་མདུན་བསྐྱོད་པར་སྐུལ་སློང་དང་ཁྲིད་སྟོན་བྱེད་པ་ལས་རང་རེ་ཕ་མ་ལྟར།  ངོ་མ་རིག་རྟུལ་ཞིག་རེད།   འདི་ཙམ་ཡང་མི་ཤེས་ན་ཟ་ཨེ་ཤེས།  ངའི་གཅེས་ཕྲུག་ཁག་མེད།   ལྟོགས་སམ།   གྲང་ངམ་ལ་སོགས་པའི་རང་འགན་རང་ཁུར་དང་རང་བཀུར་གྱི་སེམས་ཁམས་ཆགས་པར་ངན་རྐྱེན་ཐེབས་པའམ་ཐ་ན་རྩ་གཏོར་གཏོང་བའི་སྐད་ཆ་ཡེ་ནས་མི་བཤད།
          
མདོར་ན།   དུས་ཀྱི་འཕེལ་ཕྱོགས་དང་དགོས་མཁོ།    བྱིས་པའི་གཤིས་མཐུན་དང་དགའ་སྣང་ལྟར་བྱིས་པ་སྐྱེད་སྲིང་བྱས་ཏེ་བྱིས་པའི་ཆེས་བཟང་བའི་དགེ་རྒན་དཔེ་ལེགས་ཅན་ཞིག་བྱ་རྒྱུ་ནི་དུས་རབས་གསར་བའི་ཕ་མ་རྣམས་ཀྱི་འགན་འཁྲི་དང་འོས་འགན་ཡིན་ཕྱིར།    འདིའི་ཐད་བརྩི་འཇོག་དང་ཤེས་རྟོགས་བྱུང་རྒྱུ་ཧ་ཅང་གལ་ཆེའོ། །