ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

བོད་ཀྱི་སྐད་ཆའི་འཕེལ་འགྱུར།

སྤེལ་དུས 2012-04-20 ཡོང་ཁུངས། བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་འབྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ། རྩོམ་པ་པོ། ཚེ་རྡོར།

      བོད་ཀྱི་ཡུལ་འདིར་མིའི་འགྲོ་བ་མ་བྱུང་བའི་གོང་རོལ་ཏུ་རི་ལུང་ཐམས་ཅད་ཆུས་གང་ནས་ཡོད་པ་ལ། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་ཕྱེ་ནས། རུ་བཞི་ཆུ་ཡིས་གང་བ་དེ་རུ་འཐིམས། ཆུ་གཞན་དག་ཀྱང་དེ་ལྟར་འཐིམས་པ་ཡིས། བོད་ཁམས་ཡུལ་གྱི་རྣམ་པ་གསལ་བར་དོད། ཅེས་པ་ལྟར། དེ་ཡང་སྟོད་མངའ་རིས་ཀྱི་ཆ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲིའུའི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲིའུ་དང་བྲག་སྲིན་གྱི་ཡུལ་དུ་གྱུར་ཅིང་། སྤྲ་དང་སྤྲིའུ་འདུས་པ་ལས་ཡུལ་འདིར་མིའི་འགྲོ་བ་ཐོག་མར་འཕེལ་བ་ནི་སྔ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། རུ་པ་ཏི་འཁོར་དང་བཅས་པ་གཡུལ་ཕམ་ནས་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལ་བོད་ཅེས་གྲགས་པར་གསུངས་པ་ནི། གཉུག་མར་གནས་པའི་སྤྲ་དང་སྤྲིའུའི་རྒྱུད་ལས་བྱུང་བའི་བོད་མིའི་སྟེང་དུ་ཡུལ་གཞན་ལས་འཕོས་པའི་རིགས་དུ་མ་འདུས་པའང་ཡོད་སྲིད་ཀྱང་གཏམ་དེ་ཤིན་ཏུ་འཕྱིའོ། དེ་ལྟར་ཡུལ་འདིར་བོད་མིའི་འགྲོ་བ་ཐོག་མར་བྱུང་བ་ནས། དུས་ཡུན་རིང་པོའི་འཚོ་བ་དང་ཐོན་སྐྱེད་འཐབ་རྩོད་ཁྲོད་དུ་ཕན་ཚུན་འབྲེལ་གཏུག་དང་བསམ་པ་བརྗེ་རེས་ཀྱི་དགོས་དབང་གིས། བོད་མི་ཐུན་མོང་གི་རིག་འཕྲུལ་ལས་བོད་ཀྱི་ཡུལ་ཁམས་སྤྱིས་སྤྱོད་པའི་བོད་ཀྱི་སྐད་ཆ་འདི་རིམ་གྱིས་བྱུང་ཞིང་། ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་ལོ་རྒྱུས་ཀྱི་དུས་རིམ་ནང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བོད་ཀྱི་སྐད་ཆ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དུས་ཁག་མི་འདྲ་བའི་ནང་དུ་སྐད་ཆའི་ཁྱད་ཆོས་ཀྱང་མི་འདྲ་བ་ཡོད་པ་ཤིན་ཏུ་ལྐོག་གྱུར་གྱི་གནས་སུ་གྱུར་པ་ཐམས་ཅད་དཔྱད་དཀའ་མོད། འདིར་སྔོན་གྱི་ཡིག་རྙིང་དང་རྡོ་རིང་ཡི་གེ་བོད་བྱིངས་ཀྱི་སྐད་ཆའི་ཁྱད་ཆོས་ལ་བརྟགས་ཏེ་རགས་ཙམ་སྤྲོ་བར་བྱའོ།།