ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

༄༅།། བོད་ཀྱི་ཡི་གེ་ལ་བཀས་བཅད་བཞི་པ་བྱེད་དགོས་པའི་སྐོར་གྱི་བསམ་གཞིགས་ཕྲན་བུ།

སྤེལ་དུས 2007-12-26 ཡོང་ཁུངས། ༢༠༠༢ལོའི་༼བོད་ལྗོངས་ཞིབ་འཇུག༽དེབ་གསུམ་པ་ལས་བདམས། རྩོམ་པ་པོ། ཤེས་རབ་བསྟན་དར། གཙང་ལྐུགས་ལྷ་ཚེ་རིང་ནས་ཞུས།

    ལོ་རྒྱུས་སྟེང་བོད་ཀྱི་རིག་གནས་ལ་བཀས་བཅད་ཐེངས་གསུམ་བྱས་མྱོང་བ་རེད། བཀས་བཅད་གསུམ་གྱི་གནས་ཚུལ་དེ་ནི་བོད་ཀྱི་རིག་གནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པའི་མཆོན་རྟགས་ཤིག་སྟེ་རིག་གནས་ཤིག་དར་རྒྱས་སུ་འགྲོ་བའི་དུས་ཡུན་ནང་བརྡ་ཆད་གཅིག་འགྱུར་དང་འགྱུར་ཡིག་གཅིག་འགྱུར། སྐད་ཡིག་གཅིག་འགྱུར་བྱེད་པ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། ཉེ་བའི་ལོ་འགའི་ནང་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་སྔོན་ཐོན་མི་རིགས་གཞན་གྱི་ལེགས་ཆ་ཚུར་ལེན་དང་། གསར་འགྱུར་རླུང་འཕྲིན་སོགས་གང་ཐད་ནས་རྒྱ་རིགས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པས་ང་ཚོའི་ཤེས་རིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། འོན་ཀྱང་དེ་དང་ཆབས་ཅིག་ཐག་གཅོད་དགོས་པའི་གནད་དོན་ཡང་མི་ཉུང་བ་ཞིག་འདུག་ན། ངས་ཆེད་དུ་བོད་ཀྱི་ཡི་གེ་ལ་བཀས་བཅད་ཐེངས་བཞི་པ་བྱེད་དགོས་པའི་སྐོར་གཟུར་གནས་མཁས་པ་དང་དཔོན་རིགས། སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་བཅས་ལ་དཔྱད་གཞིར་འབུལ་རྒྱུ་ཡིན་པས་ཚང་མས་ཐུགས་བསམ་བཞེས་རོགས་འཚལ།

གཅིག བཀས་བཅད་བཞི་པ་བྱེད་དགོས་ཚུལ།

  བཀས་བཅད་བྱེད་དགོས་པའི་རྒྱུ་རྐྱེན་ནི་ཕྱོགས་ཡོངས་ནས་རིག་གནས་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་གཞན་ཞིག་ནས་གླེང་ན་བོད་ཀྱི་སྐད་ཡིག་ཉམས་དམས་སམ་ཡ་མ་བརླར་འགྱུར་བའི་སྔོན་འགོག་གི་ནུས་པའང་ཡོད་པ་རེད། དེ་ཡང་ཡིན་ཏེ་མི་རིགས་དེ་དར་རྒྱས་སམ་ཉམས་དམས་སུ་འགྲོ་མིན་ནི་སྐད་ཡིག་གི་དར་རྒྱས་དང་འབྲེལ་བས་ང་ཚོའི་སྐད་ཡིག་ལ་བཀས་བཅད་བཞི་པ་བྱེད་པ་ནི་མི་རིགས་འདི་ཡུན་དུ་གནས་མིན་གྱི་གནད་དོན་ཞིག་ཡིན་པ་འདི་ཚང་མས་སྔོན་དུ་ཤེས་དགོས་པ་ཡིན། མིག་སྔའི་གནས་ཚུལ་ལ་བལྟས་ན་བཀས་བཅད་བཞི་པ་བྱེད་དགོས་པ་དེ་ཕྱོགས་འགའ་ནས་མངོན་ཡོང་བ་འདི་ལྟར་ཏེ།

  1. སྤྱི་ཚོགས་གསར་པ་དབུ་བཪྙེས་པ་དང་ཁྱད་པར་མི་རིགས་རང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་པ་ནས་བོད་ཀྱི་ས་ཆ་སོ་སོར་བོད་ཡིག་གི་ཚགས་པར་དང་། དུས་དེབ། རླུང་འཕྲིན། བཪྙན་འཕྲིན། གློག་བཪྙན་སོགས་གང་མང་བྱུང་ཞིང་དེ་ཡང་རང་གི་ས་གནས་ཀྱི་མི་དམངས་ཀྱིས་གོ་བརྡ་འཕྲོད་པའི་དགོས་མཁོ་དེ་དམིགས་སུ་བཟུང་བས་ཡིག་ཐོག་ཏུ་ཕལ་སྐད་གང་མང་བྱུང་སྟེ་དབུས་གཙང་བས་བྲིས་པ་ཨ་མདོ་བས་མི་གོ་བ་དང་ཨ་མདོ་བས་བྲིས་པ་དབུས་གཙང་བས་མི་གོ་བའི་གནས་ཚུལ་བྱུང་ནས་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་སྐྱེ་བོ་ཚང་མས་གོ་བའི་ཡིག་ཐོག་གི་ནུས་པ་ཇེ་ཞན་དུ་སོང་བས་ན་འབྱུང་འགྱུར་དབུས་གཙང་གི་ཡི་གེ་དང་ཨ་མདོའི་ཡི་གེ་ཞེས་པ་ཞིག་མི་འབྱུང་བ་ངེས་པ་མེད།

  2. ཉེ་བའི་ལོ་འདི་དག་གི་རིང་ཡིག་སྒྱུར་གྱི་རྦ་རླབས་ཆེན་པོ་འཕྱུར་ནའང་རང་གི་ཐ་སྙད་སྔོག་འདོན་བྱ་རྒྱུ་མ་འདང་བར་ཡོད་ཚད་གསར་སྒྱུར་བྱས་པས་མིང་ཚིག་གསར་པ་སྐོར་ཞིག་ཐོན་པ་དང་གཅིག ལས་རིགས་སོ་སོའི་སྒྱུར་སྟངས་ཀྱི་ཐད་ནས་ཐད་སྒྱུར་ཤས་ཆེ་བས་གྱོང་ཞིང་མི་བདེ་ལ་གོ་བ་ལོན་དཀའ་བའི་མིང་བརྡ་ཡ་མཚན་སྐོར་ཞིག་ཐོན་པ་དང་གཉིས། བརྡ་དག་གི་ཐད་ནས་མི་རིགས་གཞན་པའི་གོམས་སྲོལ་བཞིན་སྤྱད་དེ་བོད་སྐད་ཀྱི་ཆོས་ཉིད་དང་མི་མཐུན་པ་དང་གསུམ། གཅིག་གྱུར་གྱི་འགྱུར་སྟངས་མེད་པས་ལོ་ཙཱ་བ་དག་གིས་རང་འདོད་བཞིན་བསྒྱུར་ཏེ་རྒྱ་ཡིག་གི་མིང་བརྡ་གཅིག་ལ་འགྱུར་མི་འདྲ་བ་དུ་མ་བྱུང་བ་སོགས་འདི་དག་ཐག་གཅོད་མ་བྱས་ན་བོད་ཀྱི་སྐད་ཡིག་འདི་ག་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཚང་མས་མཁྱེན་གསལ་ལགས།

  3. སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་འབྲེལ་འདྲིས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་དངོས་པོ་གསར་པ་དག་ལ་མིང་འདོགས་མ་ཐུབ་པའམ་ཡང་ན་སྣང་མེད་ཀྱིས་མི་རིགས་གཞན་པའི་ཐ་སྙད་གཡར་རྐྱང་བྱས་པས་རང་རེའི་སྐད་དུ་མི་རིགས་གཞན་པའི་ཐ་སྙད་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་མུར་ལུས་ཚེ་སྐད་ཡིག་འདི་ར་མིན་ལུག་མིན་དུ་འགྱུར་ཉེན་ཡོད་པ་བཅས། གནས་ཚུལ་འདི་དག་ལ་བལྟས་ན་བོད་ཀྱི་ཡི་གེ་ལ་བཀས་བཅད་བཞི་པ་བྱེད་པ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་ཞིང་འདི་ལས་བོད་ཀྱི་རིག་གནས་དང་ཆབ་སྲིད་དཔལ་འབྱོར་བཅས་ལ་ཕན་ནུས་ངེས་ཅན་ཞིག་འདོན་སྲིད་པ་ནི་མར་ལེ་རིང་ལུགས་ཀྱི་རྩོད་སྒྲུབ་རིག་པ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ར་འཕྲོད་བྱུང་ཡོད། 

གཉིས། བཀས་བཅད་གསུམ་གྱི་ཉམས་མྱོང་ལ་བལྟ་བ།

  བཀས་བཅད་ཅེས་པའི་དོན་ནི་སྐབས་དེའི་ལོ་ཙཱ་བ་དང་མཁས་པ་དག་གིས་བརྡ་གསར་ཪྙིང་དང་། སྒྱུར་ཡིག་གི་མིང་བརྡ་བཀོལ་ཚུལ། གསུང་རབ་སྒྱུར་སྟངས་ཀྱི་ལམ་ལུགས་སྣ་ཚོགས་ལེགས་སྒྲིག་ཞུན་བརྡར་གྱིས་གཏན་ལ་ཕབ་ནས་དེ་ལག་བསྟར་བྱེད་དགོས་པ་རྒྱལ་པོའི་བཀས་ཐག་བཅད་དེ་ཁྲིམས་ཐོག་ནས་རྒྱབ་སྐྱོར་བྱས་པ་ལ་ཟེར། ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ལ་བཀས་བཅད་ཐེངས་གསུམ་བྱས་པ་རེད། ཚད་ལྡན་གྱི་ཡིག་ཆ་ལྟར་ན་བཀས་བཅད་དང་པོ་སྲོང་བཙན་ནས་ཁྲི་སྲོང་ལྡེའུ་བཙན་བར་དང་། བཀས་བཅད་གཉིས་པ་ཁྲི་རལ་པ་ཅན། གསུམ་པ་ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་བྱས་པ་རེད། སྲོང་བཙན་སྔོན་དུ་བོད་ཡིག་མེད་པས་བཀས་བཅད་ཅེས་པའི་ཐ་སྙད་མེད་ཅིང་སྲོང་བཙན་གྱི་དུས་སུ་བོད་ཡིག་གསར་གཏོད་བྱས་པ་ནས་བཀས་བཅད་བྱེད་དགོས་པའི་རྒྱུ་རྐྱེན་འདི་དག་ལ་ཐུག་སྟེ།

  1. བོད་ཡིག་གསར་དུ་བརྩམས་མ་ཐག་ཡིན་པས་བསྟན་བཅོས་ཀྱི་བརྡ་སྐད་གཞན་མེད་པས་ཡུལ་སྐད་དང་མི་བསྟུན་ཀ་མེད་ཡིན་པ་བཞིན་ལོ་ཙཱ་བ་དག་གིས་རང་རང་གི་ཡུལ་སྐད་དང་བསྟུན་ཏེ་བསྒྱུར་བས་འགྱུར་མི་འདྲ་བ་དུ་མ་བྱུང་བ།

  2. སངས་རྒྱས་ཆོས་ལུགས་བོད་ལ་གསར་དུ་དར་བས་བརྡ་ཆད་དག་ལ་གཅིག་མཐུན་གྱི་སྐད་དོད་མེད་ཕྱིར་ལོ་ཙཱ་བ་དག་གིས་རང་གི་ཞེ་འདོད་བཞིན་བརྡ་ཆད་བཟོ་བས་བརྡ་ཆད་མི་འདྲ་བ་དུ་མ་བྱུང་བ།

  3. བཀས་བཅད་དང་པོ་དང་གཉིས་པར་མཚོན་ན་བརྡ་སྤྲོད་གྱི་ལག་ལེན་ཡོངས་ཁྱབ་ཏུ་སྤྱོད་མ་ནུས་པས་བརྡ་སྤྲོད་ཀྱི་ལུགས་དང་མི་མཐུན་པ་མང་དུ་བྱུང་བ།

  4. ཡི་གེ་འབྲི་སྲོལ་དར་ནས་ཡུན་རིང་པོ་མ་སོང་བས་ཡིག་གཟུགས་འབྲི་སྟངས་སྟབས་མི་བདེ་བ་གང་མང་ཞིག་ཡོད་པ་བཅས་རེད། དེའི་ཕྱིར། གལ་ལ་ཐུག་པའི་གནད་དོན་དེ་ཐག་གཅོད་པར་བཀས་བཅད་ཀྱི་ལམ་ལུགས་གཏན་ལ་ཕབ་ཅིང་དེ་ཆབ་སྲིད་ཀྱི་ཐད་ནས་གནད་འགག་གཅིག་ཏུ་བརྩིས་ཏེ། རྩ་འཛུགས་དང་འགྲོ་སོང་བཅས་མཐུན་རྐྱེན་ཚང་མ་སྲིད་གཞུང་གིས་བཏང་ནས་ལག་ལེན་མཐའ་རུ་ཕྱིན་པར་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་བས་པས་བ་བ་དེ་བདེ་བླག་ངང་གྲུབ་སྟེ་ཆབ་སྲིད་བརྟན་བརླིང་དང་དཔལ་འབྱོར་དར་སྤེལ། རིག་གནས་ཡར་རྒྱས་འགྲོ་བ་བཅས་ལ་ཕན་ནུས་དགེ་མཚན་ལྡན་པ་ཐོན་པ་རེད། འོ་ན་བཀས་བཅད་དེ་ཇི་ལྟར་བྱས་པ་ཡིན་ཟེར་ན།

  1. བོད་ཡིག་གསར་དུ་བརྩམས་ནས་འགྱུར་མང་པོ་མེད་དུས་ལོ་ཙཱ་བས་གསུང་རབ་ཅིག་བསྒྱུར་བར་མཁས་པ་དང་ལོ་ཙཱ་བ་མང་པོས་དཔྱད་བསྡུར་གྱིས་མིང་ཚིག་དང་བརྡ་ཆད་གང་མང་གཏན་ལ་ཕབ་ནས་སླད་མར་འགྱུར་ཡིག་དང་ཡི་གེ་འབྲི་སྲོལ་གྱི་མ་དཔེར་འཛིན་པའི་བཀས་བཅད་བྱས་པ་འདི་ནི་འགྱུར་ཡིག་མི་འདྲ་བ་ལས་བྱུང་བའི་ཪྙོག་འཛིང་སྔོན་འགོག་དང་མིང་བརྡའི་མིང་གཞི་ཇེ་བརྟན་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་པའི་བྱེད་ཐབས་ཆེས་སྟབས་བདེ་ཞིག་ཡིན།

  2. དེ་རྗེས་ལོ་ཙཱ་བ་དང་རྩོམ་པ་པོ་ཇེ་མང་དུ་སོང་ཞིང་འགྱུར་ཡིག་གམ་རང་གིས་བྲིས་པའི་བསྟན་བཅོས་སོགས་སུ་ཡུལ་སྐད་དང་བརྡ་ཪྙིང་། འགྱུར་ཚིག་མི་འདྲ་བ་མང་དུ་བྱུང་བས་ལོ་ཙཱ་བ་མང་པོ་འདུས་ཏེ་འབྲི་སྟངས་དང་། མིང་བརྡ་མི་འདྲ་བ་དུ་མ་ཡོད་པ་ལས་འདི་འཐད་ཅེས་གཏན་ལ་ཕབ་སྟེ་བཀས་བཅད་པ་རེད།

  3. སྐབས་དེར་རྒྱལ་པོས་ཁྲིམས་ཐོག་ནས་བཀས་བཅད་པ་དེ་ནི་ལོ་ཙཱ་བ་འགའ་རེས་བཀས་བཅད་ལྟར་ལག་ལེན་མ་བས་པར་སྐད་ཡིག་གཅིག་གྱུར་ལ་བར་ཆད་བཟོ་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ནོ།
གསུམ། བཀས་བཅད་བཞི་པ་ཇི་ལྟར་བྱེད་དགོས་པ།

  ང་ཚོས་བཀས་བཅད་བཞི་པ་བྱེད་དགོས་ན་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཤེས་གསལ་ལྟར་ཆབ་སྲིད་དང་དཔལ་འབྱོར་ཁྲིམས་ལུགས་བཅས་ཀྱི་རྒྱབ་སྐྱོར་ངེས་ཅན་དགོས་པའི་ཁར་ད་དུང་ཤེས་ཡོན་ཅན་གྱི་དཔུང་ཁག་ཆེན་པོ་ཞིག་དགོས་པས་བ་བ་འདི་ནི་དཀའ་ངལ་ཆེ་བ་ཞིག་ཡིན་པ་སྨོས་མ་དགོས། དེ་ལྟ་ནའང་གྲུབ་འབྲས་ཐོན་པའི་བ་བ་གཉེར་སྟངས་ནི་ཆུང་ས་ནས་འགོ་བརྩམས་ཏེ་རིམ་བཞིན་གོམ་སྟབས་ཇེ་མགྱོགས་སུ་བཏང་ན་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་འགྲོ་བས་གོ་རིམ་འདི་ལྟར་སྒྲུབ་ན་བཟང་སྙམ་སྟེ།

ཀ། སྔོན་དུ་སྒྲུབ་དགོས་པའི་གནད་དོན།

   བོད་ཀྱི་ཡི་གེ་ལ་བཀས་བཅད་བཞི་པ་བྱེད་པ་ལ་ཐོག་མར་བོད་ཀྱི་སྐད་ཡིག་གཅིག་གྱུར་བེད་སྤྱོད་གཏོང་བའི་སྒྲིག་སྲོལ་གཏན་ལ་འབེབས་དགོས་ཏེ།

        1. བོད་ཁུལ་གྱི་དཔེ་སྐྲུན་ཁང་ལྷན་འཛོམས་ཀྱིས་དཔེ་ཆ་རྩོམ་སྒྲིག་བྱེད་སྟངས་དང་བརྡ་དག་བེད་སྤྱོད་གཏོང་སྟངས་ལ་གྲོས་ཟིན་བཀོད་དེ་འགྲེམས་སྤེལ་གྱིས་བོད་ཀྱི་མཁས་པ་དག་གི་བསམ་འཆར་བསྡུ་ལེན་དང་བཟོ་བཅོས་ཁ་སྣོན་བས་ཏེ་གཏན་ལ་ཕབ་ནས་བོད་ཡོངས་ཀྱིས་བེད་སྤྱོད་གཏོང་རྒྱུ།

  2. བོད་ཡོངས་ཀྱི་གསར་ཤོག་དང་དུས་དེབ། རྒྱང་བསྒྲགས་ཁང་། གློག་བཪྙན་བཪྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་ཡུལ་སྐད་བེད་སྤྱོད་གཏོང་བའི་གནས་ཚུལ་བསྐྱུར་ཏེ་བོད་ཀྱི་ཡིག་ཐོག་གི་སྤྱི་སྐད་བེད་སྤྱོད་གཏོང་རྒྱུ།

  3. བོད་ཡོངས་ཀྱི་སློབ་དེབ་རྩོམ་སྒྱུར་ཁང་གིས་མིག་སྔའི་ཡུལ་སྐད་བེད་སྤྱོད་བས་པའི་སློབ་དེབ་དག་བེད་སྤྱོད་གཏོང་མཚམས་བཞག་ནས་སྤྱི་སྐད་ཀྱི་སློབ་དེབ་རྩོམ་སྒྲིག་བྱེད་རྒྱུ། ངའི་བསམ་ཚུལ་ལ་ཚན་པ་དང་པོ་དེ་བསྒྲུབས་ན་བོད་ཀྱི་དཔེ་སྐྲུན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཐུབ་ལ་ཕྱི་མ་གཉིས་བསྒྲུབས་པ་བརྒྱུད་ཡིག་ཐོག་ནས་ཕལ་སྐད་ཐོན་པའི་གནས་བབ་སྡུག་པོ་སྟེ་ཨ་མདོ་བས་བྲིས་པ་དབུས་གཙང་བས་མི་གོ་ཞིང་དརྗས་གཙང་བས་བྲིས་པ་ཨ་མདོ་བས་མི་གོ་བའི་ཉེན་ཁ་དེ་སེལ་ཐུབ་རྒྱུ་རེད།

ཁ། བོད་ཀྱི་སྤྱི་སྐད་གཏན་ལ་འབེབས་དགོས།

  བཀས་བཅད་བཞི་པ་བྱེད་པའི་ནང་གནད་དོན་གལ་ཆེན་ཞིག་ཡོད་པ་ནི་སྤྱི་སྐད་གཏན་ལ་འབེབས་རྒྱུ་དེ་ཡིན། དེ་ཡང་ས་གནས་སོ་སོ་བས་ཏེ་ཕྱོགས་རིས་དང་རྩོད་གླེང་བྱེད་དོན་ཅི་ཡང་མེད་པར་གཤམ་གསལ་གྱི་དོན་འདི་དག་རྨང་གཞིར་འཛིན་དགོས་ཏེ།

  1 སྤྱི་སྐད་གཏན་ལ་འབེབས་པ་ནི་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་སྐྱེ་བོ་སུས་བལྟས་ཀྱང་གོ་བའི་ཡིག་ཐོག་གི་སྐད་ཆ་སྟེ་ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་དེ་མཁས་པ་སོ་སོའི་བློ་གྲོས་ཀྱི་ཉིང་བཅུད་འཛོམས་ཤིང་ཚན་རིག་གི་རང་བཞིན་ལྡན་པའི་སྐད་ཆ་དེ་བེད་སྤྱོད་བྱེད་པ་ནི་སྒ་ཁུར་རྟ་ལ་བབས་པའི་ལས་ཏེ་སྔོན་ཆད་སྐད་ཆ་ལ་བརྟེན་ནས་ཡི་གེ་བཟོས་པ་ཡིན་མོད་ད་ནི་ཡི་གེས་སྐད་ཆ་ལ་སྣེ་ཁྲིད་བྱེད་དགོས། དེ་བས། སྤྱི་སྐད་གཏན་ལ་འབེབས་དུས་ཡིག་ཐོག་གི་སྐད་ཆར་གཞི་འཛིན་བྱེད་པ་ལས་ཡུལ་སྐད་དག་ཅི་ཡང་སྤྱོད་མི་རུང་།

  2. སྤྱི་སྐད་ཀྱི་སྒྲ་གདངས་གཏན་ལ་འབེབས་པ། འདིར་ཆེས་གལ་ཆེ་བ་ནི་སྤྱི་སྐད་ཀྱི་སྒྲ་གདངས་འབེབས་པ་དེ་ཡིན་ལ་དེ་ནི་ཆེས་ཪྙོག་འཛིང་ཆེ་བའི་བྱ་བ་ཞིག་ཡིན་པས་ང་ཚོས་ཕྱོགས་ཞེན་དང་མཁྲེགས་འཛིན་མེད་པར་བོད་ཡོངས་ཀྱི་སྐད་གདངས་དག་སྒྲར་ཕབ་ནས་བརྟག་དཔྱད་ཞིབ་འཇུག་བས་ཏེ་གང་ཞིག་སུམ་རྟགས་དང་མཐུན་པ་དང་གང་ཞིག་ལ་སྔོན་རྗེས་དང་བརྩེགས་མའི་གདངས་ཐོན་པ། སྙན་ཞིང་འཇེབས་པའི་དབྱངས་འགྲོས་དང་ལྡན་པ་དེར་ངེས་བཟུང་བྱེད་དགོས་པ་ལས་ཧོད་རྒྱུགས་དང་བྲེལ་འཚུབ་གཏན་ནས་བྱེད་མི་རུང་།

  3. བོད་ཀྱི་སྤྱི་འགྲོས་སྒྲ་གདངས་གཏན་ལ་འབེབས་དུས་སྤྱི་སྐད་གཏན་ལ་འབེབས་པའི་ཚོགས་ཆུང་ངམ་ཚོགས་འདུ་སྐོང་ཚོགས་ཀྱིས་གྲོས་ཆོད་བཞག་སྟེ་ས་གནས་སོ་སོ་ནས་སྒྲ་གདངས་དག་སྒྲར་ཕབ་སྟེ་ཆོལ་ཁ་གསུམ་གྱི་མཁས་པ་མང་པོ་བསྡུས་ནས་དཔྱད་བསྡུར་གྱིས་གཏན་ལ་འབེབས་དགོས།

  4. སྐད་གདངས་གཏན་ལ་ཕབ་རྗེས། ཐོག་མར་ཆོལ་ཁ་གསུམ་གྱི་རླུང་འཕྲིན་དང་བཪྙན་འཕྲིན་གྱི་གསར་འགྱུར་སྤྱི་སྐད་སྤྱོད་དགོས་ཤིང་དེ་ནས་བཪྙན་འཕྲིན་དང་གློག་བཪྙན་སྤྱི་སྐད་ཀྱིས་ཕབ་སྒྱུར་དང་དེའི་སྒྲ་ཐག་མང་པོ་འགྲེམས་སྤེལ་དང་སློབ་གྲྭ་སོ་སོའམ་སྤྱི་ཚོགས་སྟེང་དུ་སྤྱི་སྐད་ཀྱི་སློབ་སྦྱོང་འཛིན་གྲྭ་དང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་དགོས།

 ག འགྱུར་ཡིག་དང་བརྡ་ཆད་བཀས་བཅད་བྱེད་ཚུལ།

  འགྱུར་ཡིག་གཅིག་གྱུར་དང་བརྡ་ཆད་བཀས་བཅད་བྱེད་རྒྱུ་ནི་བོད་ཀྱི་སྐད་ཡིག་ཡོད་པ་དར་སྤེལ་དང་མེད་པ་ཁ་སྐོང་གིས་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་གཏོང་བའི་བྱ་བ་གལ་ཆེན་ཞིག་རེད། དེ་ཡང་ཕྱོགས་འདི་དག་ནས་སྒྲུབ་དགོས་ཏེ།

  ང་ཚོས་འགྱུར་ཡིག་དང་བརྡ་ཆད་གཅིག་གྱུར་ཐད་ཐོག་མཐའ་བར་གསུམ་དུ་བཀས་བཅད་ཀྱི་ཉམས་མྱོང་དེ་གཙོ་བོར་འཛིན་དགོས། དེ་བས། ། ལོ་ཙཱ་བ་དང་མཁས་པ་དག་ལྷན་འཛོམས་ཀྱིས་《ཆུ་ངོགས་གཏམ་རྒྱུད་》ལྟ་བུ་འགྱུར་གཞུང་གི་མིང་བརྡ་འགྱུར་ཚུལ་དང་དེ་བཞིན་ཆབ་སྲིད་དང་རྒྱུན་བཀོལ་ལས་རིགས་སོ་སོའི་མིང་དང་བཅས་བརྡ་དག་ཤན་སྦྱར་གྱིས་ཟིན་བྲིས་སུ་བཀོད་ནས་འགྲེམས་སྤེལ་གྱིས་བསམ་འཆར་བསྡུ་ལེན་བྱས་ཏེ་གཏན་ལ་ཕབ་ནས་འགྱུར་ཡིག་གི་རྨང་གཞི་བསྐྲུན་དགོས།

       2. ད་ཡོད་ཀྱི་འགྱུར་མི་འདྲ་བ་དག་དང་ཐ་ན་མང་ཚོགས་ཀྱི་ངག་ཏུ་ཡོད་པ་དག་ཀྱང་སོ་སོར་བསྡུས་ཏེ་ཞིབ་བཤེར་གྱིས་གཏན་ལ་ཕབ་པའི་ཟིན་བྲིས་སུ་བཀོད་དེ་འགྲེམས་སྤེལ་བྱས་ནས་བསམ་འཆར་བསྡུ་ལེན་གྱིས་ཁ་སྐོང་ལེགས་བཅོས་བ་དགོས།

      3. སྔར་བོད་དུ་མ་ཐོན་པའི་བརྡ་ཆད་དག་ཕབ་སྒྱུར་དང་རྩོམ་སྒྲིག་བྱས་ཏེ་དར་སྤེལ་གཏོང་བ་དང་དུས་མཉམ་དུ་བོད་ཡོངས་སུ་བེད་སྤྱོད་གཏོང་དགོས་ཤིང་དེ་ཡང་སྔ་མ་གཉིས་ཀྱི་གོ་རིམ་དེ་བརྒྱུད་དགོས།

      4. འགྱུར་ཡིག་གཏན་ལ་འབེབས་དུས་བོད་ཀྱི་ཐ་སྙད་སྔོག་འདོན་གྱི་བྱ་བ་གལ་ཆེར་འཛིན་དགོས་པའི་ཁར་ཡིག་ཐོག་ཏུ་མེད་པར་ཁ་སྐད་དུ་ཡོད་པ་དག་ཀྱང་དཔྱད་བསྡུར་གྱིས་འགྱུར་ཡིག་གི་ཐད་ལ་བཀོལ་སྤྱོད་བྱེད་དགོས།

      5. མིག་སྔར་དཔར་དུ་བསྐྲུན་པའི་《རྒྱ་བོད་ཤན་སྦྱར་》གྱི་མིང་མཛོད་དག་ལའང་སྐད་ཡིག་སྔོག་འདོན་གྱི་བ་ཐབས་སྤྱད་དེ་བོད་ཀྱི་ཁྱད་ཆོས་དང་མཐུན་པར་ཁ་གསབ་དང་འདོར་ལེན་བྱེད་དགོས།

ང་། བཀས་བཅད་ལག་བསྟར་བྱེད་སྟངས།

  གོང་དུ་བཤད་པ་ལྟར་འགྱུར་ཡིག་གི་མ་ཟིན་དཔེ་སྐྲུན་གྱིས་བསམ་འཆར་བསྡུ་ལེན་བྱས་ཏེ་གཏན་ལ་ཕབ་རྗེས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་དཔེ་སྐྲུན་ཁང་དང་བཪྙན་འཕྲིན་ཁང་། ཡིག་སྒྱུར་ཁང་། གློག་བཪྙན་སྒྱུར་སྐྲུན་ཁང་། གསར་འགྱུར་ཁང་། རླུང་འཕྲིན་ཁང་བཅས་དང་། དེ་བཞིན་སློབ་གྲྭ་སོ་སོ་དང་དཔལ་འབྱོར་སྡེ་ཁག་བཅས་ཚང་མས་རྒྱབ་སྐྱོར་བྱེད་དགོས་པའི་གནད་དོན་ཞིག་ཡིན་ལ། བཀས་བཅད་གསུམ་གྱི་ཉམས་མྱོང་ལས་གཤམ་གསལ་གྱི་དོན་འདི་དག་སྒྲུབ་དགོས་པ་གལ་ཆེ་སྟེ།

      1. བཀས་བཅད་ཀྱི་མིང་བརྡ་དག་ཚིག་མཛོད་བཟོས་ནས་ཚང་མས་བེད་སྤྱོད་གཏོང་བདེ་པོ་དང་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས།

      2. བཀས་བཅད་བེད་སྤྱོད་གཏོང་སྟངས་དང་ལག་ལེན་གྱི་ཐད་ནས་ཇི་ལྟར་བེད་སྤྱོད་བྱེད་པའི་ཚད་གཞི་གཞུང་ལུགས་འཐུས་ཚང་ཞིག་འགྲེམས་སྤེལ་བྱས་ཏེ་དེའི་དོན་སྙིང་ཚང་མས་ཤེས་རྟོགས་ཐུབ་པ་བྱེད་དགོས།

      3. དུས་དེབ་ཁང་དང་། རླུང་འཕྲིན་ཁང་། ཡིག་སྒྱུར་
ཁང་། གློག་བཪྙན་སྒྱུར་སྐྲུན་ཁང་། བཪྙན་འཕྲིན་ཁང་། ཚགས་པར་ཁང་བཅས་ཀྱིས་གཅིག་གྱུར་དུ་བེད་སྤྱོད་བྱེད་དགོས།

      4. བཀས་བཅད་ལག་བསྟར་མི་བྱེད་པར་རྒྱབ་འགལ་བྱེད་མཁན་དང་ལྷག་པར་“བཀས་བཅད་ལག་བསྟར་སྡེ་ཁག་”གིས་བཀས་བཅད་དང་འགལ་ཚེ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས།

      5. བཀས་བཅད་ཀྱི་ཐད་ལ་མི་འཐད་པ་བྱུང་ཚེ་སྙན་ཞུ་བྲིས་ཏེ་འབྲེལ་ཡོད་སྡེ་ཁག་ལ་དཔྱད་གཞིར་ཕུལ་ནས་དཔྱད་བསྡུར་གྱིས་དགེ་མཚན་ལྡན་ཚེ་བཀས་བཅད་ཀྱི་ནང་དོན་ལ་བཟོ་བཅོས་བྱེད་རྒྱུ།

      6. བཀས་བཅད་ཚད་ལྡན་དུ་འགྲོ་བར་བགྲོ་གླེང་དང་བསམ་འཆར་བརྗེ་རེས་ཀྱི་ 《མཁས་བརྒྱ་འགྲན་གླེང་》གི་བདེན་པ་བརྡར་བའི་དུས་དེབ་ཅིག་བསྐྲུན་ཏེ་“བཀས་བཅད་”ལ་དཔྱད་བརྗོད་དང་ལེགས་བཅོས་ཀྱི་གྲོས་གཞི་འདོན་དགོས་པ་བཅས་སོ།

ཅ། བཀས་བཅད་ཀྱི་སྒྲིག་འཛུགས།

  བཀས་བཅད་བྱེད་པ་ལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཁྲིམས་ལུགས་བཅས་ཀྱི་སྒྲིག་འཛུགས་ངེས་ཅན་ཞིག་དགོས་པས་ཐོག་མར་ལྗོངས་དང་ཞིང་ཆེན་ལྔའི་བཀས་བཅད་ཀྱི་གྲོས་ཚོགས་བསྐོངས་ཏེ་སྦྱོར་དངོས་མཇུག་གསུམ་གྱི་སྒྲིག་འཛུགས་ཆ་ཚང་ཞིག་གཏན་ལ་ཕབ་ནས་ས་གནས་སོ་སོས་ལག་བསྟར་བྱེད་དགོས། ཁོ་བོའི་བསམ་པར་གཤམ་གསལ་གྱི་སྒྲིག་འཛུགས་འདི་དག་ངེས་པར་མཁོ་སྙམ་སྟེ།

  1. གྲ་སྒྲིག་གི་སྒྲིག་འཛུགས་ནི།

     ས་གནས་སོ་སོ་ནས་བཀས་བཅད་ཀྱི་སྔོན་འགྲོའི་བྱ་བ་འཆར་ཟིན་འཚོལ་སྡུད་སྒྲིག་གསུམ་བྱེད་མཁན་ཏེ་ས་གནས་སོ་སོའི་སྐད་ཡིག་སྡེ་ཁག་གི་རྨང་གཞི་ལས་གྲུབ་དགོས། དེ་དག་གི་བྱ་བ་ནི་བཀས་བཅད་ཀྱི་འཆར་ཟིན་གཏན་ལ་ཕབ་སྟེ་བཀས་བཅད་ཀྱི་སྦྱོར་བ་སྒྲུབ་དགོས།

  2. དངོས་གཞིའི་སྒྲིག་འཛུགས།

      བཀས་བཅད་ཀྱི་དངོས་གཞིའི་བྱ་བ་སྒྲུབ་མཁན་ཏེ་ཆོལ་ཁ་གསུམ་མམ་ལྗོངས་ཞིང་ལྔའི་མཁས་པ་དག་གིས་གྲ་སྒྲིག་སྒྲིག་འཛུགས་ཀྱིས་ཕུལ་བའི་འཆར་ཟིན་དག་ཞིབ་བསྡུར་དང་ལེགས་བཅོས་ཀྱིས་བཀས་བཅད་ཀྱི་དངོས་གཞིའི་བྱ་བ་སྒྲུབ་དགོས།

  3. མཇུག་གི་བྱ་བའི་སྒྲིག་འཛུགས།

     བཀས་བཅད་ཀྱི་དོན་ལ་ཞིབ་བཤེར་དང་མཐའ་དཔྱོད་གནང་མཁན་ཏེ་རྒྱ་ཡིག་མི་ཤེས་པའི་མཁས་པའམ་བོད་ཀྱི་ཤེས་རིག་ལ་མཁྱེན་པ་ཡངས་པའི་མཁས་པ་དག་གིས་གྲུབ་དགོས། འདིས་བཀས་བཅད་ཀྱི་དོན་བོད་སྐད་ཀྱི་ཆོས་ཉིད་དང་གོམས་སྲོལ་སོགས་དང་མཐུན་མིན། གོ་བ་ལོན་དཀའ་མིན་དང་བརྗོད་པ་བདེ་མིན་སོགས་ལ་དཔྱད་དེ་མཐའ་མཇུག་གི་བཀས་བཅད་ཆོག་མཆན་གནང་མཁན་ཡིན།

       4. ལྟ་སྐུལ་གྱི་སྒྲིག་འཛུགས།

       འདི་ནི་བཀས་བཅད་ལག་ལེན་ཐད་འགལ་རྐྱེན་བཟོ་བར་ཁྲིམས་ཐོག་ནས་ཐག་གཅོད་པ་སྟེ་བཀས་བཅད་མཐའ་རུ་ཕྱིན་པར་ཆེད་དུ་ནུས་པ་འདོན་པའི་འགན་ལེན་བྱེད་དགོས།

  5. ཐེབས་རྩའི་སྒྲིག་འཛུགས། བཀས་བཅད་ཀྱི་ཐད་ལ་འགྲོ་གྲོན་ངེས་ཅན་ཞིག་དགོས་པས་འདིས་གཞུང་སྒེར་ཐད་ནས་ཐེབས་རྩའི་མ་དངུལ་བསྡུས་ཏེ་ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་དཀའ་ངལ་མེད་པ་བཟོ་བའི་འགན་ལེན་བྱེད་དགོས།

  6. ལག་ལེན་གྱི་སྒྲིག་འཛུགས། དཔེ་སྐྲུན་ཁང་དང་། རླུང་འཕྲིན་ཁང་། བཪྙན་འཕྲིན་ཁང་། སློབ་གྲྭ་ཁག གསར་འགྱུར་ལས་རིགས་སོགས་བཀས་བཅད་ཀྱི་དོན་ལག་ལེན་བྱེད་པའི་ལས་རིགས་ཁག་སྟེ་འདི་དག་གིས་ལག་ལེན་གྱི་ཐད་ནས་ཁ་ཞེ་གཉིས་མེད་ཀྱིས་དམ་འཛིན་བྱེད་དགོས།

  མཇུག་གི་གཏམ།

  གོང་དུ་བཤད་པ་དག་ནི་གནས་ཚུལ་དངོས་ལ་ཞིབ་དཔྱོད་བྱས་ཏེ་དགོས་མེད་ཀྱི་ཚིག་ཉོག་དང་དཔེར་བརྗོད་ཀྱི་རྒྱས་སྤྲོས་མ་དགོས་པར་ཚིག་ཉུང་དོན་གསལ་གྱིས་བཀོད་པ་འདི་དཔྱོད་ལྡན་དག་གི་དཔྱད་གཞིར་ཕུལ་བ་ལགས་ན་གཟུར་གནས་དག་གིས་མཐའ་དཔྱོད་ཀྱིས་གནས་ཚུལ་དངོས་ལ་ཐུགས་བསམ་བཞེས་རོགས་ཞེས་སྙིང་ཐག་པ་ནས་ཞུའོ། །