ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སློབ་མའི་རང་བཀུར་གྱི་བསམ་བློ་གསོ་སྐྱོང་བྱ་དགོས།

སྤེལ་དུས 2018-03-28 ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།
          སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་འོས་འགན་གཙོ་བོ་ཞིག་ཡིན། ཡིན་ནའང་། སློབ་མ་བཟང་བོ་ཞིག་གསོ་སྐྱོང་བྱེད་པ་ནི་ཁ་ནས་བཤད་པ་ལྟ་བུར་ལས་སླ་མོ་ཞིག་མིན་ལ། དགེ་རྒན་གྱི་རེ་བ་ཇི་བཞིན་དུ་འབྱུང་སྲིད་པ་ཞིག་ཀྱང་མིན།  སློབ་མ་ལེགས་པོ་ཞིག་གསོ་སྐྱོང་བྱེད་ཐུབ་མིན་དེ་སེམས་ཁམས་རྒྱུས་ལོན་བྱ་ཐུབ་མིན་ལ་རག་ལས་ཡོད་པས། སློབ་མར་རྒྱུས་ལོན་བྱེད་པ་ནི་དགེ་རྒན་གྱི་ཆེས་འབད་པ་བྱ་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན།  ང་ཚོས་སློབ་མར་རྒྱུས་ལོན་བྱས་པའི་ཉམས་མྱོང་ལྟར་ན། སློབ་མ་ཐམས་ཅད་ཀྱི་སེམས་ཁམས་དེ་གཅིག་མཚུངས་ཤིག་མིན། ལ་ལར་བསྟོད་པ་བྱས་པ་སྐུལ་སློང་གི་ནུས་པ་ཐོན་ལ། ལ་ལར་སྐྱོན་བརྗོད་བྱས་ན་སྐྱོན་ཡོ་བསྲང་བྱེད་པའི་ནུས་པ་འདོན་ཐུབ། ཡང་ལ་ལར་གནས་ལུགས་བཤད་ན་དོན་གོ་ཆོད་ལ། ལ་ལར་གནས་ལུགས་བཤད་པས་གོ་ཅི་ཡང་མི་ཆོད་དོ། །  
          སློབ་སྦྱོང་ལ་མི་བཟང་བའི་སློབ་མ་དང་ཁྱད་པར་དུ་སློབ་སྦྱོང་ལ་མི་དགའ་བའམ་འཛིན་གྲྭ་ལས་ཆེས་ཞན་པའི་སློབ་མར་མཚོན་ན། དགེ་རྒན་དང་སློབ་གྲོགས་ཡོངས་ཀྱི་མིག་ནང་དུ་མི་འཇོག་པས་སློབ་མ་དེ་དག་གི་སེམས་ཁམས་ལ་གནོད་པ་ཆེན་པོ་ཐེབས་ནས་རང་བཀུར་གྱི་བསམ་བློ་ཉམས་འདུག་པར་མ་ཟད། རང་ཉིད་འཛིན་གྲྭ་ལས་ཆེས་ཐ་ཤལ་དང་རང་ཉིད་ལ་རིན་ཐང་ཅི་ཡང་མེད་སྙམ་ནས་སློབ་སྦྱོང་མི་བྱེད་པའི་ཁར་སློབ་བྱོལ་བྱེད་པའི་བསམ་བློ་ཡང་འཁོར་བཞིན་ཡོད་པས། དེ་ནི་སློབ་མ་ལ་ཡར་སྐྱེད་མི་འབྱུང་བའི་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད།  སློབ་སྦྱོང་ལ་མི་བཟང་བའི་སློབ་མ་ཡིན་ན་དེ་ནི་འཛིན་གྲྭ་ལས་ཆེས་ཐ་ཤལ་ཡིན་པའི་ངེས་པ་མེད་ལ། འཛིན་གྲྭ་ལས་ཆེས་བཟང་བོ་ཡིན་པའི་ངེས་པའང་མེད། རྒྱུ་མཚན་ནི་ཁོ་ཚོའི་སེམས་ཁོང་དུ་བག་ལ་ཉལ་བའི་ནུས་བ་ག་འདྲ་ཞིག་ཡོད་པ་དེ་དགེ་རྒན་དང་སློབ་མ་སུས་ཀྱང་མི་ཤེས་ལ། ཐ་ན་རང་ཉིད་ཀྱིས་ཀྱང་མི་ཤེས་པ་རེད། གལ་ཏེ་དུས་ཐོག་ཏུ་ཁོ་ཚོའི་རང་བཀུར་གྱི་བསམ་བློ་དེ་གསོ་སྐྱོང་མ་བྱས་ན་ངེས་པ་དོན་ཏུ་ཆེས་ཐ་མ་ཞིག་ཏུ་མི་འགྱུར་པའི་ངེས་པའང་མེད་དོ། །  
          སློབ་མ་ཞིག་ལ་མཚོན་ན། ནམ་རྒྱུན་རང་ཉིད་གཞན་ལས་ཆེས་དམན་པར་འཛིན་པ་ནི་རང་ཉིད་ཆེས་ཐ་ཤལ་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཡིན། རྒྱུགས་འབྲས་ནི་སློབ་མ་དེས་དུས་ངེས་ཅན་ཞིག་ལ་སློབ་སྦྱོང་བྱས་པ་བཟང་ངན་གྱི་མཚོན་རྟགས་ཙམ་ལས་སློབ་མ་དེ་འཛིན་གྲྭ་དེ་ལས་ཆེས་ཐ་ཤལ་ཞིག་ཡིན་པ་མཚོན་མི་ཐུབ་པར་མ་ཟད། དེ་རིང་གི་རྒྱུགས་འབྲས་དམན་པ་དེས་སང་ཉིན་གྱི་རྒྱུགས་འབྲས་ག་འདྲ་ཡིན་པ་དེ་བས་ཀྱང་མཚོན་མི་ཐུབ། དེ་བས་རྒྱུགས་འབྲས་ལ་བརྟེན་ནས་སློབ་མར་གདེང་འཇོག་བྱེད་པ་ནི་དགེ་རྒན་ལ་གོ་འཛོལ་བྱུང་བ་ཞིག་ཡིན།  རྒྱུགས་འབྲས་དམན་པའི་སློབ་མ་མང་པོ་ཞིག་ལ་གཞན་གྱིས་འཕྱ་དམོད་དང་མཐོང་ཆུང་བྱས་པའི་རྐྱེན་གྱིས་རང་བཀུར་གྱི་བསམ་བློ་ཡལ་ཏེ་སློབ་སྦྱོང་ལ་སྤྲོ་བ་མེད་ལ། ཐ་ན་རང་ཉིད་ལ་ཡིད་ཆེས་མེད་པར་གྱུར་ནས་མ་རབས་ཀྱི་བྱ་བ་སྣ་ཚོགས་ལ་འཇུག་བཞིན་ཡོད་པ་རེད། རྒྱུགས་འབྲས་བཟང་མིན་ཁོ་ནས་སློབ་མ་བཟང་ངན་གྱི་ཁྱད་པར་འབྱེད་པའི་སློབ་གསོ་དེ་ནི་སློབ་མ་སྐྱོང་བའི་ཐབས་ལམ་ཉག་གཅིག་མིན། འདི་དག་ནི་དགེ་རྒན་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་དང་སློབ་སྦྱོང་ལ་ཞན་པའི་སློབ་མ་ཚོས་ངེས་པར་དུ་ཤེས་དགོས་པའི་དོན་དག་ཅིག་རེད།  ཁོ་བོས་ཆེད་དུ་སློབ་སྦྱོང་ལ་མི་བཟང་བའི་སློབ་མ་ཞིག་ལ་ཚོད་ལྟ་བྱས་མྱོང་། སློབ་མ་དེ་བུ་མོ་ཞིག་ཡིན་ལ་སློབ་ཆུང་ནས་སློབ་འབྲིང་བར་དུ་སློབ་སྦྱོང་ལ་མི་བཟང་ཞིང་། ཁོ་མོ་སློབ་སྦྱོང་ལ་མི་བཟང་བ་ནི་སློབ་སྦྱོང་མ་བྱས་པ་ལས་རིག་པ་མི་བཟང་ཞེས་བཤད་ན་མི་འོས་པ་རེད། སློབ་སྦྱོང་མི་བྱེད་པའི་རྒྱུ་མཚན་ནི་སློབ་སྦྱོང་བྱས་ཀྱང་རུང་མ་བྱས་ཀྱང་རུང་རང་ཉིད་སློབ་སྦྱོང་ལ་མི་ལེགས་སྙམ་པ་དེ་རེད། སེམས་ཁམས་དེ་ནི་དགེ་རྒན་དང་སློབ་གྲོགས་ཕ་མ་བཅས་ཀྱིས་བཟོས་པ་ཞིག་རེད། སེམས་ཁམས་དེ་བལྟས་ན་དེ་ནི་རང་བཀུར་མེད་པའི་རྟགས་ཡིན་ལ་རང་བཞིན་དྲང་བའི་རྟགས་ཀྱང་ཡིན། དེ་ལྟ་བུའི་སེམས་ཁམས་དེ་ནི་ང་ཚོའི་སློབ་གསོས་བཟོས་པ་ཞིག་རེད། རྗེས་སུ་ཁོ་བོས་ཁོ་མོའི་རང་བཀུར་གྱི་བསམ་བློ་སྐྱེད་སྲིང་དང་རང་བཞིན་དྲང་བའི་གཤིས་ཀ་ལ་བསྟོད་པ་ཡང་ཡང་བྱས་པ་ན། མོ་རང་རིམ་བཞིན་དུ་འཛིན་གྲྭ་དེའི་རྒྱུགས་འབྲས་བཟང་བོའི་གྲས་སུ་ཚུད་བྱུང་། དེ་བས་སློབ་མའི་རང་བཀུར་གྱི་བསམ་བློ་ནི་སློབ་མ་བཟང་བོ་ཞིག་ཏུ་འགྱུར་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ།  སློབ་མའི་རང་བཀུར་གྱི་བསམ་བློ་གསོ་སྐྱོང་བྱ་རྒྱུ་དེ་དགེ་རྒན་ལ་ཐུག་ཡོད་པས། སློབ་གསོ་པ་ཞིག་གིས་འཇིག་རྟེན་ན་དགེ་རྒན་ཐ་ཤལ་ཡོད་པ་ལས། སློབ་མ་ཐ་ཤལ་ཞིག་མེད་ཅེས་གསུངས་མྱོང་།  སློབ་མ་ཞིག་ཡིན་ནའང་འདྲ་ལ། མི་རང་ག་བ་ཞིག་ཡིན་ནའང་འདྲ། མ་མཐར་རང་ལ་ངོས་ཟིན་ཡང་དག་པ་ཞིག་ཡོད་དགོས་པར་སྟོན་པ་ཤཱཀྱ་ཐུབ་པས༼    རང་ཉིད་རང་གི་དགྲ་ཡིན་ཞིང་། ། བདག་ཉིད་བདག་གི་མགོན་ཡང་ཡིན   ༽   ཞེས་གསུངས་པ་བཞིན་ཚིག་དོན་འདིར་ངོས་ཟིན་ཟབ་མོ་ལེན་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །